དཔྱད་གཞིའི་པར་རིས།
སྤྱི་ཟླ་6པའི་ཚེས་28ཉིན། སི་ཁྲོན་ཞིང་ཆེན་གྱི་2015ལོའི་དབྱར་དུས་ཀྱི་རིག་གནས་ཚན་རྩལ་འཕྲོད་བསྟེན་བཅས་གཞི་རིམ་དུ་སྤེལ་བ་སྟེ། སྤྲོ་སྐྱིད་བོད་ཁུལ་དུ་སྐྱེལ་བ་དང་ཁྲིམས་ལུགས་གནས་བདུན་དུ་བསྐྱོད་པ་ཞེས་པའི་བྱེད་སྒོ་དེ་རྔ་བ་ཁུལ་བཙན་ལྷ་རྫོང་ལིའང་ཧོ་ཁོའུ་གྲོང་རྡལ་དུ་སྤེལ་ཞིང་། ས་གནས་མང་ཚོགས་གཅིག་རྗེས་གཉིས་མཐུད་དུ་ལིའང་ཧོ་ཁོའུ་གྲོང་རྡལ་གྱི་རྒྱ་གྲམ་དམར་པོའི་བྱམས་བརྩེ་ལྟེ་བའི་སློབ་ཆུང་གི་ལུས་རྩལ་ར་བར་འདུས་ནས་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་རེད།
དཔྱད་གཞིའི་པར་རིས།
རྔ་བ་ཁུལ་གླུ་གར་ཚོགས་པས་《གངས་ལྗོངས་ཀྱི་སྨོན་འདུན།》ཞེས་པ་འཁྲབ་སྟོན་བྱས་ཏེ་རིག་རྩལ་གྱི་ཡོ་ལང་རྣམ་པར་ཕྱེས། གླུ་གར་འཁྲབ་སྟོན་དང་རྩལ་རྩེད་སྣ་ཚོགས། གར་ཆུང་། སི་ཁྲོན་གྱི་ཟློས་གར་སོགས་འཁྲབ་ཚན་གྱ་ནོམ་པ་རྒྱ་ཆེའི་ལྟད་མོ་བ་ཀུན་གྱི་གཟིགས་མོར་ཕུལ་ཡོད་པ་དང་། འཁྲབ་སྟོན་ཡུལ་དངོས་སུ་ས་གནས་མང་ཚོགས་མི་གྲངས་3000ལ་ཉེ་བ་ཞིག་སླེབས་ཡོད་ཅིང་། ཀུན་གྱི་གདོང་ལ་དགའ་བའི་འཛུམ་མདངས་རྒྱས་ཤིང་ལག་ཟུང་གིས་དགའ་བསུའི་ཐལ་མོ་ཡང་ཡང་རྡེབ། བཙན་ལྷ་རྫོང་ནས་ཐོན་པའི་བོད་ཀྱི་རོལ་མོའི་ཚན་སྡེབ་གངས་ལྷ་མེ་ཏོག་བུ་མོ་སྤུན་གསུམ་གྱིས་《བཀྲ་ཤིས་བདེ་ལེགས།》ཞེས་པའི་གླུ་གཞས་འཁྲབ་སྟོན་བྱས་ཤིང་། གནས་དེར་འཁོད་པའི་ལྟད་མོ་བ་ཀུན་གྱིས་ཁོ་མོ་ཚོའི་གླུ་དབྱངས་ལ་དགའ་བསུ་ཆེན་པོ་བྱས། །