ཝེ་ཧུང་གིས་གཙོ་སྐྱོང་གནང་ནས་རླངས་འཁོར་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-20


    སྤྱི་ཟླ་9བའི་ཚེས་18ཉིན་ཁྲེན་ཏུའུ་རུ་འཚོགས་པའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་ཚོགས་འདུའི་ཐོག ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ལྷན་གྱིས་འཆར་ཟིན་བཀོད་དེ་བཟོ་བཅོས་བྱེད་བཞིན་པའི་ཡིག་ཆ་སྟེ། 《སྔར་ལས་ལྷག་པར་རང་རེའི་ཞིང་ཆེན་གྱི་རླངས་འཁོར་ཐོན་ལས་གོང་འཕེལ་གཏང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར།》ཚོགས་འདུར་ཞུགས་མཁན་གྱི་ཁེ་ལས་པ་དང་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་ལ་ཕུལ་སྟེ་གྲོས་བསྡུར་བྱས། དེ་སྔོན་དང་མི་འདྲ་བར། ད་རེས་ཀྱི་ཚོགས་འདུར་གཙོ་སྐྱོང་གནང་བའི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་གིས་《བསམ་འཆར།》ལ་ཕྱོགས་བསྡོམས་མ་གནང་པར། ཚང་མའི་སྐད་ཆའི་མཇུག་མཐུད་དེ། དབུགས་ཐེངས་གཅིག་གིས་སི་ཁྲོན་གྱི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་གནད་དོན་བཅུ་བཏོན་པ་དང་། 《བསམ་འཆར།》ལ་བཟོ་བཅོས་བྱེད་སྐབས་གནད་དོན་འདི་བཅུ་པོ་ལ་ལན་གང་ལེགས་ཤིག་འདེབས་དགོས་པའི་རེ་བ་བཏོན།
     སི་ཁྲོན་གྱི་རླངས་འཁོར་ཐོན་ལས་མེད་པ་ནས་ཡོད་པ་དང་། དུས་ཐུང་ངུའི་ནང་འཕེལ་རྒྱས་མགྱོགས་པོ་བྱུང་བ་རེད། ཐོན་ལས་ཀྱི་གཞི་ཁྱོན་དེ་2010ལོའི་རླངས་འཁོར་ཁྲི་10.3ནས་2014ལོའི་རླངས་འཁོར་ཁྲི་96.3བར་མང་དུ་ཕྱིན་ཡོད་པ་དང་། རླངས་འཁོར་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2280ལ་ཟིན་པ་རེད། འོན་ཀྱང་དར་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན། སི་ཁྲོན་གྱི་རླངས་འཁོར་ཐོན་ལས་ནི་གསར་སྤེལ་བྱེད་པའི་ནུས་པ་དང་། ཐོན་ནུས་གཞི་ཁྱོན། ཆེད་ལས་མཁས་ཅན། ས་གནས་དེ་གའི་ལྷུ་ལག་ཚང་སྒྲིག ཟོག་འགྲེམ་ཆེན་པོ་སོགས་ཕྱོགས་མང་པོའི་ཐད་ནས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཀྱི་དགོས་མཁོ་དང་ད་དུང་འཚམ་གང་ལེགས་བྱེད་ཐུབ་མེད། དཔྱད་གཅོད་དེ་ལྟ་བུ་ཚོགས་ཞུགས་ཁེ་ལས་པའི་གཏམ་བཤད་ཁྲོད་ནས་ར་སྤྲོད་བྱུང་ཡོད། ཚོགས་འདུར་ཞུགས་མཁན་རིགས་གཅིག་མཁས་ཅན་གྱིས་ཆེ་མཐོང་གི་དངོས་ནས་གནད་དོན་དེ་དག་ལ་ཐག་གཅོད་པའི་ཐབས་ཤེས་གནང་བ་སྟེ། རླངས་འཁོར་ཐོན་ལས་ཀྱི་བཀོད་པ་ལེགས་སྒྱུར་བྱེད་པའི་རྨང་གཞིའི་སྟེང་། དེ་བས་ཕན་ཆེ་སྒོས་སྲིད་གཞུང་གི་ཐོན་ཁུངས་བཀོད་སྒྲིག་བྱེད་པ་དང་། སྲིད་གཞུང་གིས་ཕྱོགས་སོ་སོར་རྒྱབ་སྐྱོར་བྱས་ཏེ་མཉམ་དུ་རླངས་འཁོར་ཞིབ་འཇུག་གསར་སྤེལ་དང་ཚད་ལེན་སོགས་སྤྱི་པའི་ཞབས་ཞུའི་ལས་སྟེགས་བསྐྲུན་ཞིང་། འཆར་འགོད་བྱེད་དེ་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་པའི་ཟོག་འདྲེན་ལམ་ཆེན་འཛུགས་སྐྲུན་བྱས་པ་དང་། རླངས་འཁོར་ཀྱི་མཐོ་རིམ་ཤེས་ལྡན་མི་སྣའི་དགོས་མཁོ་སྐོང་ཐུབ་པའི་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་གཏང་བ་དེ་རེད། 
    སི་ཁྲོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རླངས་འཁོར་ཐོན་ལས་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་ཚད་མཐོའི་མཐོང་ཆེན་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། ང་ཚོས་རྒྱལ་ཁབ་ཀྱིས་རླངས་འཁོར་ཐོན་ལས་ལ་བཏོན་པའི་སྤྱིའི་ཇུས་འགོད་ལ་བསམ་གཞིགས་གང་ལེགས་བྱ་དགོས་པ་མ་ཟད། སི་ཁྲོན་གྱི་ས་གནས་རང་གི་དོན་དངོས་དང་འཕེལ་རྒྱས་ཀྱི་བླང་བྱ་ལ་བསམ་གཞིགས་གང་ལེགས་བྱས་ནས། སི་ཁྲོན་རླངས་འཁོར་ཐོན་ལས་ཀྱི་འཕེལ་རྒྱས་དམིགས་ཚད་དང་ཐབས་ལམ་གཅིག་གྱུར་འཆར་འགོད་དང་གཏན་འཁེལ་བྱ་དགོས། ཝེ་ཧུང་གིས་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ལྷན་སོགས་སྡེ་ཁག་ལ་གནད་དོན་བཅུ་བཏོན་པ་རེད། 
    ཝེ་ཧུང་གིས་ནན་བཤད་གནང་དོན། 《བསམ་འཆར》གྱིས་གནད་དོན་འདི་བཅུ་པོར་ལན་གང་ལེགས་ཤིག་འདེབས་དགོས་པ་དང་། སྔར་བས་དམིགས་སའི་རང་བཞིན་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས། རང་རེ་ཞིང་ཆེན་གྱི་རླངས་འཁོར་ཐོན་ལས་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེབས་བྱ་དགོས་པ་བསྟན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1