༄༅།།ཨ་ཁུ་རྒྱ་མཚོ་ཅི་ལ་དགའ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-17



      འདི་ནི་མཐོ་སྒང་གི་གྲོང་ཚོ་དཀྱུས་མ་ཞིག་ཡིན།

       གྲོང་ཚོ་འདི་ལ་དུད་ཁྱིམ་ཆིག་བརྒྱ་རྩ་གསུམ་དང་གྲོང་མི་སུམ་བརྒྱ་རེ་བཞི་ཡོད་མོད།   ད་སྐབས།   གྲོང་མི་དེ་དག་ལས་སྐད་གྲགས་ཆེས་ཆེ་བ་ནི་ཨ་ཁུ་རྒྱ་མཚོ་ཡིན་དགོས་འདུག

      ཁོ་རང་ལ་སྐད་གྲགས་དེ་འདྲ་ཆེ་དོན་ཅི་ཡིན་ནམ།   

       འོ།  ཨ་ཁུ་རྒྱ་མཚོ་ཕོ་ལོ་སོ་དྲུག་ལ་སླེབས་སྐབས།  ད་གཟོད་ཆུང་མ་ཞིག་ཡོད་པར་གྱུར་པ་ཡིན་ལ།   དེ་དུས།   ཨ་ནེ་ལྷ་མཚོ་ནི་མོ་ལོ་ཉི་ཤུ་རེད།   

 “མག་པ་ནི་རྒན་པ་ཞིག་རེད།   འདི་ནི་མག་པ་ཞིག་ཡིན་ནམ།” ཨ་ནེ་ལྷ་མཚོའི་ཨ་མ་ནི་སྡུག་སྣང་མེད་པའི་སྐྱེས་མ་བློ་ཡངས་ཤིག་ཡིན་མོད། མག་པ་མཐོང་མ་ཐག་སེམས་ལ་སྐྱོ་གདུང་ཆེན་པོ་ཞིག་སྐྱེས་བྱུང་།      

  “ཁ་རོག  ཁྱིམ་གྱི་འབྱོར་བའི་གནས་ཚུལ་ལ་གཞིག་དང།   འདི་ལས་ལྷག་པའི་མག་པ་ཞིག་རྙེད་དམ།” ཨ་ནེ་ལྷ་མཚོའི་ཨ་ཕའང་འུ་ཐུག་འདུག

“ཆ་རྒྱུས་མེད་པ་རྣམས་ཀྱིས་མཐོང་ན།   ཁོ་རང་ནི་བུ་མོའི་མག་པ་ཡིན་པར་མི་འདོད་དེ།  ང་རང་གི་སྐྱེས་པ་ཡིན་པར་འདོད་ངེས་ཡིན།”

“འོ་ན་ཅི་བྱ།  ཐབས་གཞན་ཡོད་དམ།”

“……”

  ཨ་ཁུ་རྒྱ་མཚོའི་མི་རབས་སྔོན་མ་མང་པོ་ཞིག་ནི་འབྱོར་མེད་ནང་གི་འབྱོར་མེད་འབའ་ཞིག་ཡིན་པས།   གྲོང་མིའི་ཁྲོད་ན་གོ་གནས་ཅི་ཡང་མེད་མོད།   བཅིངས་གྲོལ་རྗེས་སུ།   འབྱོར་མེད་གྲལ་རིམ་ལ་གོ་གནས་ཆེན་པོ་ཡོད་པར་གྱུར་པ་དང་བསྟུན་ནས།   གྲོང་མི་རྣམས་ཀྱི་སྤྱི་ཚོགས་གོ་གནས་ལ་འགྱུར་ལྡོག་རབ་དང་རིམ་པ་བྱུང་བ་ན།   ཨ་ཁུ་རྒྱ་མཚོའི་ཨ་ཕ་ནི་རང་གི་གྲོང་ཚོའི་སྡེ་དཔོན་དུ་གྱུར་ཏེ།   དུས་ཡུན་རིང་པོར་གྲོང་ཚོའི་སྤྱི་དོན་གཉེར་སོང་།    ཨ་ཕ་སྡེ་དཔོན་ཡིན་པ་ན།   ཐོན་སྐྱེད་རུ་ཁག་བཙུགས་ཡོད་པའི་སྐབས་སུ།   ཨ་ཁུ་རྒྱ་མཚོ་བུ་སྤུན་རྣམས་ནི་ངལ་རྩོལ་ལ་དེ་ཙམ་འཇུག་མ་དགོས་པས།  ལུས་སེམས་གཉིས་ཀ་རྒྱ་ཡན་ལ་བཏང་སྟེ་འཚོ་བ་ནི་གང་འདོད་འདོད་དུ་རོལ་པ་ཡིན་མོད།   འོན་ཏེ་འགན་གཙང་ལེན་གྱི་ལམ་ལུགས་ལག་བསྟར་བྱས་རྗེས།   གཅིག་ན་ཨ་ཁུ་རྒྱ་མཚོའི་ཨ་ཕ་ནོར་ལུགས་འཚོ་སྐྱོང་ལ་མི་ཤེས་པ་དང་། གཉིས་སུ་བུ་དགུ་ཡོད་པ་ལས་གཅིག་ཀྱང་སྒོ་ཕྱུག་འཚོ་སྐྱོང་ལ་མི་གོམས་པས། སྒེར་ལ་བགོས་པའི་ནོར་ལུག་རྣམས་ནི་རིམ་གྱིས་རྫོགས་ཏེ་སླར་ཡང་འབྱོར་མེད་ཀྱི་གྲས་སུ་ཚུད་པ་ན།  ཨ་ཕའི་སྡེ་དཔོན་གྱི་གོ་གནས་ཤོར་སོང་བ་མ་ཟད།    སྤུན་རྣམས་ཀྱང་གཞི་གཅིག་ནས་འཚོ་ཐབས་བྲལ་ཏེ་སྔ་ཕྱི་བྱས་ཏེ་ས་མཐར་འཁྱམས་སོང་བ་དང་།    ཨ་ཁུ་རྒྱ་མཚོས་ཁྱིམ་གཞི་ཞིག་ལ་དམིགས་ཏེ་དུས་ཡུན་རིང་པོར་འཁྱམས་པ་ན།  ཕོ་ལོ་སོ་དྲུག་གི་སྐབས་སུ།   ད་གཟོད་རང་ཉིད་ལ་སྡོད་གནས་ཤིག་རྙེད་སོང་།

    ཨ་ཁུ་རྒྱ་མཚོ་ལ་འཇོན་ཐང་ཅན་གྱི་དབང་བོ་ཞིག་ཡོད་པ་ནི་ཁོ་རང་གི་ཁ་དེ་ཡིན་ལ།   དེ་ཉིད་དུད་ཁྱིམ་འདི་ལ་ཐོག་མར་སླེབས་སྐབས།   ཁྱིམ་གཞི་སྐྱོང་ལུགས་ཐད་ཀྱི་བློ་བཀོད་དེ་གོ་རིམ་ཡོད་པ་དང་གནད་ལ་འབབ་པའི་སྒོ་ནས་རྒྱས་བཤད་བྱས་པ་ན།   ཁྱིམ་མི་རྣམས་ནི་ཧ་ལས་ཏེ།   རྗེས་ཀྱི་འཚོ་བར་རེ་ལྟོས་ཆེན་པོ་ཡོད་པར་གྱུར།

     མག་པ་ནི་རྒས་འདུག་ཀྱང་།   ཁྱིམ་གཞི་སྐྱོང་ལུགས་ལ་ཧ་ཅང་མཁས།   སྐྱིད་པ་ལ་ཨང་། ཨ་ནེ་ལྷ་མཚོའི་ཨ་མ་ཤིན་ཏུ་དགའ་བར་གྱུར།

    གལ་ཏེ་ཁ་བཤད་དོན་ལ་གནས་པ་ཞིག་ཡིན་ན།  མག་པ་ནི་ནོར་མི་འདུག  ཨ་ནེ་ལྷ་མཚོའི་ཨ་ཕའི་སེམས་ལའང་དགའ་སྣང་ཞིག་འཕོས་བྱུང་།

    མཚན་མོ་དེར་། ཨ་ནེ་ལྷ་མཚོས་ཐོག་མར་དགའ་སྣང་ཆེན་པོས་ཨ་ཁུ་རྒྱ་མཚོ་རང་གི་མལ་དུ་དྲངས་པས།    དུས་དེ་ནས་བཟུང་ཁོ་གཉིས་ངེས་པ་དོན་གྱི་ཁྱོ་ཤུག་ཏུ་གྱུར་སོང་།

    དུད་ཁྱིམ་དེའི་དགའ་སྣང་ནི་ཤིན་ཏུ་མི་རྟག་པར་གྱུར།   འདི་ཁོ་ཚོར་མཚོན་ན་དངོས་འབྲེལ་བསམ་ཡུལ་ལས་འདས་པ་ཞིག་རེད།

    འབྲོག་པ་ཞིག་ཡིན་ན་ཕྱུགས་རྫིར་འགྲོ་དགོས་མོད།   ཨ་ཁུ་རྒྱ་མཚོ་ནི་ནོར་ལུག་འཚོ་སྐྱོང་ལ་གཏན་ནས་མི་དགའ་བ་མ་ཟད།   ནམ་རྒྱུན་དགའ་མི་དགོས་པའི་རང་ལུགས་འཐད་ལྡན་འབའ་ཞིག་ཀྱང་འདྲེན་ནུས།   ཐེངས་ཤིག་ལ་ཨ་ནེ་ལྷ་མཚོས་ཁོ་རང་བཙན་ཤུགས་ཀྱིས་ཕྱུགས་རྫིར་དེད་པ་ན།   ཕྱི་དྲོ་ཁྱིམ་ལ་ལོག་སྐབས།    ནོར་ལུག་ཉུང་ཤས་དེ་དག་གི་ཕྱེད་ཀ་ཙམ་ལས་དེད་མི་འདུག   ཨ་ནེ་ལྷ་མཚོས་ཚུལ་དེ་མཐོང་བ་ན་ཁོང་ཁྲོ་ཆེན་པོ་དང་བཅས“རྒས་ཏེ་འཆི་ལ་ཉེ།  ནོར་ལུག་འདི་ཙམ་ཞིག་ཀྱང་འཚོ་མི་ནུས་སམ”ཞེས་དྲིས་མོད།   ཨ་ཁུ་རྒྱ་མཚོས་བདེན་ཅོག་ཅོག་གིས“མི་རེ་རེ་ལ་འཇོན་ཐང་མི་འདྲ་བ་རེ་རེ་ཡོད།   དེ་ལོ་ན་ཚོད་དང་འབྲེལ་བ་ཅི་ཡང་མེད།  ང་ལ་ནོར་ལུག་འཚོ་སྐྱོང་ཐད་ཀྱི་འཇོན་ཐང་མི་ལྡན།   ཚུལ་འདི་ནི་རྗེ་ཙོང་ཁ་པ་ནི་སྔར་དུས་བྱུང་མ་མྱོང་བ་དང་རྗེས་སུ་འབྱུང་མི་སྲིད་པའི་མཁས་པ་ཆེན་པོ་ཞིག་ཡིན་རུང་།   ཁོང་གིས་ནོར་ལུག་འཚོ་མི་ཤེས་པ་དང་གཅིག་པ་གཅིག་མཚུངས་རེད”ཅེས་བརྗོད་བྱུང་བས།   ཨ་ནེ་ལྷ་མཚོས་ཁྱོ་གའི་གཏམ་ནི་གནས་ལུགས་དང་མི་མཐུན་པ་རྟོགས་མོད།  གནས་ལུགས་བརྗོད་དེ་ཁྱོ་གའི་བློ་ཁ་སྒྱུར་མི་ནུས།  ཡང་ཐེངས་ཤིག་ལ།   ཨ་ཁུ་རྒྱ་མཚོས་ནོར་ལུག་རི་ནས་བསྐྱུར་ཏེ་ས་ཆ་གཞན་ཞིག་ལ་འཁྱམས་སོང་།   ཁོ་རང་སླར་ཁྱིམ་ལ་ལོག་སྐབས་ཨ་ནེ་ལྷ་མཚོས་འུ་ཐུག་པའི་ངང་ནས“ནོར་ལུག་འདི་དག་འུ་ཅག་གི་འཚོ་རྟེན་གཅིག་པུ་རེད།   ཁྱོད་ཀྱིས་དེ་དག་བསྐྱུར་ནས་གང་ལ་སོང་བ་ཡིན”ཞེས་དྲིས་པ་ན།   ཨ་ཁུ་རྒྱ་མཚོས་སླར་ཡང་བདེན་ཅོག་ཅོག་གིས“ང་ལ་ནོར་ལུག་འཚོ་བ་ལས་དོན་དག་གལ་ཆེན་ཞིག་ཡོད་པས།  དོན་དག་དེ་སྒྲུབ་པར་སོང་བ་ཡིན”ཞེས་བརྗོད་བྱུང་།   

   དུས་དེ་ནས་བཟུང་།   ཨ་ཁུ་རྒྱ་མཚོ་ཕྱུགས་རྫིར་འགྲོ་མི་དགོས་པར་གྱུར་མོད།   ཨ་ནེ་ལྷ་མཚོ་གློ་བུར་དུ་རྒས་སོང་།

    བུ་མོའི་སེམས་ཀྱི་སྡུག་བསྔལ་གདོང་ལ་ཤར་འདུག་པ་དེ་མཐོང་བ་ན།   ཨ་ནེ་ལྷ་མཚོའི་ཕ་མ་གཉིས་ཀྱི་གདོང་གི་གཉེར་མ་དེའང་ཅི་ཞིག་གིས་འབྲི་བཞིན་ཡོད་པ་ཇི་བཞིན།   ཉིན་བཞིན་ཇེ་མང་ནས་ཇེ་མང་ནས་ཇེ་ཟབ་ཏུ་གྱུར་སོང་།

    སྐབས་ཤིག་ལ།   ཨ་ཁུ་རྒྱ་མཚོ་ནི་གྲོང་སྡེའི་དུད་ཁྱིམ་སོ་སོར་སོང་སྟེ་ཀོ་བ་དང་པགས་པ་བསྡུས་རྗེས།   ཡུལ་ཚོ་སྲིད་གཞུང་ལ་སོང་སྟེ་ཞྭ་མོ་དཀར་པོ་ཅན་གྱི་ཚོང་པ་རྣམས་ལ་འཚོང་གིན་གདའ།   སྐབས་དེར་ཚོང་ལ་ཁེ་སྤོགས་ག་འདྲ་བྱུང་བ་མི་ཤེས་མོད།   ཁོ་རང་ནམ་རྒྱུན་འགྲོ་བཞིན་ཡོད་པའི་དུད་ཁྱིམ་ལ་ལའི་ཁྱོ་ཤུག་བར་ལ་འགལ་ཟླ་དྲག་པོ་བྱུང་བ་ན།   སྐྱེས་པ་ལ་ལས་ཆུང་མར་གཅར་རྡུང་བྱས་པ་མ་ཟད།   ཨ་ཁུ་རྒྱ་མཚོ་ལའང་གཅར་རྡུང་དྲག་པོ་བྱས།   ཚུལ་དེ་ཞིབ་ཏུ་ཐོས་པ་ན།   ཨ་ནེ་ལྷ་མཚོའི་སེམས་པ་སྐྱོ་ལྷང་ལྷང་བྱེད།

“རྒྱ་མཚོ།  ཁྱོད་ནི་ལས་ཀ་ལས་པར་རུང་བ་ཀུན་ལ་གཏན་ནས་མི་མཁས།  ལས་མི་རུང་བ་ཀུན་ལ་འདི་འདྲ་མཁས་དོན་ཅི་ཡིན་ནམ།”

“ལས་ཀ་འདི་ལ་ང་གཅིག་པུ་མཁས་པ་མིན། གནམ་འོག་གི་སྐྱེས་པ་ཐམས་ཅད་འདི་ལ་མཁས།” ཨ་ཁུ་རྒྱ་མཚོས་ཅི་མི་སྙམ་པའི་ངང་ནས་དེ་ལྟར་བརྗོད།

“གནམ་འོག་ན་གནས་ལུགས་འདི་འདྲ་ཞིག་ཀྱང་ཡོད་དམ།”

“གནམ་འོག་གི་གནས་ལུགས་ནི་འདི་འདྲ་ཞིག་ཡིན།”

  ཨ་ནེ་ལྷ་མཚོའི་ཡིད་ལ་ཅི་ཡང་མི་འཁོར་བར་གྱུར་པས། ཨ་ནེ་ལྷ་མཚོས་ཨག་རྒྱངས་ལན་ཞིག་བྱས་རྗེས།   ཁྱོ་གའི་ཕྲག་པར་འཐམས་ཏེ་ཤུགས་ཀྱིས་ལན་ཞིག་གཡུགས་པ་ན།   ཨ་ཁུ་རྒྱ་མཚོ་ནི་བྱ་སྒྲོ་རླུང་གིས་སྤུར་པ་ཇི་བཞིན་བར་སྣང་ནས་འཁྱུག་ཙམ་བྱས་ཏེ་ས་ལ་འགྱེལ་སོང་བ་དང་།  ཨ་ནེ་ལྷ་མཚོ་ནི་རྒྱ་ཁྲས་བྱེའུ་མནན་པ་ལྟར་ཁྱོ་གའི་ལྟོ་བར་བཞོན་སོང་།

  སྐབས་ཤིག་ལ།   ཨ་ནེ་ལྷ་མཚོའི་དྲན་པ་ཅུང་ཟད་སོས་པས།   མོས་རང་ཉིད་ཀྱིས་ཅི་ཞིག་བྱས་སོང་ངམ་སྙམ་བཞིན་ས་ལ་ལྟ་ཙམ་བྱས་པ་ན།   ཁྱོ་གས་འཇིགས་སྣང་ཆེན་པོ་དང་བཅས་རང་ལ་མིག་གིས་ལྷེམ་ལྷེམ་དུ་བལྟས་འདུག་པ་མཐོང་བྱུང་།   དུས་དེ་ནས་བཟུང་ན།   ཨ་ཁུ་རྒྱ་མཚོས་རང་ཉིད་ནི་འཐབ་ན་ཆུང་མའི་དོ་ཟླ་མིན་པ་ཤེས་སོང་།

  ལོ་ནི་ག་དུས་ཡིན་པ་མི་ཤེས་མོད།   གང་ལྟར་དུས་ཚིགས་ནི་དགུན་གྱི་དུས་ལ་གཏོགས།   ཨ་ནེ་ལྷ་མཚོའི་ཕ་མ་གཉིས་ཀ་སྔ་ཕྱི་བྱས་ཏེ་ན་སོང་བས།   ཁོ་མོས་ཕ་མ་གཉིས་ཀ་ཁུལ་མི་དམངས་སྨན་ཁང་ལ་མི་ཁྲིད་ཀ་མེད་བྱུང་།   དགུན་གྱི་དུས་སུ།   དུད་ཁྱིམ་སོ་སོར་རྩྭ་མཛོད་ར་བ་ཡོད་པ་ན།   ནོར་ལུག་རྣམས་ནི་ཞོགས་པར་ལྷས་དང་གྱེས་ཏེ་ཕྱི་ལ་འགྲོ་བ་དང་།   ཕྱི་དྲོ་རིམ་བཞིན་ལྷས་ལ་འཁོར་ཡོང་བས།   སྐབས་འདིར་གཡང་ཟོག་དེ་དག་ལ་ལྟ་རྟོགས་བྱེད་མཁན་ཙམ་ལས་འཚོ་སྐྱོང་བྱེད་མཁན་ནི་མི་དགོས།   གནས་ཚུལ་འདི་འདྲའི་འོག་ཏུ།   ཨ་ནེ་ལྷ་མཚོས་ཡིད་སེམས་ཅུང་ཟད་བདེ་བའི་སྒོ་ནས་ནོར་ལུག་རྣམས་ཨ་ཁུ་རྒྱ་མཚོ་ལ་གཏད་དེ།   རང་གིས་ཕ་མ་ཁྲིད་དེ་སྨན་ཁང་ལ་ཕྱིན་སོང་།   ཕ་མ་གཉིས་ཀའི་གཟུགས་གཞི་བདེ་ལ་ཅུང་ཟད་བབས་རྗེས།   ཁོ་མོས་ཕ་མ་བསྐྱུར་ཏེ་ཁྱིམ་ལ་ཤར་རྒྱུག་ལན་ཞིག་བྱས་པ་ན།   ནོར་ལུག་གི་གྲངས་ཀར་འགྱུར་ལྡོག་ཅི་ཡང་མེད་མོད།   ཁྱིམ་གྱི་ཁང་མིག་ཆུང་ཆུང་དེ་ལ་འགྱུར་ལྡོག་ཅུང་ཟད་བྱུང་འདུག

  ཐབ་ཀའི་འགྲམ་གྱི་རྩིག་པའི་ངོས་སུ་ཁུང་བུ་ཞིག་བརྟོལ་འདུག་པ་དང་།   ཁུང་བུའི་ནང་ལ་ཞབས་སྟེགས་མེད་པའི་ཤེལ་དམ་ཞིག་བཙུགས་འདུག   འདི་ནི་ཅི་ཞིག་ཡིན་ནམ།   ཨ་ནེ་ལྷ་མཚོ་ཁང་པའི་ཕྱི་ལ་བརྒྱུགས་ཏེ་ཞིབ་ལྟ་བྱས་པ་ན།   རྩིག་པའི་ངོས་ལ་ཆབ་རོམ་སེར་མདངས་འཛིན་པ་ཞིག་འབྱར་འདུག་པ་དང་།   ཉི་འོད་འོག་ཏུ་འོད་ཀྲིག་ཀྲིག་བྱེད་པ་མཐོང་བྱུང་།    འདི་ནི་ནི་གཅིན་མིན་ནམ།   

  ཨ་ནེ་ལྷ་མཚོ་བསམ་གཞིག་གི་ལས་ལ་རོལ་བཞིན་ཁང་པའི་ནང་ལ་འཛུལ།

“རྒྱ་མཚོ།  ཁུང་བུ་འདི་ནི་ཅི་ཞིག་ཡིན་ནམ།”

 “དེ……དེ……དེ་གཅིན་ཁུང་རེད།”ཨ་ཁུ་རྒྱ་མཚོས་འཚབ་འཚུབ་ངང་ནས་དེ་ལྟར་བརྗོད།

 “གཅིན་ཁུང་ཟེར་རམ……”ཨ་ནེ་ལྷ་མཚོ་བློང་བློང་བར་གྱུར། 

“དགུན་དུས་གནམ་གཤིས་འཁྱགས་པས།   མཚན་མོ་ཕྱི་ལ་འགྲོ་ན་དཀའ་ཁག་ཆེ།  ངས་འདི་ནས་གཅིན་ཁུང་ཞིག་བརྟོལ་པ་ཡིན།   འདི་འདྲ་ཡོད་ན་འཚོ་བ་སྟབས་བདེ་རེད།”ཨ་ཁུ་རྒྱ་མཚོས་ཞེད་སྣང་དང་བཅས་རང་གི་ཡིན་ལུགས་དེ་བརྗོད་བྱུང་།  

  “གནམ་གཤིས་ག་འདྲ་འཁྱག་རུང་། གཅིན་སྐྱག་ཁྱིམ་ནས་གཏོང་བ་འདི་ནི་གཏན་ནས་མི་སྲིད་པ་ཞིག་མ་ཡིན་ནམ།” ཨ་ནེ་ལྷ་མཚོ་ལ་ཁོང་ཁྲོ་ལྡང་བྱུང་།

“གཅིན་པ་ཁྱིམ་ནས་བཏང་རུང་།   དེ་གཅིན་ཁུང་བརྒྱུད་ནས་ཕྱི་ལ་སོང་འདུག   དེ་འདྲ་ཡིན་ན་ཕྱི་ལ་སོང་ནས་བཏང་བ་དང་ཁྱད་པར་ཡོད་དམ།” ཨ་ཁུ་རྒྱ་མཚོ་རང་རློམ་དང་དང་བཅས་དེ་ལྟར་བརྗོད།  

  གནས་ལུགས་ནི་རང་གི་ཕྱོགས་ན་ཡོད་རུང་། ཨ་ནེ་ལྷ་མཚོས་ཁྱོ་གའི་ཚིག་ལ་ཚིག་ལན་མ་རྙེད་པས།   སྐད་ཅིག་ཉིད་ལ་ཁོང་ཁྲོ་གློ་བུར་བ་ཞིག་ལྡང་བ་དང་།   ཡུད་ཙམ་གྱི་རྗེས་སུ་ཞེ་སྡང་གིས་ལེགས་ཉེས་བླང་དོར་གྱི་བློ་དེ་བསྒྲིབས་པ་ན།   སྔར་ལྟར་ཨག་རྒྱངས་བྱེད་བཞིན་ཁྱོ་གའི་ཕྱོགས་སུ་མཆོང་སོང་།  སྐབས་དེར།   ཨ་ཁུ་མྱུར་མོར་འབྲོ་གྲབས་བྱས་མོད།  གོམ་པ་འགའ་ཤས་སྤོས་པའི་རྗེས་སུ།   ཕྲག་པ་གཟེར་བྲང་ངེར་སོང་བ་དང་ལྷན་དུ་ལུས་པོ་ལྗིད་ཏིག་གེར་ས་ལ་འགྱེལ་སོང་།

  ཕྱི་ཉིན།  ཨ་ཁུ་རྒྱ་མཚོའི་གདོང་དུ་སྐྲངས་འབུར་དང་སྔོ་ཐིག་ཀར་ཀོར་འགའ་མཐོང་ཐུབ་ལ།   འདི་ནི་ཨ་ནེ་ལྷ་མཚོས་ཐོག་དང་པོར་རང་གི་ཁྱོ་གར་གཅར་རྡུང་བྱས་པའི་མཐའ་འབྲས་རེད།  

 ཨ་ནེ་ལྷ་མཚོ་སྡུག་བསྔལ་ཁྲོད་ན་རྒས་བཞིན་འདུག་ལ།   ཕ་མ་གཉིས་ཀ་སྡུག་བསྔལ་ཁྲོད་ནས་རིམ་བཞིན་རྒས་ཏེ་ཚེ་ལས་འདས་སོང་།   ཁོ་མོའི་ཨ་མ་འཆི་ལ་ཉེ་སྐབས་བུ་མོའི་ལག་མགོར་འཇུས་ཏེ“ལྷ་མཚོ།  ཨ་མས་ཁྱོད་ཀྱི་མགུལ་ལ་ཕ་བོང་ཆེན་པོ་ཞིག་བཏགས་བྱུང” ཞེས་བརྗོད་དེ།  མཆི་མ་ཡང་ནས་ཡང་དུ་བཏོན་བྱུང་བ་མ་ཟད།   ཚེ་ལས་འདས་ཀྱང་མིག་ཀོང་གི་མཆི་མ་དེ་སྔར་བཞིན་བསྲད་མི་འདུག   རྣམ་པ་དེ་ཡིད་ལ་འཁོར་ན།   ད་ལྟའི་དུས་སུ་ཨ་ནེ་ལྷ་མཚོའི་སེམས་པ་གཟེར་བྲང་བྲེང་བྱེད།

  དུས་རྒྱུན་འཚོ་བ་ནི་སྡུག་བསྔལ་གྱིས་བསྐྱལ་པ་ན།   ཨ་ཁུ་རྒྱ་མཚོ་ཁྱོ་ཤུག་གཉིས་ལ་བྱིས་པ་ཞིག་ཀྱང་སྐྱེ་མ་བྱུང་།

 མདོ་དབུས་ལྕགས་ལམ་འཛུགས་སྐྲུན་བྱེད་སྐབས།   ཨ་ཁུ་རྒྱ་མཚོ་སྡེ་མི་འགའ་དང་ལྷན་དུ་མཚོ་སྔོན་པོར་ཞོར་ལས་འཚོལ་དུ་ཕྱིན་སོང་ལ།   འདི་ནི་ཁོ་རང་གིས་ལུས་ཤུགས་ངལ་རྩལ་ཞིག་དམིགས་ཏེ་ཐོག་དང་པོར་ཕྱི་ལ་སོང་བ་ཡིན།   འོན་ཏེ་ཟླ་གཅིག་གི་རྗེས་སུ་ཁོ་རང་ཁུལ་མི་དམངས་སྨན་ཁང་ན་ཡོད་པ་དང་སྨན་ཡོན་རྫོགས་ལ་ཉེ་བ་ཐོས་རྗེས།   ཨ་ནེ་ལྷ་མཚོ་མྱུར་བ་མྱུར་བར་སྨན་ཁང་དུ་སོང་བ་ན།   ཨ་ཁུ་རྒྱ་མཚོ་དངོས་འབྲེལ་སྨན་ཁང་དུ་བསྡད་འདུག་མོད།   ནད་པ་སྐོར་ཞིག་གིས་ཁོ་མོར་ཞེད་སྣང་གིས་ལྟ་བ་མ་ཟད།   ག་དུས་ཡིན་ཡང་གཞའ་ནས་སོང་སྟེ་ཅི་ཞིག་ལ་འཛེམ་བཞིན་གདའ།   འདི་ནི་ཅི་ཞིག་ཡིན་ནམ།   སྐབས་དེར་ཁོ་མོས་རང་གི་དོགས་གཞི་ལ་ལན་གཏན་ནས་མ་རྙེད།   རྗེས་སུ།   ཁྱོ་ག་དང་ལྷན་དུ་ཞོར་ལས་ལ་ཕྱིན་པའི་སྡེ་མི་རྣམས་སླར་ལོག་པ་ན།   སྡེ་མི་ཞིག་གི་ངག་ལས་རྒྱུ་མཚན་གསལ་པོར་རྟོགས་སོང་།   མ་གཞིར་མདོ་དབུས་ལྕགས་ལམ་འཛུགས་སྐྲུན་བྱེད་སྐབས།   ལྕགས་ལམ་གྱི་ལས་ཡུལ་གང་ལ་སླེབས་ན།   ཨར་མོ་རྣམས་ཀྱིས་ཨར་ཁང་དེ་ལ་སྤོར་བཞིན་ཡོད་ལ།   ཨ་ཁུ་རྒྱ་མཚོས་ལས་ཡོན་བླངས་རྗེས།   ནམ་རྒྱུན་ཨར་ཁང་ལ་སོང་སྟེ་ཨར་མོ་རྣམས་དང་བདེ་བར་རོལ་བ་ན།   མཐའ་མར་སྦྱར་དུག་ཕོག་སྟེ་སྨན་ཁང་དུ་མི་འགྲོ་ཐབས་མེད་བྱུང་བ་རེད།   

 འོ།  ཁོ་རང་ལྕགས་ལམ་གྱི་ལས་ཡུལ་ལ་འགྲོ་དོན་ནི་དེ་འདྲ་ཞིག་ཡིན་ནམ།  ཐོག་མར་ལས་ལ་ཆས་སྐབས།  ཡིད་ལ་བཅངས་འདུག་པ་ནི་སྒོར་མོ་མིན་ལ་ཨར་མོ་ཡིན་དགོས་འདུག དེ་འདྲ་མིན་ན་ས་ཆ་དེ་ལ་འགྲོ་སྲིད་དམ། ཁོ་རང་ལ་འཛོམས་པ་ནི་ལེ་ལོ་དང་འདོད་སྲེད་ཡིན།  ཨ་ནེ་ལྷ་མཚོའི་གདོང་ནས་མཆི་མ་ཐིག་ཕྲེང་འགའ་འགྲིལ་བྱུང་།  དུས་དེ་ནས་བཟུང་།   ཨ་ནེ་ལྷ་མཚོས་ཨ་ཁུ་རྒྱ་མཚོ་མཐོང་ན་སྐྱུག་མེར་མེར་བྱེད་མོད།   དོན་ལ་མི་གནས་པའི་ཁྱོ་ཤུག་གི་འབྲེལ་བ་དེ་སྔར་བཞིན་རྒྱུན་འཛིན་བྱས།    ཁོ་མོར་ཐབས་བཀོད་ཅི་ཞིག་ཡོད་དམ།   ཨ་ཁུ་རྒྱ་མཚོའི་གསང་བ་དེ་དག་ཕྱི་ལ་བསྒྲགས་ན།   ཁོ་མོའི་ངོ་ཚ་ཞིག་ཀྱང་ཡིན།

  ཉིན་ཞིག་གི་ཉིན་གུང་།    ཨ་ཁུ་རྒྱ་མཚོ་སྔར་ཡང་ཆབ་ཆར་སླེབས་བྱུང་།    སྐབས་དེར།   ཆབ་ཆ་ཐང་ཆེན་ནི་མི་ཚོགས་ཀྱིས་བཟུང་འདུག   ཁོ་རང་ནི་ལྟད་མོར་ཤིན་ཏུ་དགའ་བས།   མི་ཚོགས་གྲས་སུ་བཙིར་ཏེ་མདུན་ནས་མདུན་ལ་སོང་བ་ན།   མི་རྣམས་ཀྱིས་རྒྱན་བྱང་ཉོ་བཞིན་ཡོད་པ་རྟོགས་སོང་།  

 རྒྱན་བྱང་འཚོང་བཞིན་ཡོད་པའི་གཞོན་ནུ་མ་དེས་ཐོག་མར་ཨ་ཁུ་རྒྱ་མཚོའི་ཚི་དྲེག་ཆགས་པའི་གདོང་ལ་ལན་ཞིག་བལྟས།   དེ་ནས་ཁོ་རང་གིས་གྱོན་འདུག་པའི་བོད་གོས་ཧྲུལ་པོ་དེ་ལ་ཞིབ་ལྟ་ལན་ཞིག་བྱས་པ་དང་། མཇུག་མཐར་ཁོ་མོར་གཏད་འདུག་པའི་བཅུ་ཤོག་ལྟེབ་མ་དེ་ལ་ལྟ་བཞིན་ཁྱོད་ཀྱིས་ཀྱང་རྒྱན་བྱང་ཉོ་གྲབས་ཡོད་དམ་སྙམ་པའི་ཉམས་ཤིག་བསྟན་ཏེ། སྒོར་མོ་ཚུར་བླངས་ཏེ་ལྟེབ་ཆ་རིམ་གྱིས་བཀྲོལ་རྗེས་ཤོག་བྱང་ལྔ་ཨ་ཁུ་ཉི་མར་གཏད་བྱུང་།  

 ཨ་ཁུ་རྒྱ་མཚོས་སྤྲེལ་གྱིས་མི་ལ་ལད་མོ་བྱེད་པ་ཇི་བཞིན་གཞན་གྱི་སྤྱོད་ལམ་ལ་བརྟགས་ཏེ། ཤོག་བྱང་དང་པོའི་ངོས་ཀྱི་ཚོན་རྩི་བྲད་ནས་མྱུར་མོར་གཞོན་ནུ་མར་གཏད་པ་ན།  གཞོན་ནུ་མས་མགོ་བོ་འཕྲེད་དུ་གཡུགས།

ཨ་ཁུ་རྒྱ་མཚོའི་སེམས་པ་འཁྱག་ཤུར་ཤུར་བྱེད།

ཤོག་བྱང་གཉིས་པ་ནས་བཞི་བ་བྲད་རུང་།  མཇུག་འབྲས་ནི་སྔར་བཞིན་སྒོར་མོ་བརླག་པ་ལས་མ་འདས་པས།   ཤོག་བྱང་ལྔ་བ་དེ་འབྲད་སྐབས།   སེམས་པ་གཟེར་བྲང་བྲེང་བྱེད།  ལག་པ་འདར་ཤིག་ཤིག་བྱེད་མོད།  ཨ་ཁུ་བཙན་ཤུགས་ཀྱིས་ཚོན་རྩི་བྲད་དེ་གཞོན་ནུ་མར་གཏད་པ་ན།  མཛེས་མ་ཁེངས་ལྡན་དེས་ཤོག་བྱང་ངོས་ཀྱི་རྟགས་མཚན་མཐོང་མ་ཐག  རེ་ཞིག་ལ་རང་གི་དྲན་པ་བོར་སོང་།

“ཨ་ཁུ།  ཁྱོད་ལ་སྒོར་མོ་ས་ཡ་གཅིག་གི་བྱ་དགའ་ཐོབ་འདུག”

“ཁྱོད་ཀྱིས……ང་ལ……” ཨ་ཁུ་རྒྱ་མཚོས་ཅི་ཞིག་གོ་སོང་བ་འདྲ་ལ་ཅི་ཡང་མ་གོ་བ་དང་མཚུངས།

“ཨ་ཁུ།  ཁྱོད་ལ་སྒོར་མོ་ས་ཡ་གཅིག་གི་བྱ་དགའ་ཐོབ་འདུག” གཞོན་ནུ་མ་དེས་དགའ་སྤྲོ་ཆེན་པོ་དང་བཅས་སླར་ཡང་གསལ་བཤད་ཐེངས་ཤིག་བྱས།

“བུ་མོ།  དངོས་འབྲེལ་བདེན་ནམ། ང་ལ་རྫུན་མ་བཤད།  ང་རང་སྨྱོ་སྲིད།” ཨ་ཁུ་རྒྱ་མཚོ་ལྕིག་ལྕིག་ཏུ་འདར་བཞིན་གདའ། 

“ཨ་ཁུ།  བདེན་པ་ཡིན།  ཁྱོད་ལ་སྒོར་མོ་ས་ཡ་གཅིག་གི་བྱ་དགའ་ཐོབ་འདུག”

 ཨ་ཁུ་རྒྱ་མཚོས་ངོ་གདོང་གནམ་ལ་གཏད་དེ་ཨག་རྒྱངས་ལན་ཞིག་བྱེད་གྲབས་བྱས་མོད།  མགྲིན་པ་ན་སྒྲ་མི་འདུག  སྒྲ་གཏན་ནས་མི་འདུག

སྐབས་དེར།  མི་ཚོགས་ཀྱིས་ཨ་ཁུ་རྒྱ་མཚོ་རུབ་སོང་ལ།  སྤྱི་བདེ་མི་སྣ་སྐོར་ཞིག་ཀྱང་མྱུར་མོར་ཁོ་རང་གི་ཕྱོགས་སུ་སོང་།

ཨ་ཁུ་རྒྱ་མཚོ་མི་ཚོགས་ཁྲོད་ན་ཀྲོང་ངེར་ལངས་འདུག་ལ།  ཁོ་རང་གི་མིག་ནི་རབ་རིབ་ཏུ་གྱུར་ཏེ་ཅི་ཡང་མི་མཐོང་། 

  ཨ་ཨ།  ཨ་ཁུ་རྒྱ་མཚོ་ནི་དུས་ཡུན་ཐུང་ཐུང་ཞིག་རིང་ལ་འབྱོར་ལྡན་པ་ཞིག་ཏུ་གྱུར་སོང་།  འོན་ཏེ་ཁོ་རང་གི་འབྱོར་བ་དེ་རྟག་གམ།   རྗེས་སུ་ཨ་ནེ་ལྷ་མཚོར་བདེ་སྐྱིད་ཀྱི་འཚོ་བ་ཞིག་ཡོད་དམ།

                                                                              2012\02\17


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1