ཞི་ཅིན་ཕིང་གིས་ཅོར་ཏན་གྱི་རྒྱལ་པོ་ཨཱ་པུའུ་ཏོའུ་ལ་སྐུ་ཕྲེང་གཉིས་པ་དང་མཇལ་འཕྲད་གནང་།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-11
སྤྱི་ཟླ་9པའི་ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅོར་ཏན་གྱི་རྒྱལ་པོ་ཨཱ་པུའུ་ཏོའུ་ལ་སྐུ་ཕྲེང་གཉིས་པ་དང་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཀྲུང་གོ་དང་ཅོར་ཏན་བར་གྱི་འབྲེལ་བ་དང་ཐུན་མོང་གི་སེམས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་མང་པོར་ལྟ་ཚུལ་བརྗེ་རེས་བྱས་པ་དང་ཐུན་མོང་གི་ངོས་འཛིན་ཆགས། རྒྱལ་ཁབ་གཉིས་ཀྱི་བར་ལ་འཐབ་ཇུས་མཛའ་འབྲེལ་གྱི་འབྲེལ་བ་འཛུགས་པ་དང་། ཕྱོགས་ཡོང་ནས་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་གྲོས་ཐག་བཅད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཅོར་ཏན་གཉིས་ཀྱིས་རིམ་པ་སོ་སོའི་འགྲོ་འོང་འབྲེལ་བ་དམ་ཟབ་དང་ཏང་སྲིད་དང་གྲོས་ཚོགས། དམངས་ཚོགས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་ཕན་ཚུན་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་མཉམ་མྱོང་མཉམ་སྤྱོད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་ལ་འཕྲད་དུས་ཕན་ཚུན་ལ་རོགས་འདེགས་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གལ་འགངས་ཆེ་བའི་གནད་དོན་ལ་ཕན་ཚུན་བར་བབ་སྟུན་དང་བརྗེ་རེས་བྱ་དགོས། ཀྲུང་གོའི་ཕྱོགས་ནས་ཅོར་ཏན་རྒྱལ་ཁབ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ནང་ཞུགས་པར་དགའ་བསུ་དང་རྒྱབ་སྐྱོར་བྱེད་ངེས་ཡིན་ལ། ཀྲུང་གོའི་ནུས་པ་ཡོད་པའི་ཁེ་ལས་ཀྱིས་ཅོར་ཏན་ནས་མ་དངུལ་གཏང་སྟེ་དཔལ་འབྱོར་འཕེལ་རྒྱས་སུ་གཏང་བར་རྒྱབ་སྐྱོར་བྱེད་དང་ཅོར་ཏན་ནས་ཚོང་ཟོག་ནང་འདྲེན་དང་རྒྱ་བསྐྱེད་བྱེད་པར་སྐུལ་འདེད་གཏང་ངེས། ཕྱོགས་གཉིས་ཀྱིས་སློབ་གསོ་དང་ཡུལ་སྐོར། རིག་གནས་དང་གསར་འགྱུར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་རྒྱ་བསྐྱེད་དང་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་གཏིང་ཟབ་ཏུ་གཏང་དགོས་ཞེས་བསྟན།
རྒྱལ་པོ་ཨཱ་པུའུ་ཏོའུ་ལ་སྐུ་ཕྲེང་གཉིས་པས་ཅོར་ཏན་གྱིས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་འབྲེལ་བར་མཐོང་ཆེན་ཆེན་པོ་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་བརྟན་འཇགས་ཡོང་བར་རེ་བ་བྱེད་བཞིན་ཡོད། ཅོར་ཏན་གྱིས་ཀྲུང་གོ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་གཏིང་ཟབ་ཏུ་སྤེལ་པ་དང་ནུས་ཁུངས་དང་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ལས་གཞི་ཆེན་པོ་དག་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་འབད་པ་བྱེད་འདོད་ཡོད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཕན་ཚུན་ལ་རོགས་འདེགས་བྱས་ཏེ་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་ངེས་ཞེས་བསྟན།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1