༄༅། །གཏེར་སྟོན་ཆེན་པོ་རིག་འཛིན་ནུས་ལྡན་རྡོ་རྗེ།

མཚོ་བྱུང་བཞད་པའི་རྡོ་རྗེ། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-25


       གཏེར་སྟོན་ཆེན་པོ་བསམ་རྒྱས་སམ་རིག་འཛིན་ནུས་ལྡན་རྡོ་རྗེ་ནི(1940―1986)བོད་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ལོར་གསེར་རྟ་རྫོང་བརྡར་ཚང་ཤང་རྟ་ཤུལ་གོང་མ་སྡེ་བའི་ཕ་ཡབ་ཁམས་གཙང་ལོངས་སྤྱོད་དང་མ་ཡུམ་བང་རོས་བཟའ་ངག་ལྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ཆུང་བྱིས་པའི་དུས་ནས་བརྡར་ཚང་དགོན་པར་གྲྭ་སར་ཞུགས་ཏེ་ཡི་གེ་ཕྱི་མོ་སློབ་པ་ཙམ་གྱི་ཚེགས་མེད་དུ་མཁྱེན།དེ་ནས་རིམ་བཞིན་དགོན་པའི་སྤྲུལ་སྐུ་རྡོ་རྗེ་དགྲ་འདུལ་དང་སྤྲུལསྐུ་བསོད་ནམས་ལྡེའུ་བཙན་སོགས་ཀྱི་ཞབས་པད་སྤྱི་གཙུག་ཏུ་བཀུར་ནས་གསང་སྔགས་རྫོགས་པ་ཆེན་པོའི་ཆོས་སྐོར་མང་པོ་བུམ་པ་གང་བྱོས་ཀྱི་ཚུལ་དུ་མནོས་མཐར་རྟོགས་པའི་ས་མཐོར་གཤེགས་ཤིང་སྔགས་བཙུན་སྦས་པའི་རྣལ་འབྱོར་བའི་ཚུལ་འཛིན་ལ་མངོན་མཁྱེན་ཐོགས་པ་མེད་པའི་གྲུབ་བརྙེས་ཀྱི་རིག་འཛིན་ཆེན་པོར་གྱུར།གཏེར་གྱི་ལས་འཕྲོ་སད་དེ་ཟབ་གཏེར་དངོས་གྲུབ་བདུད་རྩིའི་ཆར་འཇོ་སྟེ་སྒྲུབ་ཐབས་སྣ་ཚོགས་དང་མགུར་ཚོགས།མ་འོངས་ལུང་བསྟན་སོགས་ཀྱི་བརྡ་བྱང་རྒྱ་ཆེར་ཕབ་པ་དང་མཉམ་གཅིག་ཏུ་གླིང་རྗེ་གེ་སར་རྒྱལ་པོའི་གཏེར་སྒྲུང་སྐོར་ལ་(བདུད་འདུལ་གནམ་ལྕགས་ཐོག་མདའ་)པར་སྐྲུན་བྱས་ཚར། (སེམས་ཉིད་ཆོས་རྫོང་)གློག་ཀླད་ནང་དུ་བཞག་ཅིང་དག་སྒྲིག་བྱེད་ཚར། (མུ་སྟེགས་ཁྲབ་རྫོང་)དང་(ལྕགས་མོ་འབྲི་རྫོང་)(རྟ་རྒྱུག)(བདུད་རྩི་སྨན་རྫོང་)(མ་འགག་བཟའི་རྣམ་ཐར་)(བལ་པོ་ལུག་རྫོང་)སོགས་ངོ་མཚར་གཏེར་དུ་བཞེས་ཏེ་སྐུ་ཚེ་ཧྲིལ་པོ་སྦས་པའི་རྣལ་འབྱོར་བའི་ཚུལ་འཛིན་པའི་ཉེ་རབས་ཀྱི་གཏེར་སྟོན་གྲགས་ཅན་ཞིག་ཡིན་པ་དང་།གཏེར་སྒྲུང་སྣ་ཚོགས་བཞེས་ཡོད་པ་ནི་(གླིང་སྒྲུང་)མྱུར་སྐྱོབ་དང་འཚོལ་ཞིབ་བྱེད་པར་རིན་ཐང་ལྡན་ཞིང་ཕུན་སུམ་ཚོགས་པའི་ཁྱད་ནོར་ཞིག་མཁོ་སྤྲོད་བྱས་མཐར་བོད་རབ་བྱུང་བཅུ་དྲུག་པའི་ཟད་པ་མེ་སྟག་ལོར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1