སྤྱི་ཟླ་8པའི་ཚེས་11ཉིན།གསེར་རྟ་རྫོང་གེ་སར་རིག་གནས་སྒྱུ་རྩལ་ཕོ་བྲང་དངོས་སུ་གསར་བཞེངས་བྱས་ཏེ་སྒོ་བྱང་འགེལ་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཏེ།པེ་ཅིང་དང་ནང་སོག ཡུན་ནན། ཞིན་ཅང་། ཀན་སུའུ།མཚོ་སྔོན། སི་ཁྲོན་བཅས་ནས་ཕེབས་པའི་རྒྱལ་ཡོངས་གེ་སར་རིག་གནས་ཆེད་རམས་པ་དང་སྒྲུང་བཤད་སྒྱུ་རྩལ་པ་རྣམས་གེ་སར་རིག་གནས་སྒྱུ་རྩལ་བཤམས་སྟོན་ལ་གཟིགས་སྐོར་གནང་།
གསེར་རྟ་རྫོང་གི་གེ་སར་རིག་གནས་སྒྱུ་རྩལ་ཕོ་བྲང་ནི་སྤྱི་ལོ2012ལོའི་ཟླ་7པའི་ཚེས་10ཉིན་དངོས་སུ་བཞེངས་འགོ་ཚུགས་ཤིང་།2015ལོའི་ཟླ་7པའི་ཚེས་30ཉིན་ཡོངས་སུ་གྲུབ།དེའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་17818ཡོད་ལ།ཕོ་བྲང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་8658དང་སྒྱུ་རྩལ་ཐང་ཆེན་ལ་སྨི་གྲུ་བཞི་མ་9160ཡོད།ཕོ་བྲང་འདིར་བསྡོམ་པས་མ་དངུལ་དམངས་སྒོར་བྱེ་བ་7བཏང་ནས་བཞེངས་པ་ཡིན་ལ་ཁང་བརྩེགས་བདུན་དང་མཐོ་ཚད་ལ་སྨི་33.4ཡོད།རིག་གནས་ཁང་དང་དཔེ་མཛོད་ཁང་།གཟུགས་མེད་ཤུལ་བཞག་རིག་གནས་ཁང་།གེ་སར་བཤམ་སྟོན་ཁང་།ཟློས་གར་ཁང་།ལུས་རྩལ་ཐང་ཆེན་སོགས་ལས་གྲུབ་ཡོད།
གེ་སར་རིག་གནས་སྒྱུ་རྩལ་ཕོ་བྲང་ནི་གླིང་གི་སེང་འབྲུག་སྟག་རྩེའམ་མིང་གཞན་དུ་བདེ་མཆོག་ནོར་བུའི་ཕོ་བྲང་གི་བཀོད་པ་ལྟར་བཞེངས་ཡོད།ཁང་བརྩེགས་བདུན་པ་ནས་ལྔ་བའི་བར་ལྷ་ཀླུ་གཉན་གསུམ་གྱི་ཕོ་བྲང་དང་།ཕྱོགས་བཞི་ན་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་ཕྱོགས་བཞིའི་བདུད་བཞི་བཏུལ་ནས་དཀར་པོ་ཆོས་ལ་བསྒྱུར་བའི་མཛད་པ་རླབས་ཆེན་མཚོན་ཕྱིར་ཧོར་བདུད་མོང་འཇང་གི་ཆོས་བློན་ཆེན་པོ་བཞིའི་ཕོ་བྲང་བཞེངས་ཡོད། ཁང་བརྩེགས་བཞི་བ་ནས་དང་པོའི་བར་དུ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་རྣམ་པ་དང་དེ་འབྲེལ་གྱི་རིག་དངོས་ཡིག་ཆ་བཤམས་ཡོད།ད་དུང་བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་ཐང་ག་1288ཡོད་པའི་གེ་སར་སྟོང་ཐང་དང་པོ་བཤམས་སྟོན་བྱས་པ་ཡིན།