༄༅། །ཁོད་སོ་དྲུག་ལས་བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


1. ཁོད་སོ་དྲུག་ལས་བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་ནི།      སྲིད་འཛིན་ས་ཁུལ་ཁག་གི་དབྱེ་མཚམས་དང༌།     སྲིད་འཛིན་དང་དམག་དོན་གྱི་སྒྲིག་གཞི།      བློན་པོ་སོགས་དཔོན་རིགས་ཀྱི་གོ་གནས་དང་ལས་འགན།      ཞིང་འབྲོག་གི་དབང་རིས།  འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི།      རྗེ་བློན་གྱི་བླང་དོར་རིམ་པ་སོགས་ཀྱི་ཁྲིམས་དང༌།   མི་ཡི་ཀུན་སྤྱོད་ལ་གཏོགས་པའི་གནད་དོན་རྣམས་ཡིན་ནོ།  །

(1)   ཁྲིམས་རྩེ་འབུམ་གཞེར་གྱི་ཁྲིམས་ནི།  《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།   

ཐོག་མར་བོད་ཡུལ་རུ་ཆེན་ལྔ་རུ་ཕྱེ།   ། 

ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་བཅད།   ། 

རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཕྱེ།   ། 

གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་འབྱེད།   ། 

ཞང་གསུམ་བློན་བཅས་དབུས་ཀྱི་འདུན་ས་འཛིན།   ། 

དཔའ་སྡེ་གསུམ་གྱི་མཐའ་ཡི་སོ་ཁ་སྲུང༌།   ། 

དེ་ལ་བོད་ཀྱི་ཁོད་དྲུག་ཅེས་སུ་གྲགས།   །  

ཞེས་པ་ལྟར།     ཁྲིམས་ཡིག་འདིའི་ནང་དོན་གཙོ་བོ་ནི།    ལས་སྣེ་ཁག་དང་ས་ཁུལ་ཁག་གི་སྡེ་ཚན་དབྱེ་སྟངས་དང༌།     བློན་པོ་དང་དཔོན་རིགས་རྣམས་ཀྱི་གོ་གནས་ཀྱི་རིམ་པ་དང་སོ་སོའི་ལས་འགན།  དམག་ཤོག་སོ་སོའི་རུ་རྟ་དང༌།     རུ་དར་མི་འདྲ་བ་རྣམས་གཏན་འབེབས་བྱེད་ཚུལ་སོགས་དམག་གི་སྒྲིག་གཞིའི་སྐོར་དང༌།     ས་མཚམས་སྲུང་སྐྱོབ་བྱེད་ཚུལ་བཅས་ཀྱི་སྐོར་རྣམས་ཡིན་ལ།  ཞིབ་པ་འོག་ཏུ་ལས་ཀའི་སྒྲིག་གཞི་བཤད་པའི་སྐབས་སུ་འཆད་པར་བྱའོ། 

 (2)      འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས་ནི།   《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།   

བྲེ་སྲང་ཕུལ་ཁྱོར་ཞོ་ནམ་སེ་སྲན་སོགས།   ། 

 བཀའ་ལ་བཏག་པའི་ཁྲིམས་ཡིག་གཉིས་པ་སྟེ།   ། 

འབུམ་གྱི་གསེར་ཐོག་ཤ་བ་ཅན་ཞེས་གྲགས།   །    

ཞེས་གསལ་བ་དེའི་དོན་ལ་འགྲེལ་བཤད་བྱས་པ་《གཡུ་ཡི་ཕྲེང་བ་》ལས།  “འོ་ན་སྐབས་དེའི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་དེ་ཡང་སྙིང་ཅི་འདྲ་ཞིག་ཡིན་སྙམ་ཞེ་ན།       ད་ཡོད་དཔྱད་གཞིའི་ཡིག་ཆར་གཞིགས་ཏེ་མཁས་དབང་འགའ་ཞིག་གིས་ཆོད་སྡོམ་གནང་བ་ལྟར་ན།        སྲོང་བཙན་སྒམ་པོ་ནས་ཁྲི་རལ་པ་ཅན་གྱི་བར་བཙན་པོའི་རྒྱལ་རབས་སྐབས་ཀྱི་བྲེ་ཚད་ནི་འབྲུ་རིགས་ཡ་ཁྱོར་ཉི་ཤུ་རྩ་གཅིག་ལ་བྲེ་གང་དུ་རྩི་བ་དང་དེ་ཡང་ཡ་ཁྱོར་གསུམ་དང་ཕྱེད་ཀ་ལ་ཕུལ་གང་དུ་རྩི་བའི་ཕུལ་དྲུག་ལ་བྲེ་གང་དང་།     བྲེ་ཉི་ཤུ་ལ་ཁལ་གཅིག་རྩི་བའི་ལུགས་གཅིག་དང༌།     ཡང་ཡ་ཁྱོར་གསུམ་ལ་ཕུལ་གང་དང༌།   ཕུལ་བདུན་ལ་བྲེ་གང༌།       བྲེ་ཉི་ཤུ་ལ་ཁལ་གཅིག་རྩི་བའི་ལུགས་གཉིས་ཡོད་རུང༌།     གང་ལྟར་ཡ་ཁྱོར་ཉི་ཤུ་རྩ་གཅིག་ལ་བྲེ་གང་རྩི་བར་ཁྱད་པར་མེད་པ་དེ་ན་སྐབས་དེའི་འབྲུ་རིགས་གཤོར་འཇལ་གྱི་ཁལ་དང་བྲེའི་ཚད་གཞི་ཡིན་ལ་བྲེ་ནི་ཤིང་བྲེ་ཡིན།        ཤ་མར་སོགས་འདེགས་བྱེད་སྲང་གི་ཚད་གཞི་ནི།      ནས་རྡོག་ཆེ་བ་གཉིས་དང༌།    འབྲིང་བ་གཉིས།  ཆུང་བ་གཉིས་བཅས་ནས་འབྲུ་ཆེ་ཆུང་དྲུག་གི་ལྗིད་ཚད་ལ་སེ་བ་གང༌།     སེ་བ་ཉི་ཤུའི་ལྗིད་ལ་ཞོ་གང༌།   ཞོ་བཅུའི་ལྗིད་ལ་སྲང་གང༌།      སྲང་བཞིའམ་སྤོར་བཞི་ལ་ཉག་གང༌།    ཉག་ཉི་ཤུ་སྟེ་སྲང་བརྒྱད་ཅུ་ཐམ་པ་ལ་ཁལ་གཅིག་རྩི་བ་ནི་སྐབས་དེའི་འདེགས་འཇལ་གྱི་སྲང་ཚད་ཡིན།  འདེགས་བྱེད་ཀྱི་སྲང་ནི་ཤིང་སྲང་ཡིན་པར་གྲགས།  གསེར་དངུལ་སོགས་ཀྱི་འདེགས་ཚད་ནི་སྲན་བདུན་ལ་ནམ་གཅིགནམ་བདུན་ལ་ཞོ་གང༌།     ཞོ་བཅུ་ལ་སྲང་གང་ཡིན་པར་གྲགས།        སྐབས་དེའི་རིང་ཐུང་འཇལ་ཚད་ཅི་འདྲ་ཡིན་ལོ་རྒྱུས་ཡིག་ལམ་ན་འཁོད་པ་མ་མཐོང་རུང༌།  སོར་བཅུ་གཉིས་ལ་མཐོ་གང༌།      མཐོ་དོ་ལ་ཁྲུ་གང༌།     ཁྲུ་བཞི་ལ་འདོམ་རེ་རྩི་བའི་སྲོལ་ཉེ་རབས་བར་རྒྱུན་ཆགས་སུ་གནས་ཡོད་པ་ལྟར་བོད་སྔ་རབས་པའི་རིང་ཐུང་འཇལ་བྱེད་ཀྱི་ཚད་གཞི་ཡང་དེ་རང་མིན་ནམ་སྙམ་པ་དཔྱད་གཞི་བཅས་དེ་ལྟར་སྲོང་བཙན་སྒམ་པོའི་སྐུ་དུས་གཤོར་འདེགས་ཀྱི་འཇལ་ཚད་བྲེ།    སྲང༌།   ཕུལ།   ཁྱོར།   ཞོ།    ནམ།   སེ།      སྲན་སོགས་བཀའ་ལ་བཏགས་པ་སྟེ་བཙན་པོའི་བཀས་བཅད་པ་ནི་ཁྲིམས་ཡིག་གཉིས་པ་འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས་སུ་གྲགས་པའོ།  ”ཞེས་གསུངས་པ་ལྟར་རོ།   །

(3)  རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས་ནི།   《ཆོས་འབྱུང་མཁས་པའི་དགའ་སྟོན་》

ལས།     གསུམ་པ་རྒྱལ་ཁམས་དཔེ་བླངས་ཁྲིམས་ཞེས་པ།     །བྱ་བར་འོས་དང་མི་འོས་སྟོན་པ་སྟེ།   ཞེས་པའི་དོན་གྱི་འགྲེལ་བཤད་འདི་ལ་ནང་གསེས་དབྱེ་ན་རྒྱལ་ཁྲིམས་བཅོ་ལྔ་དང༌།     ཁྲིམས་ཆེན་བདུན།      མི་ཆོས་གཙང་མ་བཅུ་དྲུག་བཅས་བསྡོམས་པས་ཁྲིམས་ཕྲན་སུམ་ཅུ་སོ་བརྒྱད་བསྡུས་ཡོད།  །

ཀ  རྒྱལ་ཁྲིམས་བཅོ་ལྔའི་སྐོར།    

 ༡༽ མཛད་པ་གསུམ་ནི།    

དགྲ་བཏུལ་རྒྱལ་ཁམས་བདེ་བར་མཛད།      ། 

ནང་གི་ཚིས་མཛད་འབངས་འཁོར་སྐྱོང༌།   ། 

ཕྱི་མ་ཕན་ཕྱིར་དམ་ཆོས་བྱ།     ། 

ཞེས་འབྱུང་བ་ཕྱི་ཡི་དགྲ་བཏུལ་ནས་རྒྱལ་ཁམས་བདེ་འཇགས་སུ་བཀོད་པ་དབ་གཅིག   ནང་གི་ཆབ་སྲིད་ལེགས་པ ར་སྐྱོང་ཞིང་རང་གི་ཆབ་འོག་འཁོར་འབངས་དང་བཅས་པ་བདེ་བར་སྐྱོང་བ་དང་གཉིས།      ཚེ་ཕྱི་མར་ཕན་པའི་ཆེད་དུ་ལྷ་ཆོས་དགེ་བ་བཅུ་ལག་བསྟར་མཛད་པ་དང་གསུམ་ནི་རྒྱལ་པོ་རང་གི་ཕྱག་ལེན་གནང་དགོས་པའི་ཁྲིམས་སམ་ཆབ་སྲིད་ཀྱི་སྲོལ་རྒྱུན་བཟང་པོ་གསུམ་ཡིན།  །

༢༽  མི་མཛད་པ་གསུམ་ནི། 

ཡ་རབས་རྒྱུ་རྐྱེན་ལྷ་ཆོས་ནི།   ། 

སྣོད་མིན་ཁེང་པོ་ལ་མི་བཤད།   ། 

གསང་སྔགས་རྫོགས་འཚང་རྒྱ་བའི་རྒྱུ།   ། 

ནོར་དུ་མི་བཙོང་སྙིང་ལ་འཆང༌།   ། 

ངན་ལ་བསྟོད་ན་གཉིས་ཀ་ཕུང༌།   ། 

དེ་བས་ཁེང་པོ་རྗེར་མི་དབྱུང༌།   ། 

ཞེས་གསུངས་པ་ནི་དད་པ་མེད་པའི་མི་ཕལ་པ་ལ་དམ་པའི་ཆོས་མི་བཤད་པ་དང་གཅིག  གསང་སྔགས་ནི་སངས་རྒྱས་ཐོབ་པའི་རྒྱུ་ཡིན་པས་དེ་ནོར་གྱི་ཕྱིར་དུ་མི་བཙོང་བ་སྟེ་འབུལ་རྟེན་ལ་བལྟས་ནས་དམ་ཚིག་དང་མི་ལྡན་པ་ལ་གསང་སྔགས་ཀྱི་ཆོས་མི་འཆད་པ་དང་གཉིས།     ཁེང་པོ་སྟེ་བྲན་གཡོག་རྗེ་དཔོན་དུ་མི་བསྐོ་བ་དང་གསུམ་བཅས་རྒྱལ་པོས་ཕྱག་ལེན་མི་འོས་པ་གསུམ་ཡིན།  །

༣༽ བསྟོད་པ་གསུམ་ནི།   

དཔའ་ལ་སྟག་གིས་མ་བསྟོད་ན།   ། 

དཔའ་ངར་བྱས་པའི་རུ་མ་མེད།  ། 

མཛངས་ལ་ཡིག་ཚང་མ་བསྟོད་ན།   ། 

ཕྱིན་ཆད་མཛངས་ངན་ཤན་མི་ཕྱིད།   ། 

ལེགས་ལ་བྱ་དགས་མ་བསྟོད་ན།   ། 

སླད་ཆད་ལེགས་པར་སུ་ཡིས་བྱེད།   ། 

ཅེས་འབྱུང་བ་ནི།     གཡུལ་ངོར་དགྲ་བོ་ལས་རྣམ་པར་རྒྱལ་བའི་དཔའ་བོ་བྱས་རྗེས་ཅན་ལ་སྟག་སློག་གི་གོས་སོགས་བྱ་དགར་བྱིན་ནས་བསྟོད་དགོས་པ་རྣམས་མ་བསྟོད་ན།      ཕྱིན་ཆད་དཔའ་བོ་ཐོན་པའི་རུ་མ་སྟེ་གཞི་རྟེན་མེད་པར་འགྱུར་བས་ངེས་པར་དཔའ་རྟགས་ཀྱིས་བསྟོད་དགོས་པ་དང་གཅིག  ནང་སྲིད་ལ་མཁས་ཤིང་མཛངས་པའི་བློན་པོ་དང་མི་སྣ་བྱས་རྗེས་ཅན་ལ་གཡུ་དང༌།     གསེར་སོགས་རིན་པོ་ཆེའི་ཡིག་ཚང་གིས་མ་བསྟོད་ན།     ཕྱིན་ཆད་མཛངས་པའི་མི་དང་ངན་པའི་མི་ཤན་མི་འབྱེད་པས་ངེས་པར་དུ་མཁས་ཤིང་མཛངས་པའི་མི་རྣམས་ཡིག་ཚང་གིས་བསྟོད་དགོས་པ་དང་གཉིས།      རྗེ་འབངས་ཀྱི་དོན་དུ་ལྷག་བསམ་གྱིས་ལས་ཀ་ལེགས་པོ་བྱེད་མཁན་མི་ཕུལ་བྱུང་རྣམས་ལ་བྱ་དགས་ཚིམ་པར་བྱས་ནས་མ་བསྟོད་ན་སླད་ཕྱིན་ཧུར་བརྩོན་ལྷག་བསམ་དང་ལྡན་པའི་མི་སྣ་ཐོན་མི་སྲིད་པས་ངེས་པར་དུ་དངོས་པོའི་བྱ་དགས་བསྟོད་དགོས་པ་དང་གསུམ་ནི་དམག་སྲིད་འབངས་གསུམ་གྱི་ནང་ནས་ཐོན་པའི་སྐྱེ་བོ་ཕུལ་དུ་བྱུང་བ་རྣམས་གཟེངས་སུ་བསྟོད་དགོས་པའི་སྐོར་ཡིན།  །

༤༽ དམད་པ་གསུམ་ནི།     

སྡར་མ་ཝ་ཞུས་མ་དམད་ན།   ། 

དཔའ་དང་སྡར་མ་ཤན་མི་ཕྱེད།   ། 

ངན་ལ་ནན་ཏུར་མ་བྱས་ན།   ། 

ནམ་ཡང་དྲན་ཤེས་་རེམ་མི་འགྱུར།   ། 

ཉེས་ལ་ཆད་པ་མ་བཅད་ན།   ། 

ཕྱི་ནས་ཉེས་བྱེད་རྒྱུན་མི་ཆད།   ། 

ཅེས་འབྱུང་སྟེ།   འགག་རྩར་ཐུག་སྐབས་དགྲ་བོར་མགོ་སྒུར་བའམ་ཕྱིར་བཤོལ་བ་ལ་སོགས་པ་མི་སྡར་མ་ཀླད་མེད་རྣམས་ལ་ཝ་མོའི་གཞུ་གུ་མགོ་ལ་བསྐོན་ནས་དམད་པ་སྟེ་དམའ་མ་ཕབ་ན།     དཔའ་བོ་དང་སྡར་མའི་དབྱེ་བ་མི་ཕྱེད་པས་ངེས་པར་དུ་ཝ་ཞུས་དམད་དགོས་པ་དང་གཅིག     མི་ངན་ལ་ཁྲིམས་དང་བསྟུན་པའི་ནན་ཏུར་ཏེ་བཙན་མ་བཙུགས་ན།      ངན་པ་ལང་ཤོར་གྱིས་ནམ་ཡང་དྲན་ཤེས་བསྟེན་མི་སྲིད་པས་ངེས་པར་དུ་གཉའ་ནས་གནོན་དགོས་པ་དང་གཉིས།      ཁྲིམས་འགལ་གྱི་བྱ་བ་བྱེད་མཁན་ནག་ཉེས་ཅན་ལ་ཁྲིམས་ཆད་ནན་པོ་མ་བཅད་ན།      སླད་ཕྱིན་ཉེས་གསོག་བྱེད་མཁན་རྒྱུན་མི་འཆད་པས་ངེས་པར་དུ་ཉེས་ཆད་ནན་པོ་གཅོད་དགོས་པ་དང་གསུམ་ནི་སྐྱེ་བོ་མ་རབས་རྣམས་ལ་འཛིན་དགོས་པའི་སྒྲིག་སྲོལ་ཡིན།  །

༥༽  མི་མནར་བ་གསུམ་ནི། 

ལུས་སྐྱེད་ཕ་མ་མནར་བ་ན།   ། 

འཕྲལ་ཕུགས་གཉིས་ཀ་ལ་ཡོགས་སྡིག ། 

རང་གི་མཆན་གྱི་བུ་མནར་ན།   ། 

ཕྱི་རོལ་དགྲས་ཀྱང་ཞེ་ཁ་འབྱེད།   ། 

བཟའ་གྲོགས་མནར་ན་ཕྱི་ནང་གི།   ། 

ཆུས་དང་སོ་ནམ་ཡལ་བར་འཆོར།   ། 

ཞེས་འབྱུང་སྟེ།     རང་ལུས་སྐྱེད་པའི་ཕ་མར་དྲིན་ལན་མི་གཟོ་བར་སྡུག་གི་མནར་གཅོད་བཏང་བ་ན།     འཕྲལ་དུ་རང་ལ་མི་ཀུན་གྱི་ངན་སྨྲས་ཕོག་པའི་རྒྱུ་དང༌།    ཕུགས་སུ་ལ་ཡོགས་འཁོར་བའི་སྡིག་པའི་རྒྱུར་འགྲོ་བས་ངེས་པར་དུ་ཕ་མ་ལ་བཀུར་བསྟི་བྱེད་པ་ལས་བརྙས་བཅོས་རྩ་བ་ནས་མི་བྱེད་པ་དང་གཅིགརང་གི་མཆན་འོག་གི་བུ་ཕྲུག་རྣམས་བྱམས་བརྩེས་མི་སྐྱོང་བར་མནར་གཅོད་བཏང་ན།     བུ་ཕྲུག་ཕ་མར་ཞེན་པ་ལོག་པར་མ་ཟད།    ཕྱི་རོལ་གྱི་དགྲ་བོས་ཀྱང་འཕྱ་སྨོད་དང་འབྱེད་པ་བྱེད་སྲིད་པས་ངེས་པར་དུ་བུ་ཕྲུག་བརྩེ་ཞེན་གྱིས་སྐྱོང་བ་ལས།     སྡུག་གཅོད་ཀྱིས་མི་མནར་བ་དང་གཉིས།  རང་གི་བཟའ་ཚང་ལ་སྐྱོང་མཁས་མ་བྱས་པར་ཞེ་ཁྲེལ་བའི་རྒྱུ་མནར་གཅོད་བཏང་ན་རང་ཁྱིམ་གྱི་བྱ་བ་དང༌།  སོ་ནམ་སོགས་འཐུས་ཤོར་དུ་འགྱུར་པས་ན་ངེས་པར་དུ་བཟའ་ཚང་ཕན་ཚུན་མཛའ་གཅུགས་འཆམ་མཐུན་ཡོང་བ་བྱེད་པ་ལས་མནར་གཅོད་མི་བྱེད་པ་དང་བཅས་གསུམ་ནི་ཚང་མས་བྱེད་དགོས་པའི་ཁྲིམས་སམ་སྤྱིའི་ཀུན་སྤྱོད་གསུམ་མོ།   །

གོང་གསལ་མཛད་པ་གསུམ།    མི་མཛད་པ་གསུམ།    བསྟོད་པ་གསུམ།    དམད་པ་གསུམ།      མི་མནར་བ་གསུམ་བཅས་ལ་རྒྱལ་ཁྲིམས་བཅོ་ལྔར་གྲགས་པ་ནི།    རྒྱལ་པོས་རྒྱལ་ཁྲིམས་སྐྱོང་བའི་སྐབས་ངེས་པར་དོ་སྣང་བྱེད་དགོས་པའི་ཁྲིམས་ལུགས་དང༌།     སྤྱི་ཚོགས་ཀྱི་སྲོལ་བཟང་པོ་དར་སྤེལ་གཏོང་དགོས་པའི་དོན་ཆེན་རྣམས་ལགས་སོ།  །

ཁ.     ཁྲིམས་ཆེན་བདུན་ནི།    

༡༽  སྲོག་མི་གཅོད་པའི་ཁྲིམས།    གཤིན་སྟོང་དང་གསོན་སྟོང༌།     མིའི་སྲོག་མི་གཅོད་པའི་ཁྲིམས་ཏེ་མི་བསད་རྨས་ཀྱི་ཉེས་ཁྲིམས་སྐོར་གཤིན་སྟོང་དང་གསོན་སྟོང་གཉིས་ལས།   གཤིན་སྟོང་ནི་ཕན་ཚུན་བར་འཐབ་རྩོད་དམ་འཁྲུག་འཛིང་བྱུང་ནས་མི་བསད་པའམ་རྐྱེན་གཞན་དག་ལ་བརྟེན་ནས་མི་རྐྱེན་འདས་གྱུར་རིགས་ལ་གཤིན་སྟོང་ཞེས་འདས་པོ་དེའི་རྗེས་སུ་འདས་མཆོད་དང་དུར་རྫོངས་བཅས་ཀྱི་འགྲོ་གྲོན་དང༌།     འདས་པོའི་སྲོག་སྐྱིན་དུ་དངོས་པོའི་གུན་གསབ་སྤྲོད་དགོས་པ་དང༌།     གསོན་སྟོང་ནི་འཐབ་རྩོད་དམ།     འཁྲུག་འཛིང་གི་ནང་དུ་རྨས་སྐྱོན་བྱུང་བའམ་ཡང་ན་རྐྱེན་གཞན་དག་ལ་བརྟེན་ནས་རྨས་སྐྱོན་བྱུང་བའི་རིགས་ལ་རྨས་སྐྱོན་བཟོ་མཁན་གྱིས་རྨས་སྐྱོན་བྱུང་བའི་མི་ལ་ནད་བཅོས་སྨན་གསོ་ཡི་གུན་གསབ་སྤྲོད་དགོས་པ་དེ་ཡིན།     གཤིན་སྟོང་དང༌།    གསོན་སྟོང་འཇལ་སྐབས་ཤི་རྨས་བྱུང་ཡུལ་རིམ་གྲས་མཐོ་དམའ་ལ་གཞིགས་པའི་གསོན་གཤིན་གྱི་སྟོང་འཇལ་སྤྲོད་བྱེད་དགོས་པའི་གཏན་འབེབས་རགས་རིམ་གནང་ཡོད་ཀྱང༌།      དེའི་རྗེས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་བློན་པོ་འགོས་ཁྲི་བཟང་ཡབ་ལྷག་གིས་སྔར་ལས་ཀྱང་ཞིབ་ཚགས་དང་ཆ་ཚང་བའི་བཅོས་སྒྲིག་གཏན་འབེབས་བྱས་པ་ལས།      སྲོང་བཙན་སྐབས་ཀྱི་ཐོག་མའི་གཤིན་གསོན་སྟོང་འབབ་ཀྱི་རིམ་པ་དང་གྲངས་ཚད་སོགས་འཁོད་པའི་ཡིག་ལམ་མ་མཐོང་ཞིང༌།          འོན་ཀྱང་འགོས་ཁྲི་བཟང་ཡབ་ལྷག་གིས་གཏན་ལ་ཕབ་པའི་སྟོང་འབབ་སྤྲོད་འཇལ་གྱི་གཞི་འཛིན་ས་ཐོག་མའི་ཁྲིམས་ཡིག་ལ་བྱས་ཡོད་པ་ནི་སྨོས་མ་དགོས་པ་ལགས་སོ།  བཙན་པོའི་སྐབས་མི་སྟོང་སྒྲུབ་འཇལ་སྐོར་གྱི་ཁྲིམས་ཡིག་འགའ་ཞིག་ཏུན་ཧོང་གི་གནའ་བོའི་བོད་ཡིག་ཤོག་དྲིལ་དུ་འཁོད་པའི་ནང་རི་དྭགས་རྔོན་དུས་མདའ་ཕོག་སྟེ་མི་བསད་པ་དང༌།     གཡག་དང་འབྲིས་བརྫིས་ཏེ་མི་བསད་པ།      ཁྱི་རྦད་ནས་མི་བསད་པ་བཅས་ཀྱི་ལེ་འཁྲི་རི་དྭགས་རྔོན་མཁན་ནམ།     འབྲི་གཡག་དང་ཁྱིའི་བདག་པོ་ཡིས་མི་སྟོང་འཇལ་ལུགས་སྐོར་མི་ཤི་བའི་གནས་ཚུལ་དང༌།     གཤིན་པོའི་རིམ་གྲས་མཐོ་དམའ་སོགས་ལ་གཞིགས་ཏེ་མི་སྟོང་འཇལ་དགོས་དང་མི་དགོས།     འཇལ་ཆེ་ཆུང༌།     མི་སྟོང་དེའི་ཐོག་ནས་འདས་པོའི་ནང་མི་དང༌།     ཉེས་དོན་དེ་གོང་ལ་ཞུ་མཁན་ལ་གཟིགས་བཟོས་ལྟ་བུ་ཐོབ་ཆ་ཇི་ལྟར་སྤྲོད་དགོས་པ་བཅས་ཀྱི་གནས་ལུགས་གསལ་པོར་འཁོད་ཡོད་པའི་ཁྲིམས་དེ་རྣམས་ཀྱང་སྲོང་བཙན་གྱི་སྐུ་དུས་སམ་ཡང་ན་དེ་ལས་ཅུང་ཕྱི་ཙམ་སྟེ་གོང་ལྟར་བཙན་པོའི་དུས་ཀྱི་ཁྲིམས་ལུགས་ཡིན།     སྟོང་ཐང་གསོས་ཐང་ནི་གསེར་དངུལ་སྨར་ཐོག་གཏན་འབེབས་བྱས་པ་ཞིག་ཡིན་རུང༌།     དངོས་གཞི་སྒྲུབ་འཇལ་སྐབས་དངུལ་དངོས་གང་བདེས་འཇལ་སྒྲུབ་ཆོག་པ་དཔེར་ན།     ཤིན་ཅང་ (ལི་ཡུལ་)ནས་ཐོན་པའི་ཁྲམ་བྱང་ནང༌།    “སྟོང་བོང་སྦྲུམ་གཅིག་ལ་སྲང་བཞི།    ཕོ་བོང་གཅིག་ལ་སྲང་གསུམ །  དགྱེའུ་བོང་ (བོང་ཕྲུག་)གཅིག་ལ་སྲང་གཉིས།   གླ་ནི་འཕྲལ་ཞག་ཏུ་ཐོགས་པ་ལས་ཉིན་རེའི་བྲེ་རེའི་ཐང་དུ་དུད་ཀྲལ་ལས་བཀྲལ་ཏེ་སྩལ་ཏེ།  ”  ཞེས་འབྱུང་བ་ལྟར་ལགས།   །

༢༽  མ་བྱིན་པ་མི་ལེན་པའི་ཁྲིམས།    དཀོན་མཆོག་གི་ནོར་བརྐུས་ན་བརྒྱ་འཇལ།    །  རྒྱལ་པོའི་ནོར་ལ་བརྒྱད་ཅུ་འཇལ།     །  འབངས་ཀྱི་ནོར་ལ་བརྒྱད་འཇལ་དུ་བཅས།     །  མ་བྱིན་ལེན་འགོག་པའི་ཁྲིམས་ཏེ་རྐུན་ཇག་གི་ཉེས་ཁྲིམས་སྐོར།    ལྷ་ཁང་ལས་རྟེན་གསུམ་བཅས་ཀྱི་ནོར་རྫས་བརྐུས་ན་དེའི་ཉེས་ཆད་ལ་བརྒྱ་འཇལ་ཞེས་བརྐུས་པའི་ནོར་ངོ་མ་ཕྱིར་སྤྲོད་བྱས་པའི་ཐོག་འཇལ་ཐོབ་བརྐུས་དངོས་ཀྱི་ལྡབ་བརྒྱ།       རྒྱལ་བློན་གྱི་ནོར་བརྐུས་ན་བརྒྱད་ཅུ་འཇལ་ཞེས་བརྐུས་དངོས་ཀྱི་ལྡབ་བརྒྱད་ཅུ།   འབངས་མིའི་ནོར་བརྐུས་ན་བརྒྱད་འཇལ་ངོ་དང་དགུ་ཞེས་བརྐུས་དངོས་ཀྱི་ལྡབ་བརྒྱད་འཇལ་དགོས།    གཞན་ཡང་མི་དཔུང་གྲ་སྡེབས་ཀྱིས་གཞན་དངོས་རྐུ་འཕྲོག་བྱས་པའི་གཏེ་པོ་ལ་སྲོག་ཆད་གཅོད་པའམ།       ཡང་ན་རྒྱང་འབུད་གཏོང་བ།    དེ་བཞིན་ལེ་འཁྲི་གཞན་ཚོར་ཉེས་ཆད་ཆེ་ཆུང་ཇི་ལྟར་ཐོབ་པ་བཅས་རྐུ་ཡུལ་གྱི་རིམ་པ་མཐོ་དམན་དང༌།    བརྐུས་རྫས་ཀྱི་གྲངས་འབོར་སོགས་ཉེས་དོན་ལྕི་ཡང་བཅས་ལ་གཞིགས་པའི་ཐག་གཅོད་བྱེད་སྟངས་ཀྱི་ཞལ་ལྕེ་ཏུན་ཧོང་གི་གནའ་བོའི་བོད་ཡིག་ཤོག་དྲིལ་ནང་ཞིབ་ཕྲ་འཁོད་འདུག་པ་ཡང་སྲོང་བཙན་གྱི་སྐུ་དུས་སམ།     ཡང་ན་དེ་ལས་ཅུང་ཕྱི་བའི་དུས་སུ་བཅས་པར་སེམས་ཏེ་གང་ལྟར་བཙན་པོའི་སྐབས་ཀྱི་ཁྲིམས་ལུགས་ལགས་སོ།    །

༣༽  ལོག་པར་མི་གཡེམ་པའི་ཁྲིམས།       སྨད་འཇལ་དང་བྱི་ཆད།    ཅེས་པ་ལོག་གཡེམ་འགོག་པའི་ཁྲིམས་ཏེ་ལོག་གཡེམ་ནི།      མིའི་ལུས་ལ་གནོད་འཚེ་གཏོང་བའི་ཉེས་པ་ཆེན་པོར་རྩི་ཞིང་བཙན་པོའི་སྐབས་ཀྱི་ཁྲིམས་ཡིག་ཏུ་བྱི་བྱས་པའི་ཡན་ལག་གི་བྲན་བཅད་ནས་ཡུལ་གཞན་དུ་སྤྱུགས་ཞེས་རྒྱལ་པོའི་བཙུན་མོ་སོགས་རིམ་གྲས་མཐོ་བའི་བུད་མེད་ལ་ལོག་གཡེམ་བྱས་པའི་ཉེས་ཆད་དུ་ཡན་ལག་གཅོད་འབྲེག་(《ལྡེའུ་ཆོས་འབྱུང་》ནང༌།     བྱི་འཇལ་སྣ་བཅད་པ་དང༌།  མིག་དབྱུང་བ་ཞེས་གསལ་)གིས་ཡུལ་མཐར་སྤྱུགས་པ་སྟེ་རྒྱང་འབུད་དུ་གཏོང་བ་དང༌།  ཐ་ན་སྲོག་གི་ཉེས་ཆད་གཅོད་ཀྱིན་ཡོད་པ།     དཔེར་ན་ཤིན་ཅང་ནས་ཐོན་པའི་ཁྲམ་ཡིག་ནང༌།   “བྱི་པོ་བགྱིས་པ་ཁྲིམས་ཆེན་ལ་ཐུག་པ།     དམག་དཔོན་དང༌།     སྤྱན་གྱིས་དབྱོངས་དཀྱིགས་ལ་གསོས་ (སོད་)ཅིག ཅེས་”  པའི་དོན་ནི།      གཞན་གྱི་ཆུང་མར་ལོག་གཡེམ་བྱས་པ་དེ་ནི་ཁྲིམས་ཆེན་པོ་ལ་ཐུག་པས་དམག་དཔོན་དང་སྤྱན་པས་སྐེ་ཐག་བསྡམས་ཏེ་དཔྱང་ནས་སོད་ཅིག་ཅེས་པའི་དོན་ལགས་ཤིང༌།      གཞན་ཡང་བོད་གནའ་རབས་པའི་ལུགས་ལ་རྒྱང་འབུད་གཏོང་བ་ཁོངས་ཀྱི་མཐའ་མཚམས་དང༌།      ཐ་ན་རང་གི་ས་མཚམས་བརྒལ་ནས་གཞན་ཡུལ་དུ་རྒྱང་འབུད་གཏོང་སྲོལ་ཡོད།     དེ་ནི་ཉེས་ཅན་རང་ཡུལ་དུ་བཞག་ནས་སྤྱི་ཚོགས་ལ་ཕན་པ་ཡོང་རྒྱུ་ཕར་ཞོག     ཁྲིམས་འགལ་ལུགས་དཀྲུག་གིས་སྤྱི་ཚོགས་ཀྱི་བདེ་འཇགས་དང༌།        ཡུལ་ལུང་གི་བདེ་སྐྱིད་ལ་གནོད་པས་མི་དེའི་གྲས་སྤྱི་ཚོགས་ཀྱི་མིའི་ཐོབ་ཐང་རྩ་བ་ནས་མེད་པར་བཟོས་ཏེ་གཞན་ཡུལ་དུ་བསྐྲད་པས་ཉེས་ཅན་དེར་ལྟོས་ན་གྲོགས་མེད་ཁེར་རྐྱང་དུ་འཇོག་པ་དང༌།       སྤྱི་ཚོགས་ལ་ལྟོས་ན་ཉེས་ཅན་དེའི་རིགས་རང་གི་ཡུལ་དུ་མ་ལྷག་པ་ཞིག་བྱེད་པའི་དོན་དུ་ཡིན།     དེ་ལྟར་ལོག་གཡེམ་གྱི་ཉེས་གསོག་ནི་ཁྲིམས་ཆེན་ལ་གཏོགས་པའི་ཉེས་པ་ཆེན་པོར་རྩི་བ་དེ་ལ་ཡང༌།     བདག་པོ་ཡོད་པའི་བུད་མེད་ལ་སྐྱེས་པས་བཙན་ཤེད་ལོག་གཡེམ་བྱས་པའམ།     བུད་མེད་ཅན་གྱི་སྐྱེས་པ་གཞན་བཙལ་ཏེ་ཕོ་མོའི་འབྲེལ་བ་བྱུང་ན་བདག་པོར་བྱི་ཆད་ཅེས་གུན་གསབ་ཀྱི་དངོས་པོ་སྤྲོད་དགོས་པའི་ཐོག་ཁྲིམས་སར་སྨད་འཇལ་གྱི་ཉེས་པ་ཡང་གསོན་ཐང་མཐོ་དམའི་བབ་ལ་བལྟས་ཏེ་འཇལ་དགོས།  །

༤༽   རྫུན་སྤོང་གི་ཁྲིམས།      ལྷ་སྲུང་དཔང་དུ་བྱས་པ་མནའ་སྤོབ་པ།    རྫུན་འགོག་པའི་ཁྲིམས་ནི།     གཙོ་བོ་ཉེས་ཅན་ནམ།     གྱོད་གཞི་བྱུང་སྐབས་གྱོད་ཡས་ཕན་ཚུན་ལ་ཁྲིམས་སར་རྒྱུ་རྐྱེན་གང་ཡིན་ཇི་མ་ཇི་བཞིན་འཆད་དགོས་པ་ལས་ནག་ཉེས་ངོས་ལེན་མི་བྱེད་པའམ།      ཡང་ན་ཧམ་བསྙོན་གྱིས་ཁྲིམས་ལས་ཐར་ཐབས་ཀྱི་རིགས་བྱས་ན་རང་རང་སོ་སོའི་ལྷ་སྲུང་དཔང་པོར་བཞག་སྟེ་མནའ་སྐྱེལ་དུ་འཇུག་དགོས་པ་དེ་ལ་དུས་ཕྱིས་བསྙོན་ཧམ་གནའ་དག་གི་ཞལ་ལྕེ་ཞེས་པ་དེའོ། 

༥༽  ཆང་ལ་ཚོད་འཛིན་དགོས་པའི་ཁྲིམས།     ཆང་བག་མེད་པར་བཏུང་བ་འགོག་པ་ནི།      གཙོ་བོ་སངས་རྒྱས་ཆོས་ལུགས་སུ་ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་ཞེས་སྤང་བྱར་གསུངས་པ་དང་རྗེས་སུ་མཐུན་པར་བཀག་རྒྱ་གནང་བ་ཙམ་ཞིག་ལས།      ཆང་ཚད་ལས་བརྒལ་བ་བཏུང་བའི་ཉེས་པ་འདི་ཡིན་རང་མེད་པར་གཙོ་བོར་ཚང་མས་དོན་འདིར་བག་ཡོད་བྱེད་དགོས་པར་བསྟན་པ་ཞིག་ཡིན་པར་སྣང༌།  །གོང་གསལ་ཁྲིམས་ཆེན་ལྔ་ནི།   སངས་རྒྱས་ཆོས་ལུགས་ཀྱི་གཏན་ཁྲིམས་རྩ་བ་བཞི་དང༌།     ཆང་བཅས་དགག་བྱར་གསུངས་པར་དཔེ་མཛད་ནས་ཁྲིམས་ཆེན་ལྔར་གྲགས་ཀྱང༌།     ནང་གསེས་དབྱེ་ན།     མི་གསོད་ཀྱི་ཉེས་ཁྲིམས།     རྐུན་མའི་ཉེས་ཁྲིམས།     ལོག་གཡེམ་གྱི་ཉེས་ཁྲིམས་བཅས་ནི་ཁྲིམས་ལུགས་དངོས་ཡིན་ལ།     རྫུན་སྤོང་བའི་ཁྲིམས་བདེན་རྫུན་མནའ་དག་གི་ཞལ་ལྕེ་ནི་ཉེས་དོན་དབྱེ་འབྱེད་བྱེད་སྐབས་ཀྱི་ཐབས་ཤེས་ཤིག་ལས།    དེ་ནི་ཉེས་ཁྲིམས་ཞིག་ཡིན་པར་ངོས་འཛིན་མི་རུང་བ་དང༌།     ཆང་ནི་བག་མེད་དུ་སྤྱོད་མི་རུང་བར་བསྟན་པ་ཙམ་ལགས་སོ།  །

༦༽  ཁེང་མི་ལྡོག་པའི་ཁྲིམས།      ཁེང་མི་ལྡོག་པ་ནི་འབངས་གྱེན་ལོག་མི་བྱེད་པའི་ཁྲིམས་ཏེ་འབངས་རྣམས་ཀྱིས་རང་རང་སོ་སོའི་རྗེ་དཔོན་གྱི་དབང་སྒྱུར་ལ་བརྩི་སྲུང་དང༌།      ཁྲལ་ཁྲིམས་ཁུར་ལེན་བྱེད་དགོས་པ་ལས་རྒྱབ་གཏོད་དང༌།    གདོང་གཏུགས་ཀྱི་གྱེན་ལོག་སོགས་བྱེད་མི་ཆོག་པ་དེ་ལ་ཟེར། 

༧༽  བང་སོ་མི་འདྲུ་བའི་ཁྲིམས།     བང་སོ་མི་འདྲུ་བའི་ཁྲིམས་ནི་གཤིན་པོའི་ཆེད་དུ་བརྩིགས་པའི་བང་སོའི་ནང་གི་རྒྱུ་ནོར་བརྐུ་བར་འདོད་ནས་བང་སོ་སྔོག་འདྲུ་བྱེད་མི་ཆོག་པ་དེ་ཡིན།  དེ་ལྟར་ཁྲིམས་ཆེན་བདུན་ཟེར་བ་དེ་ཕལ་ཆེར་ནི་ཁྲིམས་ཀྱི་གནད་དོན་དང༌།  འགའ་ཞིག་ནི་ཀུན་སྤྱོད་ཀྱི་གནད་དོན་བཅས་སྐབས་སོ་སོར་གླེང་བ་ལྟར་ལགས་སོ།  །

ག  མི་ཆོས་གཙང་མ་བཅུ་དྲུག 

དཔའ་བོ་གཙུག་ལག་ཕྲེང་བའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། 

དཀོན་མཆོག་སྐྱབས་བཟུང་དད་ཅིང་གུས་པས་མཆོད།   ། 

ཕ་དང་མ་ལ་དྲིན་གཟོ་བཀུར་བསྟི་བྱ།   ། 

དྲིན་ཅན་ཡིད་མི་གཅོད་ཅིང་བཟང་ལན་འཇལ།   ། 

མཐོན་པོ་རྣམས་ལ་མི་རྒོལ་སྨྲས་ན་ཉན།   ། 

ལས་སྤྱོད་ཐམས་ཅད་ཡ་རབས་རྗེས་སུ་འབྲང༌།   ། 

ཆོས་དང་ཡི་གེ་བློ་འཇུག་དོན་ཤེས་བྱ།   ། 

རྒྱུ་འབྲས་ཡིད་ཆེས་སྡིག་པའི་ལས་ལ་འཛེམ།    ། 

གཞན་ལ་བསམ་ངན་མི་བྱ་ཕན་པ་གདགས། 

ཅི་བྱེད་རང་སེམས་དཔང་བཞག་དྲང་པོར་བྱ།   ། 

ཟས་དང་ཆང་ལ་ཚོད་ཟིན་ཁྲེལ་འཛེམ་བྱེད།   ། 

སྐྱིན་པ་བུ་ལོན་ལ་སོགས་དུས་སུ་གཞལ།   ། 

བྲེ་སྲང་སོགས་ལ་གཡོ་ཟོལ་སྤང་བར་བྱ། 

མ་བཅོལ་ལས་ལ་དོན་མེད་ཁ་གཏོགས་སྤང༌།   ། 

རང་ཚུགས་བཟུང་ནས་བསྒྱུར་ཁ་ལྕི་བར་བྱ།   ། 

མནའ་དང་དམ་བཞག་སྲོག་ལྟར་གཅེས་པར་འཛིན།   ། 

དེ་ལ་སོགས་པ་བཀའ་ཡི་དྲིལ་བསྒྲགས་ཏེ།   ། 

ཡ་རབས་བཟང་པོའི་ལུགས་ཀྱི་བསྟན་བཅོས་དང༌།   ། 

ཕྱི་མར་ཕན་བདེའི་གོ་འཕང་དམ་པ་ལ།   ། 

བོད་འབངས་ཐམས་ཅད་བཀོད་དེ་བདེ་ཞིང་སྐྱིད།   ། 

ཅེས་པར།     སྤྱིར་མི་དགེ་བ་བཅུ་སྤོང་བའི་སྟེང་དུ་མ་ལ་མར་འཛིན་པ།    ཕ་ལ་ཕར་འཛིན་པ།   དགེ་སྦྱོང་དང་བྲམ་ཟེ་ལ་དགེ་སྦྱོང་དང་བྲམ་ཟེར་འཛིན་པ།     རིགས་ཀྱི་རྒན་རབས་བཀུར་བ།   བྱས་པ་དྲིན་དུ་གཟོ་བ།      གཞན་ལ་ངན་གཡོ་སྤོང་བ་སྟེ་མི་ཆོས་གཙང་མ་བཅུ་དྲུག་ཁྲིམས་སུ་བཅས་ཚུལ་གསུངས་པ་ལྟར་རོ།   །

 (4)  མདོ་ལོན་ཞུ་བཅད་ཀྱི་ཁྲིམས།    《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།   “ཁ་དྲག་རྣམས་ལ་མ་སྐྱེངས་ཙམ་དུ་བཅད།  ”ཅེས་དང༌།    ཁ་དྲག་ཞན་གཉིས་རྩོད་ན་བདེན་རྫུན་བརྟགས་པའི་མཐར་ཁ་དྲག་པ་མ་སྐྱེངས་ཤིང་ཞན་པ་ཡིད་མི་ཆད་པར་གཅོད་པ་མདོ་ལོན་ཞུ་ཆད་ཀྱི་ཁྲིམས་ཡིག་ཅེས་སོ།     འདི་ནི་ཁྲིམས་སར་ཞུ་གཏུག་བྱེད་མཁན་གཉིས་ཀྱི་ཞུ་དོན་ལ་བདེན་རྫུན་བརྟགས་པའི་མཐར་ཁ་དྲག་པའི་མི་ཁ་མ་སྐྱེངས་ཙམ་དང༌།        ཉམ་ཆུང་རྣམས་བློ་མ་ཕམ་ཙམ་གྱི་སྒོ་ནས་ཁྲིམས་ཐག་གཅོད་དགོས་པ་ལ་ཟེར།  །

 

(5)   དབང་ཆེན་བཅད་ཀྱི་སྤྱི་ཁྲིམས་ནི།     《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།   “གཉིས་ཀས་ལན་ལ་དབྱུག་པ་ཅན་བཞིན་དང༌།   ཞེས་པར།     གཉིས་ཀས་ལན་པ་ལ་བྲམ་ཟེ་དབྱུག་པ་ཅན་གྱིས་ཁྱིམ་བདག་གི་གླང་གཡར་ནས་གཏད་དུ་ཕྱིན་པས་གླང་ཁྱིམ་བདག་གི་ར་བར་བཏང་ནས་ཅི་ཡང་མ་སྨྲས་པར་ལོག      ཁྱིམ་བདག་གིས་གླང་དེད་བྱུང་བ་མཐོང་ཡང་མ་བཏགས་པར་བཞག་པས་གླང་ཕུགས་ཀྱི་སྒོ་ནས་ཐོན་ཏེ་སྟོར་བ་རྒྱལ་པོ་མེ་ལོང་གདོང་ལ་ཞལ་ལྕེ་ཞུས་པས།  བྲམ་ཟེས་གླང་བཏང་ཡོད་དོ་ཞེས་མ་སྨྲས་པས་ལྕེ་ཆོད།     ཁྱིམ་བདག་གིས་མཐོང་ཡང་མ་བཏགས་པས་ལག་པ་བྲེགས་ཞེས་ཞལ་ལྕེ་བཅད་པ་ལ་དཔེ་བྱས་ནས་ཆད་པ་གཉིས་མཉམ་དུ་གཅོད་པ་དབང་ཆེན་བཅད་ཀྱི་སྤྱི་ཁྲིམས།    ”    ཞེས་བྲམ་ཟེ་དབྱུག་པ་ཅན་གྱི་གཏམ་རྒྱུད་ལ་དཔེ་བྱས་ནས་ཕྱོགས་གཉིས་ལ་ལན་པ་ཡོད་ན་ཁྲིམས་བཅད་གང་འདྲ་བྱེད་ཚུལ་གཏན་འབེབས་བྱས་པ་ཞིག་རེད།  །

 

      (6)    ཁབ་སོ་ནང་པའི་ཁྲིམས་ནི།     《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།  “གཉིས་ཀ་བདེན་ན་རིགས་གཉིས་པ་ལྟར་བཅད།     །ཅེས་དང༌།      གཉིས་ཀ་བདེན་ན་ཁྱིམ་བདག་ཞིག་གི་བུ་སྐྱེས་མ་ཐག་ཏུ་ཆུར་ལྷུང་བ་ཉ་ཞིག་གིས་མིད་པ།      རིའི་འོག་ན་གནས་པའི་ཁྱིམ་བདག་གཞན་ཞིག་གིས་ཉ་དེ་ཟིན་ནས་བཤས་པས་ཁྱེ་ཞིག་མ་ཤི་བར་བྱུང་བ་ཁྱིམ་བདག་དེས་བུར་གསོས་པ་ཁྱིམ་བདག་གོང་མས་ཐོས་ནས་བརྩད་དེ་རྒྱལ་པོ་ལ་ཞལ་ལྕེ་ཞུས་པས།  གཉིས་ཀས་ཁྱེ་རེས་མོས་སུ་གསོས་ལ་བུད་མེད་རེ་རེ་ལོང༌།      བུ་བྱུང་ན་ཁྱིམ་བདག་སོ་སོས་ཁྱེར་ཅིག་ཅེས་བྱུང་ནས་ཁྱེ་རིགས་གཉིས་པར་མིང་ཆགས།     བུ་རེ་རེ་སོ་སོས་ཁྱེར།     ཕྱིས་རབ་ཏུ་བྱུང་བས་དགེ་སློང་རིགས་གཉིས་པར་གྲགས་པ་དེ་ལ་དཔེ་བླངས་ནས་གཉིས་བདེན་དང་དགའ་གསུམ་དུ་གཅོད་པ་ཁབ་སོ་ནང་པའི་ཁྲིམས་ཡིག་ཏུ་གྲགས་སྐད།  ” ཅེས་པའི་གཏམ་རྒྱུད་ལ་དཔེ་བླངས་ནས་ཕྱོགས་གཉིས་ཀ་ལ་བདེན་དོན་ཡོད་ན་དེ་ལུགས་ཀྱི་ཁྲིམས་གཅོད་ཚུལ་གཏན་ལ་ཕབ་པ་ཞིག་རེད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1