ཨ་རིའི་དགེ་རྒན་ཆེ་མོ་བས་ཀྲུང་གོའི་རིག་གནས་པ་དང་མཉམ་དུ་བོད་ལུགས་གསོ་རིག་ལ་ ཞིབ་འཇུག་བྱ་རྒྱུའི་རེ་བ་བྱེད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-13


   

     ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན་། ཨ་རིའི་ཕུའུ་ཅི་ཉི་ཡ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལའེ་ལི་པུའུ་ལེ་ཁེ་ཧའོ་ཡིས་བོད་ལུགས་གསོ་རིག་ལ་རྒྱུས་མངའ་བྱུང་ནས་ལོ་བཅུ་ལྷག་ཙམ་སོང་ཞིང་། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་ལྟ་ཚུལ་གསར་པ་དང་རིག་གཞུང་གསར་པའི་ཐོག་ཀྲུང་གོའི་རིག་གནས་པ་དང་མཉམ་དུ་བོད་ལུགས་གསོ་རིག་གི་ཁྱབ་ཁོངས་གསར་པ་གསར་འབྱེད་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

     ཀྲུང་གོའི་ལས་གྲྭ་ཁང་གི་ཡོན་ཧྲི་མཚོ་སྔོན་ས་མཐོའི་གསོ་རིག་ཚན་རྩལ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝུའུ་ཐན་དབྱིས། ཀྲུང་གོའི་བོད་ལུགས་གསོ་རིག་རང་བྱུང་ཁོར་ཡུག་ཐུན་མོང་མ་ཡིན་པའི་མཚོ་བོད་ས་མཐོར་བྱུང་བ་དང་འཕེལ་རྒྱས་བྱུང་སྟེ། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་མཚན་ཉིད་རིག་པ་དང་དམངས་སྲོལ་སོགས་དང་འབྲེལ་བ་དམ་ཟབ་ཡོད། བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་དང་དེང་རབས་གསོ་རིག་ཕན་ཚུན་གསབ་རེས་ལ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པ་དང་། དེའི་གསར་གཏོད་འཕེལ་རྒྱས་ཀྱིས་མི་རིགས་ཁག་དང་རྒྱལ་ཁབ་ཁག་གི་ནད་པར་ཕན་ཐོགས་ཡོད་ཅེས་བཤད།
     སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་གོས་བོད་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས། སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཡག་པོ་བྱུང་བ་དང་ཕྱོགས་མཚུངས། བོད་ལུགས་གསོ་རིག་ཞིབ་འཇུག་དང་ནད་ཐོག་སྨན་བཅོས་སོགས་ཀྱི་གྲུབ་འབྲས་ལ་རྒྱལ་ཁབ་ཕྱི་ནང་གིས་རྒྱ་ཁྱབ་ཏུ་དོ་ཁུར་བྱེད་པ་དང་། དམིགས་བསལ་སྨན་བཅོས་བྱ་ཐབས་ཁག་གཅིག་འཕེལ་རྒྱས་ཁྲོད་གསར་གཏོད་བྱུང་བས་བོད་ལུགས་གསོ་རིག་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་ཡོད།
     བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཡོན་ཀྲང་ཉི་མ་ཚེ་རིང་གིས“དེ་སྔ་བོད་ལུགས་གསོ་རིག་ཞིབ་འཇུག་དང་སྦྱོར་རྟ་གཙོ་བོ་དགོན་སྡེ་ཁག་ཏུ་བྱས་ནས་སྐུ་དྲག་དང་མཐོ་རིམ་གྲྭ་བཙུན་ལ་ཞབས་འདེགས་ཞུ་གི་ཡོད། ད་ཕན་ལོ་ཤས་རིང་བོད་ལུགས་གསོ་རིག་དགོན་སྡེ་དང་བོད་རིགས་ས་ཁུལ་ནས་རིམ་བཞིན་ཕྱིར་ཕྱོགས་ནས་གངས་ལྗོངས་ས་མཐོའི་ཕྱིར་ཡོད་པའི་ནད་པས་རྒྱུས་མངའ་བྱུང་ནས་དང་ལེན་བྱེད་ཀྱི་ཡོད། བོད་ལུགས་གསོ་རིག་གི་སྒོ་བསྟེན་ཁང་དང་སྨན་ཁང་རྒྱལ་ནང་དུ་དབྱར་མཚོ་རྒྱས་པ་ལྟར་ཐོན་པ་དང་། ད་དུང་བོད་ལུགས་གསོ་རིག་གི་ཆེད་ལས་ཤེས་ལྡན་མི་སྣ་མི་ཉུང་བ་ཞིག་ཕྱི་རྒྱལ་དུ་རིག་གཞུང་སྤེལ་རེས་དང་མཉམ་ལས་བྱེད་ཀྱི་ཡོད”ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1