རི་གསུམ་མགོ་ལ་བྱ་ཞིག་བབས།།
བྱ་དེའི་ཁོག་པ་བྱུ་རུས་གང་།།
སླ་ངའི་ནང་དུ་གྲོ་མ་བཙོས་པ།།
སྐྱ་ཀ་ཁྲ་མོ་ཁུང་དུ་འཛུལ་མ༎
རྔ་མདའ་ལེབ་མོས་སྒོ་གཅོད་མ།།
གབ་ལན། མིག
སྔོན་པོ་ཐང་གི་ཐང་དཀྱིལ་ན།།
གསེར་གྱི་ཟོར་བ་ཡུ་མེད་ཅིག།
གབ་ལན། ཟླ་བ
ཟས་དཀར་པོ་ནང་གི་ཟས་ཞེམ་པོ།།
གབ་ལན། རྐང་།
མི་གཅིག་སྐེ་རགས་བརྒྱ་ཡིས་བཏགས།།
གབ་ལན། དར་ལྕོག
མི་བརྒྱས་སྐ་རགས་གཅིག་བཅིངས།།
གབ་ལན། སྡུད་མ།
ཟ་ཡས་རྩྭ་དང་འཇོ་ཡས་ནོར།།
ནོར་དེས་མི་ལ་འཚོ་བཅུད་སྦྱིན།།
ཚང་མས་ནོར་དེར་དགའ་པོ་བྱེད།།
སྦྱིན་པོ་དེ་ནི་སུ་ཞིག་གམ།།
གབ་ལན། ནོར།
ཡ་མཚན་ཆེ་བའི་རྨོན་མཛོ་ཞིག།
གཟན་ཆག་མི་ཟ་གང་སར་རྒྱུག།
ཐག་པ་གཉའ་ཤིང་འདོགས་མི་དགོས།།
ལས་ཀ་བྱེད་སྐབས་ལྡིར་ལྡིར་སྒྲོག།
གབ་ལན། འདྲུད་འཐེན་འཁོར་ལོ།།
ཆུ་ཡིས་མཐོང་ན་གཉེར་མ་འདུ།།
ལྗོན་པས་མཐོང་ན་མགོ་བོ་དཀྲུག །
པད་མས་མཐོང་ན་མགོ་བོ་སྒུར།།
སྤྲིན་པས་མཐོང་ན་གཡོལ་ནས་འགྲོ།
གབ་ལན། རླུང་།