སྤྱི་ཟླ་12པའི་ཚེས་2ཉིན། ཞིང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཨུའི་དྲིལ་བསྒྲགས་པུའུ། ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཨུའི་བོད་འབྲེལ་གཞུང་དོན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པའི“ངའི་བོད་སྐྱོར་གཏམ་རྒྱུད”ཅེས་པའི་སྒྲོག་འགྲེལ་བྱེད་སྒོ་མཛོད་དགེ་རྫོང་དུ་སྤེལ། ཐེངས་འདིའི་བྱེད་སྒོས་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་གྲུབ་འབྲས་ལེགས་པར་མཚོན་པར་མ་ཟད། བོད་སྐྱོར་ལས་བྱེད་པ་དང་བོད་རིགས་མང་ཚོགས་དབར་གྱི་བརྩེ་སེམས་ཟབ་མོའང་དར་སྤེལ་བཏང་ཡོད།
ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བོད་འབྲེལ་ལས་དོན་ཁྲུའུ་གཉིས་པའི་ཁྲུའུ་རིམ་པའི་ལས་བྱེད་པ་ཝང་ཞའོ་ཧེང་སྒྲོག་འགྲེལ་བྱེད་སྒོར་ཞུགས།
སྒྲོག་འགྲེལ་བྱེད་སྒོའི་ནང་ས་ཁུལ་དང་ལས་གནས་མི་འདྲ་བ་ནས་ཡོང་བའི་བོད་སྐྱོར་ལས་བྱེད་པ་དྲུག་གིས་ཁོ་ཚོའི་མི་སེམས་འགུལ་བའི་ཉམས་མྱོང་བརྗོད། ཀུང་ཞན་ཡན་གྱིས་ཛམ་ཐང་རྫོང་དུ་ལོ་མང་སློབ་སྐྱོར་བྱས་པ་དང་སློབ་ཁྲིད་བྱེད་སྟངས་སྣ་ཚོགས་གསར་གཏོད་བྱས་ནས་བྱིས་པ་རྣམས་ཀྱི་སེམས་པ་གསོ་བའི་ཕ་ལགས་སུ་གྱུར། དབྱང་ཧྥེ་ནི་ཕེང་ཀྲོའུ་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱི་ལས་བྱེད་པ་ཡིན་པའི་ཆ་ནས་ཁྲོ་ཆུ་རྫོང་དུ་རོང་འབྲོག་ཐོན་རྫས་ཐོན་ལས་ཅན་ལ་རོགས་སྐྱོར་བྱས་པ་དང་། ཝང་ཡན་གྱིས་ནང་མི་ཁྲིད་དེ་ལི་རྫོང་དུ་བསྐྱོད་དེ། ལས་དོན་གང་མང་དུ་ཞུགས་ནས་ཡུལ་དེའི་བདེ་འཇགས་ལ་སྲུང་སྐྱོང་བྱས། ལི་ཞ་ཡིས་ནན་ཁྲུང་གི་བོད་སྐྱོར་ལས་བྱེད་པ་ཝུན་ཁྲོན་དུ་གཞི་ཚུགས་པའི་སྐོར་གྱི་གཏམ་རྒྱུད་བརྗོད་པར་མ་ཟད། ས་གནས་གཉིས་ཀྱི་མཛའ་བརྩེ་དང་འཕེལ་རྒྱས་མཐོང་ལམ་དུ་མངོན། ཕེང་ཞའོ་མོང་གིས་ཏེ་དབྱང་ཧྥན་ཐེན་ཡུང་གི་བོད་སྐྱོར་སྨན་བཅོས་རུ་ཁག་གི་བྱས་རྗེས་བརྗོད་པ་དང་སྨན་བཅོས་རོགས་སྐྱོར་གྱི་ཕན་འབྲས་ལེགས་པར་མཚོན། ཀྲང་ཝུན་ཕིང་གིས་ཁྱུང་མཆུ་རྫོང་གུང་ཐང་གྲོང་སྡེར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
རྒྱུས་ལོན་པ་ལྟར་ན། བོད་སྐྱོར་ལས་དོན་སྤེལ་ཚུན་བོད་སྐྱོར་ལས་བྱེད་པ་མང་པོ་ཞིག་གིས་དཀའ་ངལ་ལ་མི་སྐྲག་པར་རི་ཀླུང་ཁྲི་སྟོང་བརྒལ་ནས་མཐོ་སྒང་ས་ཆར་བསྐྱོད། ཁོ་ཚོས་ཞུམ་པ་མེད་པའི་བློ་སྟོབས་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ལ་བརྟེན་ནས་སྨན་བཅོས་རོགས་སྐྱོར་དང་སློབ་གསོའི་རོགས་སྐྱོར། ཐོན་ལས་དར་རྒྱས། དབུལ་བྲལ་འགག་སྒྲོལ་སོགས་ཀྱི་ཐད་བྱས་རྗེས་བརྟན་པོ་བཞག་ནས། ས་གནས་དེ་གའི་མང་ཚོགས་དང་བློ་སེམས་གཅིག་མཐུན་གྱིས་བརྩེ་སེམས་ཟབ་མོ་བཅངས་ཏེ་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
མཛོད་དགེ་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་མེ་གསོད་རོགས་སྐྱོབ་ས་ཚིགས་ཀྱི་ཀྲེན་ཀྲང་གཞོན་པ་ཀྲའོ་ཝུའེ་ཁྲའོ་ཡིས་ད་ལོ་ནི་ཁ་གཏད་བོད་སྐྱོར་གྱི་ལོ་འཁོར་30དང་སི་ཁྲོན་ཞིང་ཆེན་གྱིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་འཁོར་12ལོན་པའི་དུས་སྐབས་ཞིག་རེད། བོད་སྐྱོར་ལས་བྱེད་པ་རྣམས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་ལ་ཉན་རྗེས་ཁོ་ཚོའི་སྤོབས་སེམས་དང་དམ་བཅའ་བརྟན་སྲུང་གི་བོད་སྐྱོར་སྙིང་སྟོབས་ཚོར་ཐུབ། མེ་གསོད་རོགས་སྐྱོར་མངགས་གཏོང་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་ཕྲག་ཐོག་ཏུ་འཁུར་བའི་འགན་འཁྲི་གསལ་པོ་ཤེས་ཀྱི་ཡོད་པས། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཚད་མཐོའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་བཅངས་ནས་འགན་འཁྲི་འཁུར་ཕོད་པ་དང་འགྲན་སློང་ལ་ཁ་གཏད་གཅོག་དགོས་ཞེས་བཤད།
མཛོད་དགེ་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཚེ་མཚོས་དེ་རིང་བོད་སྐྱོར་ལས་བྱེད་པ་རྣམས་ཀྱི་གཏམ་བཤད་ཉན་པའི་གོ་སྐབས་བྱུང་བས་དགའ་པོ་བྱུང་། ཁོ་ཚོའི་གཏམ་རྒྱུད་ལས་རང་ལ་སློབ་ཁྲིད་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་བྱེད་པར་སྐུལ་ལྕག་བྱས། ཁོ་ཚོའི་སྔོན་ཐོན་འདུ་ཤེས་དཔྱད་གཞིར་བཟུང་ནས་མི་རིགས་རིག་གནས་དང་དེང་རབས་སློབ་གསོ་མཉམ་འདྲེས་ལ་དོ་ཁུར་བྱས་ཏེ། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་འབད་པ་ཧུར་ལེན་བྱ་ངེས། ཁོ་ཚོའི་བྱས་རྗེས་འཇོག་པའི་སྙིང་སྟོབས་ཀྱིས་རང་ལ་ལས་གནས་བརྟན་སྲུང་དང་དཀའ་ངལ་ཁྱད་བསད་བྱས་ནས། མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་ནུས་ཤུགས་ཕུལ་བའི་སྐུལ་ལྕག་ཐེབས་བྱུང་ཞེས་བཤད།
མཛོད་དགེ་བོད་ཡིག་སློབ་འབྲིང་གི་སློབ་མ་དབང་མཚོས་གཏམ་བཤད་ཁྲོད་བོད་སྐྱོར་ལས་བྱེད་པས་སྙིང་རུས་ཆེན་པོ་བསྐྱེད་ནས་བོད་འབྲེལ་ས་ཁུལ་དུ་ལས་གནས་བརྟན་སྲུང་བྱས་པའི་སྐོར་བརྗོད་པས་ང་རང་སེམས་འགུལ་ཐེབས་བྱུང་། ང་རང་ནི་མི་རིགས་ས་ཁུལ་དུ་འཚར་ལོངས་བྱུང་བ་ཡིན་པས། འཚོ་བ་དང་འཕེལ་རྒྱས་ལ་ཁོར་ཡུག་གིས་ཚོད་འཛིན་ཐེབས་པ་གསལ་པོ་ཤེས་མོད། ཁོ་ཚོས་རང་འགུལ་ངང་དཀའ་ཚེགས་ཆེ་བའི་གནས་སུ་སྐྱོད་དེ་བྱས་རྗེས་བཞག་པ་སྒྲོན་མེ་བཞིན་ཕ་ཡུལ་གྱི་འབྱུང་འགྱུར་འཕེལ་རྒྱས་ལམ་བུ་གསལ་བར་བྱས། ཁོ་ཚོའི་སྙིང་སྟོབས་ལས་ངས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་གསོན་ཉམས་ལྡན་པའི་ལག་ལེན་མཐོང་བར་མ་ཟད། རང་ཉིད་ཀྱི་ཕྲག་ཏུ་འཁུར་བའི་འགན་འཁྲི་དང་ལས་འགན་ཡང་གསལ་པོ་ཤེས་བྱུང་བས། ངས་ཁོ་ཚོ་མིག་དཔེར་བཟུང་ནས་འབད་འབུངས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོར་མཚོན་ན་དོན་སྙིང་གཏིང་ཟབ་ལྡན་པས་མི་མང་པོ་ཞིག་གིས་བོད་སྐྱོར་ལས་དོན་གྱི་དཀའ་ཚེགས་དང་རླབས་ཆེན་ཚོར་ཐུབ་པར་མ་ཟད། སྤྱི་ཚོགས་ལས་རིགས་ཁག་བོད་འབྲེལ་ས་ཁུལ་འཛུགས་སྐྲུན་ནང་ཞུགས་པའི་སྤྲོ་སེམས་ཀྱང་འཕེལ་ཐུབ། བོད་སྐྱོར་ལས་བྱེད་པའི་སྙིང་སྟོབས་གངས་ལྗོངས་ས་མཐོར་རྒྱུན་མཐུད་ངང་རྒྱུན་འཛིན་བྱས་ནས་བོད་འབྲེལ་ས་ཁུལ་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་གྱི་ལམ་བུ་གསར་པར་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་རེད། །