སྤྱི་ཟླ་9པའི་ཚེས་11ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐབས་དགུ་པའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་ནས་འཚོགས་རྒྱུ་རེད། སི་ཁྲོན་གསར་འགྱུར་དྲ་བའི་གསར་འགོད་པས་ཁྱབ་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ་9པའི་ཚེས་12ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐབས་དགུ་པའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་དང་སྐབས་དྲུག་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་སི་ཁྲོན་ནས་གཟབ་རྒྱས་ངང་སྤེལ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། འདི་ནི་རྒྱལ་ཡོངས་དབང་སྐྱོན་གྱི་ལུས་རྩལ་འགྲན་ཚོགས་དང་རྒྱལ་ཡོངས་དམིགས་བསལ་ཨོ་རྩལ་འགྲན་ཚོགས་གཉིས་ཐེངས་དང་པོར་མཉམ་སྤེལ་བྱེད་པ་དང་། ཞིང་ཆེན་གཅིག་ཏུ་དུས་སྐབས་གཅིག་ལ་སྤེལ་བ་མ་ཟད། སི་ཁྲོན་ཞིང་ཆེན་གྱིས་འགན་སྒྲུབ་བྱ་བའི་གཞི་རྒྱ་ཆེས་ཆེ་བའི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན།
སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲའོ་ཤིའུ་ཆེན་གྱིས་མཚམས་སྦྱོར་ལྟར་ན། སྤྱི་ཟླ་9པའི་ཚེས་12ཉིན་ནས་ཚེས་19ཉིན་དུ། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་མཐའི་ཚན་ཆེན་12བར་གྱི་འགྲན་རྩོད་གཅིག་སྡུད་སྒོས་སྤེལ་རྒྱུ་ཡིན། ཁྲེན་ཏུའུ་གྲོང་ཁྱེར་གྱིས་ཆུ་རྐྱལ་དང་ཕྲེང་གྲུག འབོལ་འཇུ། འཕེན་འཕང་སྤོ་ལོ། མཆོང་རྒྱུག་འཕེན་འགྲན། མིག་མངས། རྐང་གྲུག་སོགས་འགྲན་སྡུར་གྱི་ནང་ཚན་10འགན་སྒྲུབ་བྱ་བ་དང་། མའེ་ཧྲན་གྲོང་ཁྱེར་གྱིས་ལོང་བའི་སྒོ་གྲུག་དང་འཕང་མདའི་ཚན་པ་འགན་སྒྲུབ་བྱ་རྒྱུ་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན། འགྲན་རྩོད་ཚན་ཆེན་12ལ་རྒྱལ་ཡོངས་ཞིང་ཆེན་སོ་སོ་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར། དེ་མིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་དང་ཞང་ཀང་། ཨོ་མོན་དམིགས་བསལ་སྲིད་འཛིན་ཁུལ་བཅས་ཀྱི་འཐུས་ཚབ་ཚོགས་པ་35སྟེ་བསྡོམས་པས་མི་གྲངས་4717འགྲན་ཞུགས་བྱས་ཡོད། དེའི་ཁྲོད་ལུས་རྩལ་པ་2382དང་རུ་ཁག་སྣེ་ཁྲིད་པ། རྩལ་འཁྲིད་པ། ལས་བྱེད་མི་སྣ་1030། ཐོན་པུའུ་ལས་བྱེད་མི་སྣ་1305ཡོད།
ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ལྷན་གྱིས་ཀྲུང་དབྱང་གི་དོན་ཚན་བརྒྱད་ཀྱི་གཏན་འབེབས་ཀྱི་སྙིང་དོན་དོན་འཁྱོལ་ནན་མོ་བྱས་ཏེ། དངོས་དོན་ཟད་གྲོན་སྒོས་འགྲན་ཚོགས་སྤེལ་བའི་འདུ་ཤེས་འབུར་ཏུ་ཐོན་ཡོད།