དཀར་མཛེས་རྫོང་ནི་ང་ཚོའི་ཕ་ཡུལ་ཡིན་པ་མ་ཟད་ང་ཚོའི་ཏང་དང་དམར་དམག་འབྲེལ་མཐུད་བྱེད་པར་འབྲེལ་བ་དམ་ཟབ་ཡོད་པའི་ས་གནས་ཤིག་ཀྱང་ཡིན། སྤྱི་ལོ་1934ལོའི་ཟླ་10པར། ཀྲུང་གོའི་གསར་བརྗེའི་ཆེས་དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་འོག་ཀྲུང་གོའི་བཟོ་ཞིང་དམར་དམག་གིས་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་ཀྱི་འགོ་ཚུགས་ཏེ་འཛམ་གླིང་ཡོངས་སུ་མིང་གྲགས་ཁྱབ། 1936ལོའི་ཟླ་6པར། ཀྲུང་གོའི་བཟོ་ཞིང་དམར་དམག་གི་དམག་ཕྱོགས་གཉིས་པ་དང་། བཞི་པས་རྒྱང་ཐག་རིང་པོ་བརྒལ་ཞིང་དཀའ་སྡུག་གང་མང་སྤྱད་ནས། ཁམས་བྱང་གི་ས་གནས་གཙོ་བོ་དཀར་མཛེས་མཁར་དུ་རྒྱལ་ཁའི་ངང་དམག་དཔུང་མཉམ་འཛོམས་བྱུང་བ་རེད།
དམར་དམག་དཀར་མཛེས་རྫོང་དུ་ངལ་གསོ་བྱས་ནས་དམག་རྒྱགས་གྲབས་གསོག་བྱེད་སྐབས། བོད་དར་ཅང་བསྣུབས་ཞེས་བའི་འབོད་ཚིག་གསལ་པོ་བསྒྲགས། རི་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་། བོད་རིགས་མི་དམངས་ལ་རོགས་རམ་བྱས་ནས་ལོ་རྒྱུས་སྟེང་གི་གསར་བརྗེའི་སྲིད་དབང་དང་པོ་སྟེ། བོད་པའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་སྲིད་གཞུང་བཙུགས། གསར་བརྗེའི་རིག་གནས་ནི་དུས་དེ་ནས་བཟུང་སྟེ་མདོ་དབུས་མཐོ་སྒང་གི་གྲོང་རྡལ་ཆུང་ཆུང་འདི་ནས་རྩ་བ་རྒྱས། བརྗེད་དཀའ་ཞིང་སྤྱིར་བཏང་མིན་པའི་ལོ་ཟླ་དེའི་ནང་། དམར་དམག་དང་བོད་རིགས་མི་དམངས་ཀྱིས་དཔུང་བ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ཤིང་། དཀར་མཛེས་རྫོང་གི་བེ་རི་དགོན་པའི་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པས་གཙོ་བྱས་པའི་དཔའ་བོའི་བུ་ཕྲུག་གང་མང་ཞིག་བྱུང་བ་དང་། དགའ་སྐྱོ་གཉིས་ལྡན་གྱི་འོད་སྟོང་འབར་བའི་ལག་རྗེས་གྲངས་མེད་བཞག
གསར་བརྗེའི་མེ་སྟག་ནི་རྒྱང་སྐྱོད་བརྒྱུད་དེ་དཀར་མཛེས་སུ་དར་བར་མ་ཟད། དེ་བས་ཀྱང་སྤང་མེ་འབར་བ་ལྟ་བུའི་ཤུགས་ཆེན་ཞིག་ཏུ་མངོན། དཀར་མཛེས་རྫོང་གི་དཔའ་བོའི་བུ་ཕྲུག་དག་གིས་ཀྱང་བདེ་སྐྱིད་དང་འོད་གསལ་ཁྱེར་ཡོང་བའི་རེ་བའི་དཔལ་འབར་འདི་བརྒྱུད་སྤྲོད་ཐུབ་པར་དམ་བཅའ་བཞག་ཡོད། བཅིངས་གྲོལ་བྱས་རྗེས། དམག་ཁག་བཅོ་བརྒྱད་པར་རོགས་རམ་བྱས་ནས་བོད་ལ་ཞི་བའི་བཅིངས་འགྲོལ་ཐོབ་པའི་གསར་བརྗེའི་བྱ་བཞག་ལེགས་གྲུབ་ཡོང་ཆེད། དཀར་མཛེས་རྫོང་གི་བུ་དང་བུ་མོ་དག་གིས་ནུས་ཤུགས་ཡོད་ཚད་ཀྱིས་རོགས་རམ་བྱས་ཤིང་། རང་ཉིད་ཀྱི་བདེ་འཇགས་ལ་མ་འཛེམ་པར། དམར་པོའི་རིག་གནས་དེ་མདོ་དབུས་མཐོ་སྒང་གི་ས་ཕྱོགས་ཀུན་ཏུ་ཁྱབ་སྤེལ་བྱས་ཤིང་། རྒྱང་སྐྱོད་ཐེངས་གཉིས་པའི་ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ལ་དཔའ་ཉམས་ཤིག་བཞག་ཡོད།
དེང་སྐབས། ལོ་རྒྱུས་རྒྱང་དུ་གྱེས་སོང་མོད། འོན་ཀྱང་ལོ་ངོ་ཉི་ཤུ་རིང་ལ་རྒྱུན་མཐུད་བྱས་པའི་གསར་བརྗེའི་རྗེས་དྲན་ནི་ནམ་ཡང་སྐར་དམར་བཞིན་དུ་འོད་མདངས་བཀྲ་ལ། མདོ་དབུས་མཐོ་སྒང་གི་རིགས་སོ་སོའི་མི་དམངས་ལ་འོད་སྣང་འཚེར། གསར་བརྗེའི་རིག་གནས་ཀྱིས་གསོས་ཤིང་སིམ་པའི་ཡིད་འོང་གི་ས་ཆ་འདིར། ལས་ལ་བརྩོན་པའི་མི་རྣམས་ཀྱིས་དགའ་སྤྲོའི་སྐོར་བྲོའི་རོལ་དབྱངས་ཀྱི་འགྱུར་ཁུགས་བརྒྱུད་ནས་བདེ་སྐྱིད་ལྡན་པའི་ཕུགས་འདུན་དེ་བྲོ་གར་དུ་འཁྲབ།
དཀར་མཛེས་རྫོང་ནི་ཀྲུང་གོའི་གསར་བརྗེའི་གནས་མཆོག་ཡིན། མཚར་སྡུག་ལྡན་པའི་ས་ཆ་འདི་ལ་གསར་བརྗེའི་ལོ་རྒྱུས་ལྡན་པ་དང་ལྗང་མདོག་གི་རེ་བས་ཁེངས། གསར་བརྗེའི་སྔོན་རབས་པ་རྣམས་ཀྱིས་བཞག་པའི་ལོ་རྒྱུས་རྒྱུ་ཆ་དེ་དག་སྔོགས་འདོན་དང་སྲུང་སྐྱོབ་ཡག་པོ་བྱེད་དགོས་ལ། གསར་བརྗེའི་སྔོན་རབས་པ་རྣམས་ཀྱིས་གསར་གཏོད་བྱས་པའི་སྲོལ་རྒྱུན་བཟང་པོ་རྒྱུད་འཛིན་ཡག་པོ་བྱེད་དགོས། ས་ཆ་ཡག་པོ་འདིའི་སྟེང་ལ་ཉར་བའི་ལོ་རྒྱུས་རིག་གནས་ལ་འོད་མདངས་ཆེམ་ཆེམ་དུ་འཕྲོ་བ་དང་ཕུན་སུམ་ཇེ་ཚོགས་སུ་ཡོང་བར་བྱེད་དགོས། དེ་ནི་ང་ཚོའི་དོར་ཐབས་མེད་ཅིང་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན།།