སྤྱི་ཟླ་12ཚེས་3ཉིན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་མཉམ་དུ་གཙོ་གཉེར་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་ཡོད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་སློབ་གཙོ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཁྲེན་ཙུང་རུང་རྣམ་གཉིས་ནས་ཚོགས་འདུ་གཙོ་གཉེར་ཕྱོགས་ཀྱི་སྐུ་ཚབ་ཞུས་ནས་ཤིས་ཚིག་སྒྲོན་གནང་ཡོད། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་བྱ་དགྲ་འདུལ་ལགས་ཀྱིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་ཡོད།
ཞིབ་བསྡུར་ཚོགས་འདུའི་ཐོག །ཆོས་དོན་དགོངས་འགྲེལ་གྱི་ལམ་སྲོལ་བཟང་པོ་དར་སྤེལ་དང་། དུས་རབས་གསར་པའི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་རྒྱུན་འཛིན་བྱ་རྒྱུ་བརྗོད་དོན་གཙོ་བོར་བཟུང་ནས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རང་ཉིད་ཀྱི་གནས་བབ་ངོས་འཛིན་དང་། དུས་རབས་ཀྱི་འདྲི་གཞིར་ལན་ཡག་པོ་འདེབས་རྒྱུར་ཁྲིད་སྟོན་དང་། བོད་བརྒྱུད་ནང་བསྟན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཕན་ཚུན་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་འཕེལ་རིམ་ནང་ལེགས་སྐྱེས་འབུལ་རྒྱུར་དམིགས་ཡོད།
བགྲོ་གླེང་ཚོགས་འདུར་རྒྱ་ཆེའི་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རིགས་གཅིག་མཁས་དབང་གི་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ་དང་། ཁྱོན་ཆོས་དོན་དགོངས་འགྲེལ་གྱི་དཔྱད་རྩོམ་26འབྱོར་ཡོད་པ་རེད། རིགས་གཅིག་མཁས་དབང་ཚོགས་པས་དཔྱད་འདེམས་གནང་བ་བརྒྱུད། ཁྱོན་དཔྱད་རྩོམ་13བདམས་ནས་ཚོགས་འདུའི་ཐོག་སྤེལ་རེས་གནང་ཡོད། དུས་ཡུན་ཉིན་གཅིག་གི་བགྲོ་གླེང་ཚོགས་འདུ་དེ་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོའི་གཏམ་བཤད་དང་ཚོ་ཆུང་དབྱེ་ནས་སྤེལ་རེས་བྱེད་པའི་རྣམ་པའི་ཐོག་ནས་སྤེལ་ཞིང་། ཁྱོན་ཚོགས་ར་གཙོ་བོ་གཅིག་དང་ཡན་ལག་ཚོགས་ར་གཉིས་བཀོད་སྒྲིག་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་འདུལ་བ་དང་། སློབ་གཉེར་ཉམས་ལེན། སྤྱི་ཚོགས་ཞབས་ཞུ། སྒྲིག་ཁུར་ཁྲིམས་སྲུང་། ཆོས་དོན་དགོངས་འགྲེལ་བཅས་ཀྱི་གྲོས་དོན་ལ་གཞིགས་ནས་བགྲོ་གླེང་གཏིང་ཟབ་གནང་ཡོད།
ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་བོད་ལྗོངས་ནང་བསྟན་སློབ་གླིང་གི་དབུ་ཁྲིད་དང་། སློབ་མའི་འཐུས་མི། ཚོགས་འདུའི་ཐོག་སྤེལ་རེས་བྱ་རྒྱུར་བདམས་པའི་དཔྱད་རྩོམ་གྱི་རྩོམ་པ་པོ། འབྲེལ་ཡོད་ཞིང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་མི་སྣའི་འཐུས་མི། དེ་བཞིན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་འབྲེལ་ཡོད་མཐོ་སློབ་ཀྱི་རིགས་གཅིག་མཁས་དབང་སོགས་མི་200ལྷག་ཙམ་བགྲོ་གླེང་ཚོགས་འདུར་ཞུགས་ཡོད། །