དེང་གི་དུས་སུ་ཡོངས་ཁྱབ་ཏུ་ཧ་ཅང་རྒྱུན་ལྡན་གྱི་རྣམ་པ་ཞིག་མཐོང་རྒྱུ་ཡོད་དེ།ཡུལ་གྱི་མིང་ལ་སྔོན་གྱི་མིང་བརྡ་མཁན་པོས་བརྡ་སྦྱར་བ་དེ་མིང་ནས་མི་འབོད་པར་དེ་ལ་སྙན་ཆ་ཅི་ཡོད་ཀྱིས་མིང་གསར་པ་རེ་འདོགས་ཁུལ་བྱས་བཞིན་ཡོད་པ་དེ་རེད།དུས་རབས་ཉེར་གཅིག་པ་ནི་འགྱུར་བག་རྒོད་ལ་འགྲན་རྩོད་ཆེ་ཞིང་འཕེལ་ཚད་གྱི་གོམ་ཁ་ཧ་ཅང་མྱུར་བའི་དུས་རབས་ཤིག་ཡིན།ང་ཚོ་ལ་མཚོན་ན་ཕྱིའི་དངོས་པོ་དཔལ་ཡོན་ཡར་རྒྱས་འགྲོ་བ་དང་བསྟུན་ནས་ནང་གི་བསམ་བློའི་རྒྱགས་ཕྱེ་དེའང་དུས་དང་འཚམ་པའི་ཡར་རྒྱས་གཏོང་བར་འབད་དགོས་ལ་ལྷག་པར་དུ་རང་གི་རིགས་རུས་ཆོ་འབྲང་དང་བཅས་པའི་བྱུང་རྒྱུན་དེ་ཉིད་ངེས་དགོས་པ་དེའང་ཧ་ཆང་གལ་ཆེན་པོ་ཞིག་ཏུ་ཆགས་ཡོད། ཡུལ་གྱི་མིང་ཐོགས་ཚུལ་ཡང་དེ་ལས་མ་འདས་ཏེ་དེའི་བྱུང་ཚུལ་དང་འབྲེལ་བ།འཕོ་འགྱུར་སོགས་ལ་མ་མཐའ་ཡང་དོན་དང་ལྡན་པའི་འགྲེལ་བཤད་རེ་གནང་ཤེས་དགོས་པ་དེའང་ལྡོག་མེད་ཀྱི་འགན་འཁྲི་ཞིག་ཏུ་འཁུམས་ཡོད།
དཔལ་སྨད་ཅེས་པའི་མིང་ཐོགས་ཚུལ་སྐོར།
མདོ་ཁམས་མི་ཉག་མགར་ཐར་གྱི་ས་མིང་བྱུང་ཚུལ་སྐོར་གླེང་སྐབས་ཐོག་མར་ཡུལ་གྱི་སྤྱི་མིང་དཔལ་སྨད་ཅེས་པའི་མིང་དེ་ལ་དཔྱད་དགོས་པར་སྣང་།སྤྱིར་བར་སྨད་དང་བ་སྨད་སོགས་གང་དྲན་དྲན་དང་ཁུངས་ལུང་ཅི་ཡང་མེད་པའི་ཡུལ་མིང་འབྲི་ཚུལ་མང་པོ་ཞིག་མ་དག་རྒྱུན་འབྱམས་སུ་སོང་ནས་ད་བར་དུ་སྤྱོད་ཀྱིན་ཡོད་པ་དང་།དེ་ལ་ལྷ་སྒྲུང་དང་ཀླུ་སྒྲུང་གི་རྣམ་པའི་ཐོག་ནས་འགྲེལ་བཤད་ཀྱང་འདྲ་མིན་ཤིག་ཡོད་སྐད་འདུགབར་སྨད་ཅེས་པའི་འབྲི་ཚུལ་དེ་ལ་སྔོན་བླ་རྒན་ཞིག་གི་བ་མོ་ཞིག་བོར་སོང་བས་བར་སྨད་ཅེས་མིང་དུ་ཐོགས་པ་དང་ལྷ་སྒང་ཕྱོགས་ཀྱི་འབྲོག་སྡེ་ཞིག་ནས་བ་མོ་རྙེད་སོང་བས་བ་ལངས་སུམ་མདོ་ཞེས་མིང་དུ་ཐོགས་ཚུལ་ཡོངས་གྲགས་ཀྱི་བཤད་རྒྱུན་ཞིག་ཡིན།གཏམ་རྒྱུད་དགོད་བྲོ་བ་འདི་ལ་མ་བརྟག་མ་དཔྱད་པའི་སྐྱོན་གྱི་ཆ་ཆེན་པོ་ཞིག་ཡོད་པ་སྟེ་བ་མོ་མེད་པ་རྒྱུ་མཚན་དུ་བྱས་ན་བ་མེད་ཅེས་འབྲི་དགོས་པ་ལས་བོད་ཀྱི་བརྡ་སྤྲོད་ལུགས་དང་མི་མཐུན་པའི་བར་སྨད་ཅེས་བྲིས་བ་ལ་ད་བར་དུ་དཔྱོད་ལྡན་སུ་ཞིག་གིས་ཀྱང་མ་གཟིགས་པའམ་སྣང་མེད་དུ་བཞག་ཡོད་པ་འདི་རང་རེད།
སྔོན་གྱི་ལོ་རྒྱུས་དེབ་ཐེར་ཁག་ལས་གསལ་བ་ལྟར་ན་སྔོན་གྱི་དུས་སུ་ཡུལ་སྡེ་འདིའི་མིང་ལ་དཔལ་ཡུལ་ཞེས་མིང་ནས་འབོད་པ་དང་དེའི་ཁྱབ་ཁོངས་ཀྱང་ད་སྐབས་ཀྱི་དཔལ་སྨད་གྲོང་རྡལ་ཙམ་མ་ཡིན་པར་རྟའུ་མི་རྗེ་ཉག་ག་མན་ཆད་ནས་མགར་ཐར་དང་ལྷ་སྒང་ཕྱོགས་ཀྱི་ཡུལ་སྡེ་ཐམས་ཅད་འདུས་ཡོད་པ་འདྲ།དེ་ལ་གནའ་བྲོའི་ཚིག་ཞིག་གི་ནང་དུ་གནས་ཆེན་དཔལ་ཡུལ་ལྷ་སྒང་ཞེས་པ་ལས་ལྷ་སྒང་ཕྱོགས་ཀྱང་དཔལ་ཡུལ་ཞེས་མིང་ནས་འབོད་བཞིན་ཡོད་པ་གསལ་པོ་རྟོགས་ནུས།ད་སྐབས་མགར་ཐར་ཕྱོགས་ཀྱི་ཡུལ་མི་རྣམས་ཀྱིས་བར་སྨད་ལ་འགྲོ་ཞེས་མི་བརྗོད་པར་དཔལ་ཡུལ(སྒྲ་འདོན་སྟངས་མི་དག་པའི་དབང་གིས་དཔག་ཡུས་ཞེས་པའི་སྒྲ་ཐོན་བཞིན་ཡོད)ལ་འགྲོ་ཞེས་བརྗོད་བཞིན་ཡོད་པ་དང་སྡེ་སྲིད་ཀྱི་བེེ་སེར་དུ་དཔལ་ཡུལ་བོན་དགོན་དམ་པ་རང་གྲོལ་ཞེས་བྲིས་འདུག་པ་ལས་དཔལ་སྨད་ཀྱི་བོན་དགོན་དམ་པ་རང་གྲོལ་འདི་ཉིད་ཆགས་ཡོད་སའི་ཡུལ་ལ་རྒྱལ་དབང་ལྔ་པའི་དུས་སྐབས་སུ་དཔལ་ཡུལ་ཞེས་འབོད་བཞིན་ཡོད་པ་དེ་ཚུལ་གསུམ་གཏན་ཚིགས་ལམ་ནས་རྗེས་དཔག་བློ་ཡིས་གཞལ་ཐུབ།
འོ་ན་དཔལ་ཡུལ་ཞེས་པའི་མིང་དེ་ད་སྐབས་བར་སྨད་ཅེས་བྲིས་དོན་གང་ཡིན་ཞེ་ན།དེ་ལ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དང་འགྲོགས་ནས་དུས་སྐབས་རེ་ལ་མིང་ནས་འབོད་སྟངས་མི་འདྲ་བའི་དབང་གིས་འབྲི་ཚུལ་ཀྱང་མ་དག་རྒྱུན་འབྱམས་སུ་སོང་ཡོད་པ་གོར་མ་ཆག ད་སྐབས་དཔལ་སྨད་ཅེས་པར་རོང་འབྲོག་གཉིས་ཆའི་མིང་ནས་འབོད་སྟངས་ལའང་ཁྱད་པར་ཆེན་པོ་ཡོད་དེ་འབྲོག་པ་ཚོས་བར་སྨད་ལ་འགྲོ་ཞེས་པའི་སྒྲ་ཐོན་བཞིན་ཡོད་པ་དང་རོང་པ་ཚོས་དཔལ་སྨད་ལ་འགྲོ་ཞེས་འབོད་བཞིན་ཡོད།སྤྱིར་དཔལ་ཡུལ་ལ་སྟོད་དང་སྨད་ཀྱི་དབྱེ་བ་ཡོད་ཅིང་།དཔལ་ཡུལ་སྟོད་ནི་ལྷ་སྒང་ཕྱོགས་ཡིན་པ་དང་སྨད་ཕྱོགས་ནི་ད་སྐབས་ཀྱི་དཔལ་སྨད་གྲོང་རྡལ་གྱི་མངའ་ཁོངས་ཡོངས་རྫོགས་ལ་ངོས་འཛིན་ཆོག དཔལ་ཡུལ་སྨད་ཕྱོགས་དེ་རིམ་བཞིན་དུ་ཚིག་སྡུད་དེ་དཔལ་སྨད་ཅེས་འབྲི་བའི་སྲོལ་དར་བ་དང་ནམ་ཞིག་ན་མིང་གཞི་བ་ལ་པ་ཞེས་སྒྲ་འདོན་མཁན་ཞིག་གིས་བར་སྨད་ཅེས་བྲིས་བ་ནས་བཟུང་དཔལ་སྨད་ཀྱི་མིང་ཐོགས་ཚུལ་དེར་བཤད་ལོག་དང་འགྲེལ་ལོག་འབྲི་ལོག་གི་ལམ་དུ་བཞུད་འགོ་ཚུགས་པ་རེད།
རྒྱ་ཡིག་གི་ད་སྐབས八美ཅེས་འབྲི་བར་གོ་དོན་ཅི་ཡོད་ཅེ་ན།བོད་བཙན་པོའི་དུས་སྐབས་སུ་རྒྱ་མོ་བཟའ་འུན་ཤིང་ཀོང་བོད་དུ་འོངས་སྐབས་མཛེས་མ་བརྒྱད་དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་སྙན་མོ་ཞིག་བཤད་རྒྱུ་ཡོད་པ་དང་།དེ་མིན་དམར་དམག་རྒྱང་བསྐྱོད་སྐབས་སུ་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེས་རྒྱ་ལྕང་རྐང་བརྒྱད་བཙུགས་རབས་ཀྱི་ལོ་རྒྱུས་སོགས་འདུག་ཀྱང་དོན་ངོ་མར་བོད་སྐད་ཀྱི་དཔལ་སྨད་ཅེས་པ་དེ་སྒྲ་ཟུར་ཆགས་པ་ཞིག་ཡིན་པ་ལས་དེ་ལ་མཛེས་པ་བརྒྱད་དང་ལྡན་པ་སོགས་ཀྱི་ནང་དོན་ཅིའང་མེད།ཡུལ་སྐོར་ལྗོངས་རྒྱུ་སོགས་ལ་དམིགས་ཏེ་མི་ཉག་ལྷ་སྒང་ལ་ལྷ་དགའ་ཞེས་འགྲེལ་བཤད་བྱས་པ་དང་གཅིག་མཚུངས་ལྟར་གནས་སྐབས་ཀྱི་དགོས་པ་ཞིག་ཡིན།
མི་ཉག་མགར་ཐར་ཞེས་པའི་མིང་གི་བྱུང་ཚུལ་སྐོར།
ཤར་མི་ཉག་རིང་མོའི་ཆར་གཏོགས་མདོ་སྨད་མགར་ཐར་ཞེས་པའི་ས་མིང་ཐོབ་ཚུལ་སྐོར་ལ་རྗེ་ལྕང་སྐྱ་མཆོག་གི༼དཔག་བསམ་སྙེ་མ༽ལས།མགར་ཐར་ཞེས་པའི་ས་མིང་འདི་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་མགར་སྟོང་བཙན་རྒྱའི་ཡུལ་ནས་བྲོས་ཏེ་ཐར་བའི་གནས་ཡིན་པས་ན་མགར་ཐར་ཞེས་མིང་དུ་བཏགས་པ་ཡིན་ཞེས་གསུངས་ཡོད་པ་དང་གནམ་བསྐོས་གོང་མས་གནང་བའི་མགར་ཐར་དགོན་པའི་སྒོ་བྱང་སྟེང་དུའང་༼བོད་བློན་མགར་བཙན་རྒྱ་ལས་ཐར་བའི་ས༽ཞེས་ཕྱག་བྲིས་མཛད་ཡོད་པ་ལས་མགར་ཐར་ཞེས་པའི་ཡུལ་གྱི་མིང་འདི་དང་བོད་ཀྱི་བློན་པོ་མགར་སྟོང་བཙན་དང་འབྲེལ་བ་ཆེན་པོ་ཡོད་པ་ང་ཚོས་ཤུགས་ཀྱིས་རྟོགས་ཐུབ།རྒྱལ་དབང་བདུན་པ་ངག་དབང་བསྐལ་བཟང་རྒྱ་མཚོའི་དུས་སྐབས་སུ་དབུས་ནས་སྡེ་གཟར་བྱུང་སྟེ་གནམ་བསྐོས་གོང་མའི་བཀའ་བཞིན་རྒྱལ་དབང་མཆོག་ཉིད་གནས་འདིར་ཆིབས་བསྒྱུར་གནང་སྟེ་བགྲང་ལོ་བདུན་ཙམ་བཞུགས་པས་མདོ་སྨད་མི་ཉག་མགར་ཐར་ཞེས་པའི་ཡུལ་འདིའི་མཚན་གྱི་སྙན་པ་ཕྱོགས་ཀུན་ཁྱབ།འོན་ཀྱང་དེ་ནི་བགྲང་ལོ་སུམ་བརྒྱ་ཡས་མས་དུས་སྐབས་ཀྱི་གནས་ཚུལ་ཤིག་ཡིན་པས་དེའི་ཡར་སྔོན་ན་ཡུལ་འདིར་མིང་ནས་འབོད་སྟངས་ཅི་ཡོད་ཅེ་ན།དུང་དཀར་ཚིག་མཛོད་ཆེན་མོ་ལས་མི་ཉག་ནས་ལྷ་སར་འགྲོ་བའི་ལམ་བར་ལ་མགར་ཐར་ཞེས་པའི་ས་ཆ་འདིར་དེ་སྔོན་སྒོ་གདོང་སྒོ་མོ་ཞེས་འབོད་ཅེས་གསུངས་འདུག་པས་སྒོ་གདོང་སྒོ་མོ་ཞེས་པའི་ཡུལ་མིང་འདི་ད་སྐབས་རྒྱལ་རོང་རིག་གནས་ཁྲོད་ཀྱི་ཨ་མྱེ་སྒོ་གདོང་གི་གཏམ་རྒྱུད་དང་འབྲེལ་བ་ཡོད་མེད་ཀྱང་བརྟག་དགོས་པའི་གནས་ཤིག་ཅི་ལ་མིན།ལྷག་པར་དུ་སྒོ་གདོང་སྒོ་མོ་ཞེས་འབོད་པའི་སྒྲ་འདི་ད་སྐབས་མགར་ཐར་ཞེས་པ་དང་རྒྱའི་ཡིག་ཚང་དུ噶达ཞེས་སྒྲ་ཐད་བསྒྱུར་གྱི་བྲིས་འདུག་པ་གཉིས་དང་སྒྲ་ཧ་ཅང་ཐག་ཉེ་བས་ཟུར་ཆག་གི་འབྲེལ་བ་ཡོད་མེད་ཀྱང་རིགས་པས་དཔྱད་ན་དོན་གྱི་སྙིང་པོ་གསལ་ཆ་ཅན་ཞིག་ངེས་ཤེས་རྙེད་རྒྱུ་ཡོད་པའང་སྲིད།
མགར་ཐར་ཞེས་པའི་ཡུལ་གྱི་མིང་འདི་བོད་ཀྱི་བློན་པོ་མགར་སྟོང་བཙན་དང་འབྲེལ་བ་ཡོད་པ་ནི་གཏན་དུ་འཁེལ་ཡང་བློན་པོ་རྒྱ་ཡི་ཡུལ་ནས་བྲོས་ཏེ་ཐར་བའི་གནས་ཡིན་མིན་ནི་ང་ཚོས་བསམ་གཞིགས་ནན་མོ་ཞིག་གཏོང་དགོས་པའི་དུས་ལ་བབ་ཡོད་སྟེ།སྐབས་དེར་བོད་བློན་མགར་སྟོང་བཙན་རྒྱ་ཡི་ཡུལ་དུ་ཀོང་ཇོ་སློང་བར་ཕྱིན་ཡང་ལོ་རྒྱུས་ཀྱི་ཡིག་ཚང་རེ་འགར་བྲིས་ཡོད་པ་ནང་བཞིན་རིག་སྟོབས་འགྲན་པ་དང་མཐའ་མཇུག་བློན་པོ་བྲོས་བྱོལ་བྱས་པ་སོགས་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་མིན་ནི་དཔྱད་དགོས་པའི་གནད་ཀྱི་གཙོ་བོ་ཞིག་ཡིན།གལ་ཏེ་བྲོས་བྱོལ་བྱས་ཡོད་པ་ཡིན་ནའང་གནས་འདི་ནས་ཐར་དགོས་པའི་རྒྱུ་མཚན་ཆེར་མི་འདུག་སྙམ།གཅིག་ན་ཐང་དམག་གི་དམག་སྲུང་སྟོབས་ཆེན་ཞིག་གི་བྱ་ར་ལས་ཐར་དགོས་ལ་མགར་ཐར་ཡུལ་ན་ཐང་དམག་གི་དམག་སྲུང་ངམ་འགག་སྒོ་ཡོད་པ་ཅིས་ཀྱང་མི་སྲིད།གཉིས་ན་ལོ་རྒྱུས་ཡིག་ཚང་གང་དུའང་ཐང་རྒྱལ་རབས་ཀྱི་དུས་སུ་མི་ཉག་མགར་ཐར་ནི་ཐང་རྒྱལ་དང་བོད་ཀྱི་མཐའ་མཚམས་ཡིན་ཞེས་འགོད་ཡོད་པ་ད་སྔ་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་པས་བོད་ཀྱི་བློན་ཆེན་མགར་སྟོང་བཙན་གནས་འདི་ནས་ཐར་ཞེས་པ་དེ་འགོག་བྱེད་ཅི་ཞིག་ཡོད།དེ་མིན་རྒྱའི་ཡིག་ཚང་དུ་བོད་བློན་མགར་སྟོང་བཙན་གྱིས་རྒྱ་མོ་བཟའ་བོད་དུ་བསུས་རྗེས་ཡང་བསྐྱར་ཐང་གི་རྒྱལ་ས་ཁྲང་ཨན་དུ་སོང་བའི་ལོ་རྒྱུས་བཀོད་འདུག་པས་མི་ཉེས་ཅན་ཐང་རྒྱལ་ཁབ་ནས་བྲོས་བྱོལ་བྱས་པ་ཞིག་སླར་ཡང་ཐང་རྒྱལ་གྱི་རྒྱལ་པོ་མཇལ་བར་སོང་ཞེས་ན་ཅིས་ཀྱང་གནས་ལུགས་དང་མི་མཐུན་པ་ཞིག་ཡིན།ལྷག་པར་དུ་རྒྱལ་རབས་གསལ་བའི་མེ་ལོང་དང་སྦ་བཞེད་སོགས་ན་ཐོན་མིས་བོད་ཡིག་བཟོ་ཚུལ།བོད་བློན་མགར་སྟོང་བཙན་གྱིས་རིག་པ་འགྲན་ཚུལ་དང་བྲོས་བྱོལ་བྱས་ཚུལ།ཁྲི་སྲོང་གི་ལོ་རྒྱུས་སོགས་ལ་གཏམ་རྒྱུད་ཀྱི་ཤན་ཞུགས་པ་དང་ལྷ་སྒྲུང་དང་ཀླུ་སྒྲུང་གི་རྣམ་པ་ཅན་མང་དྲགས་པས་ལོ་རྒྱུས་ཀྱི་གནད་ཐོག་ཏུ་འཁེལ་མི་ཐུབ་པར་གཞི་འཛིན་ས་མེད་པས་སྲ་བརྟན་མི་ཐུབ་པ་ཞིག་ཏུ་གྱུར་ཡོད།ལོ་རྒྱུས་འདི་རྣམས་ཀྱི་རྩོམ་པ་པོའང་ས་སྐྱ་བླ་མ་བསོད་ནམས་རྒྱལ་མཚན་དང་སྦ་གསལ་སྣང་ཡིན་མིན་གྱི་དོགས་གཞི་མང་པོ་ཡོད་རབས་གླེང་གིན་ཡོད་པས་དཔྱད་གཞི་ཡིན།རྒྱ་རྗེ་ཐང་ཐའེ་ཙུང་གི་ཚ་མོ་འུན་ཤིང་ཀོང་ཇོ་བོད་དུ་འོངས་སྐབས་མཚོ་སྔོན་ཕྱོགས་ནས་བརྒྱུད་པ་ཡོངས་གྲགས་ཀྱི་བཞེད་ཚུལ་ཡིན་པས་ད་དུང་བོད་བློན་མགར་སྟོང་བཙན་རྒྱ་ཡི་ཡུལ་ནས་བྲོས་ཏེ་ཐར་བའི་གནས་ཡིན་ཞེས་ཨུ་ཚུགས་ཀྱིས་བརྗོད་ན་ཉམས་མྱོང་ཅན་གྱི་རྒན་པོ་ཁོང་དགོད་འཆོར་བའི་རྒྱུ་ལས་མ་འདས།
དོན་གྱི་སྙིང་པོ་མདོར་གཅིག་ཏུ་དྲིལ་ན་མགར་ཐར་ཞེས་པའི་མིང་འདི་ཐོགས་ཚུལ་སྐོར་ལ་མི་ཉག་གི་ལོ་རྒྱུས་ཡིག་ཚང་ཞིག་ཏུ་མགར་དར་ཞེས་བྲིས་འདུག་པ་དང་བོད་བློན་རིག་པ་ཅན་མགར་གྱི་རིག་རྒྱུད་བྱུང་སའམ་དར་སའི་གནས་ཡིན་ཞེས་བརྗོད་འདུག་པ་དེ་གང་ནས་དཔྱད་ཀྱང་གནོད་ཤུགས་མེད་ལ་ལོ་རྒྱུས་ཀྱི་སྤྱི་འགྲོས་དང་མཐུན་འདུག་སྙམ།དེ་ལ《གུ་བཀྲའི་ཆོས་འབྱུང་།》དུ་འདི་ལྟར་འགོད་ཡོད་དེ།དེ་ཡང་ཐོག་མར་བོད་འདིར་མི་ཡི་འགྲོ་བ་ཆགས་ནས་རིང་ཞིག་ན།ཤར་མི་ཉག་བཞག་ར་དཀར་པོའི་རི་རྩེ་ལ་སྟེང་འོད་གསལ་གྱི་ལྷ་ཞིག་གནམ་ནས་བབ་པ་ལས་མི་རྣམས་ཀྱི་གནམ་ནས་བབས་པས་མཚན་མགར་གནམ་ཚ་འབྲུག་ཅེས་བཏགས་པས།དེའི་བརྒྱུད་པ་མགར་བླ་ཆེན་པོ།དེའི་སྲས་མགར་སྟོང་མེས་ཁྲི་ཆགས།དེའི་སྲས་མགར་སྟོང་བཙན་ཡུལ་བཟུང་ངམ་ཆོས་བློན་རིག་པ་ཅན་དུ་གྲགས་པ་སྟེ་ཞེས་བྲིས་ཡོད་པ་ལས་བོད་བློན་མགར་སྟོང་བཙན་གྱི་རུས་རྒྱུད་ནི་མི་ཉག་མགར་ཐར་ལས་ཆད་པ་ཡིན་པ་གསལ་བཤད་བྱས་ཐུབ།དེང་གི་དུས་སུ་ཡུལ་གྱི་སྐད་ལའང་མགར་དར་ཞེས་པའི་སྒྲ་ཐོན་བཞིན་ཡོད་པ་དང་བོད་བློན་མགར་སྟོང་བཙན་གྱི་རུས་རྒྱུད་དེ་ཉིད་གནས་འདི་ནས་དར་འཕེལ་བྱུང་ཞིང་བོད་བཙན་པོ་དུས་སྐབས་ཀྱི་ཆབ་སྲིད་དང་དམག་དོན་སོགས་ཕྱི་ནང་གི་ལས་དོན་ཀུན་ལ་འགྲན་དུ་མེད་པའི་བྱས་རྗེས་ཆེན་པོ་བཞག་ཡོད།
泰宁ཞེས་འབོད་པ་ནི་གནམ་བསྐོས་གོང་མ་གཡུང་ཊིས་མིང་དུ་བཏགས་པ་ཞིག་ཡིན།རྒྱལ་མཆོག་བདུན་པ་ངག་དབང་བསྐལ་བཟང་རྒྱ་མཚོ་མཆོག་བགྲང་ལོ་བདུན་ཙམ་གྱི་རིང་ལ་དགོན་འདིར་བཞུགས་སུ་གསོལ་ནས་གོང་མའི་མཛོད་ནས་དངུལ་སྲང་ཁྲི་ཁྲག་བཅུ་དྲུག་བཏང་སྟེ་མགར་ཐར་དགའ་ལྡན་ཡོངས་ལ་སྦྱིན་པ་གཏོང་བའི་གཙུག་ལག་ཁང་གསར་དུ་བཞེངས་པ་དང་རྒྱལ་ཁབ་དར་ཞིང་འབངས་རྣམས་སྐྱིད་པ་ཞེས་པའི་དོན་སྟོན་གྱིས་ཡོད།དགོན་པ་འདི་ལ་རྒྱའི་ཡིག་ཚང་དུ惠远庙ཞེས་བྲིས་ཡོད་པ་དེའང་གནམ་བསྐོས་གོང་མས་གནང་བའི་དགོན་པའི་མཚན་བྱང་ཡིན་ཞིང་ལེགས་ཚོགས་རིང་དུ་རྒྱས་པའི་དགོན་པ་ཞེས་པའི་དོན་ཡིན།སྤྱིར་ཡིན་ན་གོང་མ་རང་ཉིད་ཀྱིས་ཕྱག་བྲིས་གནང་བའི་སྒོ་བྱང་ཡོད་དགོས་པ་འདུག་ཀྱང་མགར་ཐར་དགོན་ལ་སྔ་ཕྱི་ཐེངས་གཉིས་ལ་ས་གཡོས་འཇིགས་པ་བྱུང་སྟེ་དགོན་པ་རྨང་ནས་གཏོར་བརླག་ཐེབས་པ་དང་ད་ལྟའི་གཞི་ཁྱོན་འདི་ཕྱིས་བྱོན་མི་ཉག་མཁས་པ་མི་ལྔའི་ནང་ཚན་སྐྱབས་རྗེ་བསྐལ་བཟང་ཡོན་ཏན་གྱི་སྐུའི་རིང་ལ་བཞེངས་པ་ཡིན་པས་དགོན་པའི་སྒོ་བྱང་ཡང་གནམ་བསྐོས་གོང་མས་གནང་བ་བཞིན་སྤྲུལ་མིང་པས་བྲིས་པ་ཡིན་ཞེས་བཀོད་འདུག་པ་ལས་ས་གཡོ་བྱུང་སྐབས་རྟེན་བརྟེན་པ་དང་བཅས་པར་གཏོར་བརླག་ཆེན་པོ་ཐེབས་ཡོད་པ་དཔོག་ཐུབ།རྗེས་སོར་ཞི་ཁམས་ཞིང་ཆེན་གྱི་སྐབས་སུ་ཀྲུའུ་ཞི་ལུའུ་ཝན་ཧྥེས(刘文辉)泰宁ཞེས་པ་རང་གི་སྤར་ཁ་དང་མ་མཐུན་པས乾宁ཞེས་བསྒྱུར་བ་ཡིན་པར་བཤད།
ད་སྐབས་ཀྱི་མགར་ཐར་ཡུལ་ཚོ་ལ协德乡ཞེས་འབོད་པ་དང་ཞི་བདེ་ཡུལ་ཚོ་ཞེས་འབྲི་བཞིན་ཡོད།དེ་ལ་ཁོ་བོ་བློ་ཡིས་དཔྱད་ན་ཞེ་སྡེ་ཞེས་བརྗོད་དགོས་པ་འདྲ། ཞེ་ནི་རྒྱའི་སྐད་དུ协ཞེས་པའི་སྒྲ་ཟུར་ཆགས་པ་ཞིག་རེད་ལ་དེང་དུས་སུ་དམག་གི་སྒྲིག་གཞི་ཞིག་ལ་གོ་དགོས་འདུག རྒྱལ་དབང་བདུན་པའི་དུས་སྐབས་སུ་སྲུང་དམག1800ཡས་མས་ཞིག་ད་སྐབས་ཆག་ནང་གྲོང་པར་བཅའ་སྡོད་བྱས་ཡོད་པ་དང泰宁协ཞེས་འབོད། རྗེས་སོར་སྲུང་དམག་དེ་དག་ལས་རེ་འགའ་དེ་རུ་ཁྱིམ་གཞིས་བཟུང་བས་དམག་གི་སྒྲིག་གཞི་ཞེ་ཞེས་པ་མིང་ནས་བཟུང་སྟེ་དེའི་སྡེ་བ་ཞེས་བརྗོད་པ་མིན་ནམ་སྙམ།གང་ལྟར་ཀྱང་ཞི་བདེ་ཞེས་འབོད་པ་དེ་རྒྱའི་སྐད་དུ协ཞེས་པ་དང་འབྲེལ་བ་ཆེན་པོ་ཡོད་ངེས།
སྤྱི་ལོ1728ལོར་རྒྱལ་དབང་བདུན་པ་ངག་དབང་སྐལ་བཟང་རྒྱ་མཚོ་དང་གནམ་བསྐོས་གོང་མ་གཡང་ཊི་རྣམ་གཉིས་མཆོད་ཡོན་ཟུང་གིས་མགར་ཐར་དགའ་ལྡན་ཡོངས་ལ་སྦྱིན་པ་གཏོང་བའི་གཙུག་ལག་ཁང་གསར་བཞེངས་མཛད་དེ་མགར་ཐར་བྱམས་པ་གླིང་ཞེས་པའི་མཚན་སྙན་རྒྱས་པ་དང་།སྤྱི་ལོ1838ལོར་རྒྱལ་དབང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མཆོག་ཉིད་མགར་ཐར་མན་ཆོད་དཀོན་བརྩེགས་གཤིས་སུ་སྐུ་འཁྲུངས་ནས་མདོ་སྨད་མགར་ཐར་གྱི་སྙན་གྲགས་བོད་ཆོལ་ཁ་གསུམ་ཙམ་དུ་མ་ཟད་ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་གྱུར་པའོ།།