སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དུས་ཡུན་རིང་པོར་བོད་ཡིག་བསྟན་བཅོས་འཚོལ་བསྡུ་དང་། ལེགས་སྒྲིག དཔེ་སྐྲུན་སོགས་ཀྱི་ལས་ཀ་གཉེར་བཞིན། དམངས་ཁྲོད་དུ་ཐོར་ཡོད་པའི་དཔེ་རྒྱུན་ལག་བྲིས་དཀོན་པོའི་རིགས་མྱུར་སྐྱོབ་བྱེད་ཆེད། འོད་ཟེར་ཉིན་རེའི་ཚགས་པར་དཔེ་སྐྲུན་ཁང་དང་མཉམ་འབྲེལ་ཐོག་ཇུས་འགོད་དང་རྩོམ་བསྒྲིགས་བྱས་པའི་
《བོད་ཡུལ་དམངས་ཁྲོད་ཀྱི་རྩ་ཆེན་དཔེ་རྙིང་ཕྱོགས་བསྒྲིགས་བཞུགས་སོ།》ཞེས་པའི་དཔེ་ཚོགས་དེ་ཟླ་བ9པར་ཐོག་མར་འདོན་སྤེལ་བྱས།
《བོད་ཡུལ་དམངས་ཁྲོད་ཀྱི་རྩ་ཆེན་དཔེ་རྙིང་ཕྱོགས་བསྒྲིགས་བཞུགས་སོ།》ཞེས་པའི་པར་གཞིའི་དཔེ་དེབ་དེར་བསྡོམས་པའི་བམ་པོ་གསུམ་ཡོད། བམ་པོ་དང་པོ། 《 ཀྱེ་རྡོར་གྱི་བཀྲ་ཤིས་ཕོ་སྦྱོར་བའི་རྒྱུད་རྒྱལ་པོ་མཆན་འགྲེལ།》 (ནང་དོན་ནི་ལེགས་སྦྱར་སྐད་དང་བོད་ཡིག་གིས་བཀོད་ཡོད། )བམ་པོ་གཉིས་པའི་ནང་དུ། 《བཀའ་བརྒྱུད་པའི་ཇོ་བོ་བཅའ་ཁྲིམས་རྩ་རྣམས་རྒྱུན་འཛིན་ཐོག་མགུར་གླུ་ཕྱོགས་བསྒྲིགས།》 བམ་པོ་གསུམ་པའི་ནང་དུ། 《སྡོམ་པ་གསུམ་གྱི་ལུང་དོན་ལེགས་པར་གསུངས་པ།》བཅས་ཀྱི་པར་གཞི་ཧྲག་བསྡུས་མ་ནི་རིན་ཐང་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པ།མ་ཡིག་ནི་ལག་བྲིས་ཡིན་པས་སྣག་རིས་སྤུས་ལེགས་ཅིང་ཡིག་གཟུགས་ཕུལ་དུ་བྱུང་བ་ཞིག་ཡིན།
དེབ་འདིའི་མདུན་ཤོག་ཀྱི་བཟོ་བཀོད་ལག་རྩལ་མི་འདྲ་བའི་ཁྱད་ཆོས་མངོན་ཅིང་།ལྷག་པར་དུ་དཀའ་ཚད་ཆེ་བའི་བཟོ་སྟངས་ཞིག་སྟེ། མཛེས་ཆ་བྱེད་ཐབས་ཕུན་སུམ་ཚོགས་པས་ཏ་ལའི་ལོ་མའི་ཆོས་དཔེ་ལྟ་ཀློག་གི་རྣམ་པ་སྔར་བས་བཟང་ཞིང་། པར་གཞི་ཧྲག་བསྡུས་མའི་སྔར་གྱི་ནང་དོན་འཐུས་ཚང་གཏང་ཆེད། མིང་དུ་གྲགས་པའི་དཔེ་དེབ་བཟོ་བཀོད་པ་ལུའུ་ཅིན་རིན་དང་དེའི་ཚོགས་པས་ལོ་གཅིག་གི་དུས་ཚོད་བཀོལ་ནས་དེ་སྔའི་ཚད་ལྡན་ཡིག་ཆ་འབྲི་བའི་གོམས་གཤིས། བཀོད་པའི་ཁྱད་ཆོས་ཀྱི་གྲངས་གཞི་ཅན་གྱི་དབྱེ་ཞིབ་དང་། བོད་མིའི་སྲོལ་རྒྱུན་གྱི་མཛེས་དཔྱོད་འདུ་ཤེས་དང་སྒྱུ་རྩལ་མཚོན་ཐབས་སོགས་དཔེ་དེབ་གྱི་སྤྱིའི་ཇུས་འགོད་ཁྲོད་དུ་ཁྱབ་ཐབས་བྱས་ནས། ཚད་ལྡན་ཡིག་ཆའི་མཐོང་ཚོར་གྱི་ཚད་ལ་སླེབས། པར་གཞི་ཧྲག་བསྡུས་མའི་ནང་དོན་དང་རྣམ་པའི་ཐོག་ནས་བརྗོད་ཚེ། དེབ་འདི་ནི་བོད་ཀྱི་ཡིག་ཆའི་རིག་མཛོད་ཁྲོད་ཀྱི་འོད་སྟོང་འབར་བའི་མུ་ཏིག་ལྟ་བུ་ཞིག་ཡིན་པས། ཉར་ཚགས་བྱེད་པའི་རིན་ནི་བརྗོད་ཀྱིས་མི་ལངས། སྤུས་ལེགས་པར་མའི་ཞིབ་ཆའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་དང་། པོད་སྒམ་གྱི་ཁ་ཕྱེ་སར་བཟོས་པའི་ཤིང་བརྐོས་སྒྲོག་དེར་རང་བྱུང་བབ་ཆགས་ཟབ་མོ་ལྡན་པས་བོད་ཀྱི་རྒྱན་ཆའི་ཁྱད་ཆོས་མངོན་གསལ་ལྡན་ཡོད།
འབྲེལ་ཡོད་ངོ་སྤྲོད་ལྟར་ན། དེབ་འདི་ལ་ཐུན་མིན་གྱི་ཁྱད་ཆོས་བཞི་ལྡན་ཞིང་། འདིར་བསྡུས་པའི་བམ་པོ་གསུམ་པོ་ནི་བླ་མ་སྐྱེས་ཆེན་རིམ་བྱོན་རྣམས་ཀྱི་ལག་བྲིས་འཁྲུལ་མེད་ཡིན་པ་དང་གཅིག དམངས་ཁྲོད་ནས་བྱུང་པས། ཁ་ཤས་ནི་དེ་སྔ་མཐོང་མ་མྱོང་བའི་གསང་དེབ་ཀྱང་མཆིས་པས། ཉར་ཚགས་ཀྱི་རིན་ཐང་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་གཉིས།བམ་པོ་དང་པོའི་ནང་དོན་ནི་ལེགས་སྦྱར་སྐད་དང་བོད་སྐད་གཉིས་ཀྱི་ཐོག་ནས་བཀོད་ཡོད་པས་རྩ་ཆེན་ཡིན་པ་དང་གསུམ། ལག་བྲིས་ཀྱི་སྣག་རིས་སྤུས་ལེགས་ཤིང་ཡིག་གཟུགས་ཧ་ཅང་མཛེས་པ་དང་བཞིའོ །།