༄༅།།བོད་ཀྱི་པྲ་དང་པྲ་སྒྲུང་གི་རིག་གནས་རགས་ཙམ་གླེང་བ་ལྐོག་གྱུར་སྣང་གསལ་མེ་ལོང་།

བསོད་ནམས་རྡོ་རྗེ། རྩོམ་སྒྲིག་པ། ཚེ་རིང་དཔལ་མོ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 09-24


༄༅།།བོད་ཀྱི་པྲ་དང་པྲ་སྒྲུང་གི་རིག་གནས་རགས་ཙམ་གླེང་བ་ལྐོག་གྱུར་སྣང་གསལ་མེ་ལོང་།

བསོད་ནམས་རྡོ་རྗེ།

དང་པོ། པྲ་ཡི་གོ་དོན། 

  དེ་ཡང་པྲ་ཞེས་པ་ནི་མེ་ལོང་ནང་དུ་འཆར་བའི་གཟུགས་བརྙན་ལ་བརྟེན་ནས་བཟང་ངན་གྱི་ལྟོས་བརྟག་པའི་ཆོ་ག་ཞིག་ཡིན་ལ། སྤྱིར་བཏང་གསང་བའམ་ལྐོག་གྱུར་གྱི་གནས་ཚུལ་ཤེས་སྤྱད་ཀྱི་མོ་ཡི་རིགས་སུ་གཏོགས་སོ། ། པྲ་ཕབ་ཀྱི་རིག་གནས་འཇིག་རྟེན་འདིར་ཤིན་ཏུ་དར་སྔ་ཞིང་། ཤ་མདོག་དང་ཆོས་ལུགས། ཡུལ་གྲུ་སོགས་ཀྱི་ཁྱད་མེད་པར་འཛམ་གླིང་གི་ས་ཆ་ཕལ་མོ་ཆེར་དར་མྱོང་བའི་རིག་གནས་ཤིག་ཡིན། རང་རེའི་རྒྱལ་ཁབ་ལ་མཚོན་ནའང་། ནང་བསྟན་སངས་རྒྱས་ཆོས་ལུགས་དང་བོན་པོའི་ཆོས་ལུགས། ཏའོ་ཅོའི་ཆོས་ལུགས། ས་མན་ཆོས་ལུགས་སོགས་ཀུན་ལ་ཡོད་པའམ་ལག་ལེན་བྱེད་བཞིན་པའི་རིག་གནས་ཤིག་ཡིན། བྱེ་བྲག་བོད་ཀྱི་ཡུལ་འདིར་པྲ་ཡི་རིག་གནས་དར་ཚུལ་གྱི་ལོ་རྒྱུས་རགས་ཙམ་བརྗོད་ན། ཇི་སྐད་དུ། རྒྱལ་རབས་གསལ་བའི་མེ་ལོང་ལས། རྒྱའི་བོན་རིགས་བཞི་ནི་སྣང་གཤེན་བལ་ཐོན་ཅན་གྱི་ཕྱ་དང་གཡང་འགུགས་ལྷ་དང་སྨན་གསོལ། དགེ་ལེགས་དང་དཔལ་སྐྱེད་ནས་མི་ནོར་རྒྱས་པར་བྱེད། འཕྲུལ་གཤེན་བལ་ཚོན་ཅན་གྱིས་མདོ་དང་ཡས་གཏོང་། སྲིད་དང་རྟེན་འཛུགས། འཕྲལ་ཕུགས་ཀྱི་འགལ་རྐྱེན་སེལ་བར་བྱེད་དོ།། ཕྱ་གཤེན་ཇུ་ཐིག་ཅན་གྱིས་ལེགས་ཉེས་ཀྱི་ལམ་སྟོན། ཡིན་མིན་གྱི་ཐེ་ཚོམ་སེལ། ཟག་བཅས་ཀྱི་མངོན་ཤེས་འཆད་པར་བྱེད། དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གྱི་གེགས་སེལ། གཤིན་གྱི་དུར་འདེབས། ཆུང་གི་སྲི་གནོན། གནམ་གྱི་རྒྱུ་སྐར་ལ་བལྟ། སའི་འདྲེ་བཏུལ་བ་ཡིན། ཞེས་འབྱུང་བ་བཞིན་ཕྱ་གཤེན་ཇུ་ཐིག་ཅན་ནི་ཇུ་ཐིག་ལ་བརྟེན་ནས་མོ་འདེབས་མཁན་ཞིན་ཡིན་པས། པྲ་ཞེས་གསལ་བོར་གླེང་མེད་ནའང་པྲ་དང་ཇུ་ཐིག་གཉིས་མོ་འདེབས་ཕྲེང་ཐག་གཅིག་ལ་བརྒྱུས་པའི་ཕྲེང་རྡོག་གཉིས་ལྟར་དུས་མཉམ་དུ་བྱུང་བར་འདོད་པས། དུས་དེ་ཉིད་ནས། པྲ་ཡི་རིག་གནས་དར་ཡོད་པར་སྣང་ངོ་།། སྦ་བཞེད་ལས། སློབ་དཔོན་པདྨས་ལྷ་མངའ་གསོལ་བས། ནམ་ཕྱེད་ཙམ་ན་བློན་པོ་ཀུན་གྱིས་མར་མེ་ཁྱེར་ནས་བལྟས་པས། ལྷ་རྣམས་གཏམ་གཏོང་ཞིང་རང་བཤོས་གསོལ་བ་མཐོང་། མར་མེ་ཐམས་ཅད་རང་འབར། རོལ་མོ་ཐམས་ཅད་རང་འཁྲོལ། སྤོས་ཐམས་ཅད་འབར་ཞིང་སྦྲེག འཕན་ལྔ་བཏགས་པ་ལྔ་བརྒྱར་འཕེལ། ཅོང་རང་བརྡུང་ཞིང་འཁྲོལ། དེའི་དཀྱིལ་དབུས་སུ་གསང་སྔགས་ཀྱི་གཞུང་གི་ལྷ་ཡི་དཀྱིལ་འཁོར་བྲིས་ནས་གཟིམས་མལ་བ་ལྷ་ལུང་འཚོ་ཞེར་སྙན་ལེགས་ལ་པྲ་རྟེན་བྱས་ཏེ་ལྷ་བབས་པས། དེས་བོད་ཀྱི་ལྷ་འདྲེ་མ་བཏུལ་བ་རྣམས་ཀྱི་མིང་སྨྲས་ཏེ་འཕང་ཐང་དུ་ཆུ་ཕབ་པ་ཤམ་པོ། ལྷ་སར་ཐོག་ཕབ་པ་ཐང་ལྷ། མུ་གེ་དང་། ལོ་ཉེས་དང་། མི་ནད་གཏོང་བ་བརྟན་མ་བཅུ་གཉིས་ལ་སོགས་པ་ཀུན་སྨྲས་ཞེས་འབྱུང་བ་ལྟར། སློབ་དཔོན་པདྨ་འབྱུང་གནས་ཀྱིས་པྲ་རྟེན་ལ་བརྟེན་ནས་པྲ་ཕབ་པ་དེ་ནི་ནང་བའི་པྲ་ཕབ་ཀྱི་ཐོག་མའི་ལོ་རྒྱུས་སུ་སྣང་ཞིང་། དེའི་རྗེས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་བྱོན་དུས་པྲ་ཕབ་པ་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ་སྐུ་བསྙུང་བཞེས་དུས་པ་སངས་ཆོས་རྗེས་པྲ་ཕབ་སྟེ་ནད་ལ་བརྟག་པ་སོགས་ཀྱི་ལོ་རྒྱུས་གྲུབ་མཐའ་རིས་མེད་ལ་མང་ངོ་།།     

གཉིས་པ། པྲ་ཡི་བསྟན་བཅོས། 

  བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་པྲ་ཡི་བསྟན་བཅོས་མང་དུ་བརྩམས་ཡོད་ལ། མཚོན་བྱེད་རང་བཞིན་དུ་གྱུར་པ་འགའ་བཀོད་ན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་(སྤྱི་ལོ་1308-1363བར   )གྱིས་མཛད་པའི་《འོད་གསལ་པྲ་ཡི་དཔེ་སྟོན》དང་། གསེར་ཁྲི་བསྟན་པའི་ཉི་མས་མཛད་པའི་(སྤྱི་ལོ་1689-1772)《སྒྲོལ་མ་དཀར་མོའི་པྲ་ཡི་སྒྲུབ་ཐབས》། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་《གེ་སར་ཨ་དཀར་འོད་ཀྱི་ཝེར་མ》ལས། བདག་ཅག་སྒྲུབ་པ་པོ་ལ་བྱིན་གྱིས་རློབས།། སྙིང་དབུས་མི་ཤིགས་འོད་ལྔའི་ཏི་ལ་ཀར།། ཀུན་གསལ་བདེ་ཆེན་ཐུགས་ཀྱི་ཡེ་ཤེས་འོད།། དབྱེར་མེད་མངོན་པར་ཤེས་པའི་མཆོག་དབང་བསྐུར།། སྣང་སྲིད་ཀུལ་གསལ་ཝེར་མའི་དཀྱིལ་འཁོར་ཀུན།། ནང་ལྟར་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས།། གསང་བ་བྱང་ཆུབ་སེམས་སུ་རོ་གཅིག་པས།། བདེ་ཆེན་འདུ་འབྲལ་མེད་པར་དགྱེས་བཞུགས་ནས།། སྣང་སྲིད་ཀུལ་གསལ་འཕྲུལ་གྱི་སྒོ་མོ་ཕྱེས།། དུས་གསུམ་སྒྲིབ་མེད་མཁྱེན་པའི་སྤྱན་བཟང་སྩོལ།། ཅེས་གསུང་བ་ལས། པྲ་ཡི་བྱེད་ལས་ཕན་ཡོན་དང་བཅས་པ་གསལ་བོར་བསྟན་ཡོད་དོ།། གཞན་ད་དུང་འཇིགས་མེད་ཐུབ་བསྟན་རྣམ་རྒྱལ་ཚང་གིས་བརྩམས་པའི  《འཕགས་པ་འཇིག་རྟེན་དབང་ཕྱུག་ལ་བརྟེན་པའི་པྲ་སྒྲུབ་ཀུན་གཟིགས་ཤེལ་གྱི་མེ་ལོང་།》 དང་། 《སྨན་གྱི་མོ་པྲ་དྭངས་གསལ་མེ་ལོང་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ།》སོགས་ཡོད་དོ།། 

གསུམ་པ། པྲ་ཡི་དབྱེ་བ། 

  སྤྱིར་བོད་ཀྱི་པྲ་ལ་དབྱེ་ན་རྩ་པྲ་དང་དགོངས་པྲ། གཟུགས་པྲ་གསུམ་ཡོད་པ་ལས། རྩ་པྲ་ནི་ཤིང་སྟག་པའི་བུ་ཆུང་སོར་བཞི་བ་ཞིག་བསྒྲུབས་ནས་གོས་ཀྱི་གོང་བ་ལྟ་བུ་དང་ཉེ་བར་སྦེད་པ་ན་དེས་ལེགས་ཉེས་སྐད་ཆའི་བརྡ་རུ་སྟོན་པ་ཞིག་ཡིན་ལ། འདི་ནི་སྨན་པས་རྩ་ལ་བརྟག་པར་སྤྱོད་ཆེ་བས་རྩ་པྲ་རུ་འབོད། ཡིན་ནའང་པྲ་བ་དེ་ཉིད་སྐུ་གཤེགས་ཁར་སྟག་པའི་བུ་ཆུང་དེས་རྣ་རྩ་ནས་ཡང་ཡང་བོས་ཏེ་རྣམ་ཤེས་འཕོ་བར་གེགས་བྱེད་པས་ན་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མཐའ་གཅིག་ཏུ་སྙེག་མཁན་ཞིག་གིས་རྩ་པྲ་དེ་གཙིགས་སུ་འཛིན་པ་མ་ཡིན་ནོ།། 《བདར་མོའི་གདམས་ངག་བཀའ་རྒྱ》ལས། དེ་ཡང་སྨན་བླ་དང་ལྷ་མོ་རྩྭའི་གླིང་བུ་ཐོགས་པ་ལ་བསྟེན་ནས་སྟག་པའི་བུ་ཆུང་བསྒྲུབ་པའི་བསྙེན་པ་ཕུད་དེ་རྟགས་ཐོན་ཚེ་གྲུབ་པ་ཡིན་ཞེས་གསུངས་སོ།། 

  ཐུགས་པྲའམ་དགོངས་པྲ་ནི་དུས་གསུམ་ལྐོག་གྱུར་རྗེན་པར་གཟུགས་པའི་མཁྱེན་པ་སྟེ། རྒྱུ་རྐྱེན་ནམ་རྫས་ཡོ་བྱད་སོགས་ཅི་ལའང་མ་བརྟེན་པར་རང་བཞིན་ཤུགས་ཀྱིས་མཁྱེན་པ་ལ་ཟེར་རོ།།

  གཟུགས་པྲ་ཞེས་པ་ནི་མེ་ལོང་དུ་འཆར་བའི་མེ་ལོང་དུ་ཤར་པའི་གཟུགས་བརྙན་ལ་ལེགས་ཉེས་ཀྱི་དཔྱད་པ་གཏོང་བ་སྟེ། དེ་ལ་རང་གི་མིག་ལ་བརྟེན་པའི་པྲ་ཕབ་པ་དང་། པྲ་རྟེན་གྱི་མིག་ལ་བརྟེན་ནས་དཔྱད་པ་རིགས་གཉིས་ཡོད། རང་གི་མིག་ལ་བརྟེན་པའི་པྲ་ཞེས་པ་ནི་པྲ་ཕབ་པ་རང་གིས་མེ་ལོང་དུ་འཆར་བའི་གཟུགས་བརྙན་མཐོང་ཐུབ་པར་མ་ཟད། དེ་ལ་བརྟེན་པའི་ལེགས་ཉེས་ཀྱི་དཔྱད་པའང་གཏོང་མཁས་པར་བཤད་ཅིང་། པྲ་རྟེན་གྱི་མིག་ལ་བསྟེན་ནས་པྲ་ཕབ་པ་ནི་རང་ལ་ལྷན་སྐྱེས་ཀྱི་མིག་དབང་རྣོན་པོ(མེ་ལོང་དུ་འཆར་བའི་གཟུགས་བརྙན་མཐོང་ཐུབ་པ)མེད་ནའང་། སྔགས་གསོག་བསྙེན་སྒྲུབ་ཕུད་པ་ལ་བརྟེན་ཡི་དམ་གྱི་ལྷས་རྗེས་སུ་བཟུང་ཞིང་། ལྷན་སྐྱེས་པྲ་མཐོང་གི་བྱིས་པ་ལོ་ཉུང་ཞིག་གྲོགས་སུ་བཀུག་སྟེ་མེ་ལོང་དུ་བལྟར་བཅུག་པ་དང་། པྲ་རྟེན་དེས་མཐོང་སྣང་ངག་ནས་བརྗོད་པར་བརྟེན་ནས་ལེགས་ཉེས་ཀྱི་དཔྱད་པ་གཏོང་བ་ལ་བྱའོ།། 

  པྲ་ཕབ་པ་ལ་པྲ་མིག་གམ་པྲ་མཐོང་གི་མིག་དེ་ངེས་པར་གཙོ་ཞིང་། པྲ་མིག་ལ་དབྱེ་ན་རིགས་གསུམ་ཡོད། དང་པོ་ནི་ཁྭ་ཏའི་མིག་སྟེ། མིག་གི་གྲུབ་ཚུལ་དང་ནུས་པ་ཁྭ་ཏའི་མིག་དང་འདྲ་བས་ན་དེ་སྐད་ཐོགས་སོ།། གཉིས་པ་སྐྱ་ཀའི་མིག་དང་། གསུམ་པ་ཕོ་རོག་གི་མིག་གོ། 

  པྲ་ཡི་བརྟག་ཚུལ་ལ་སུམ་བརྒྱ་དྲུག་བཅུ་ཡོད་དེ། གཟུགས་ཀྱི་པྲ་ལ་བརྒྱ་དང་ཉི་ཤུ། རྫས་ཀྱི་པྲ་ལ་བརྒྱ་དང་ཉི་ཤུ། མ་ངེས་པའི་པྲ་ལ་བརྒྱ་དང་ཉི་ཤུའོ།། འཇུ་མི་ཕམ་གྱིས། པྲ་འཆུག་མི་སྲིད། པྲ་མཁན་གྱི་དཔྱད་པ་ལ་འཆུགས་པ་མང་ཞེས་གསུངས་པ་བཞིན། མཚམས་བསྙེན་པ་མ་ཕུད་ན་པྲ་ཕབ་པའམ་པྲ་ལ་དཔྱད་པར་གོ་ལོག་ནོར་འཁྲུལ་དུ་འགྲོ་ཉེན་ཤིན་ཏུ་ཆེའོ།། 

  པྲ་དང་སྤྱིར་བཏང་གི་མོ་ཡི་ཁྱད་པར་ནི། མོ་ལ་ཉིན་གསུམ་མམ་ཉིན་བདུན་གྱི་གེགས་ཞེས་པའམ། གབ་གཡོག་གིས་སྒྲིབ་པ་ལ་སོགས་པའི་ཁ་གཡོར་ས་མང་མོད། པྲ་ལ་དེ་འདྲ་གཏན་ནས་མེད་པ་དང་། མོ་རྟགས་ལ་རྟེན་འབྲེལ་གྱི་རང་བཞིན་ཤས་ཆེ་ཞིང་། པྲ་ནི་མེ་ལོང་ལས་ཐད་ཀར་གཟུགས་བརྙན་མཐོང་བ་ཡིན་པས་གསལ་ཐག་ཆོད་པ་ཡིན་ནོ།། 

  པྲ་ཕབ་དང་ལྷ་བ་ལའང་ཁྱད་པར་ཡོད་དེ། པྲ་ཕབ་ནི་ལྷན་སྐྱེས་ཀྱི་པྲ་མིག་ཡོད་པའི་ཐོག་བླ་མའི་དབང་ལུང་ཐོབ་པ་དང་། མཚམས་བསྙེན་སྒྲུབ་ཕུད་པ་ལ་བརྟེན་ནས་བྱུང་བའི་ཤེས་པ་ཁྱད་པར་ཅན་ཞིག་ཡིན་པ་དང་། ལྷ་བ་ནི་ཡུལ་ལྷ་གཞི་བདག་གང་རུང་ཞིག མིའི་ལུས་ཁོག་ཏུ་ཞུགས་ནས་འགྲོ་འདུག་སྤྱོད་གསུམ་ཐམས་ཅད་ལྷ་ཡི་དབང་ངམ་ཚོད་འོག་ཏུ་ཡོད་པ་དང་། གནས་སྐབས་དེར་མི་རང་ཉིད་ཀྱི་ཤེས་རྒྱུན་བཀག་པས་ཐུན་རེ་ཟེར་ཏེ། ལྷ་བབ་པའི་གནས་སྐབས་ན་མི་ཡིན་པའི་ངག་བཅད་ཐུན་བཟུང་བ་དང་། ལྷ་དྭངས་པ་ན་ལྷ་སྐད་ཀྱི་ཐུན་བཟུང་མི་སྐད་ཀྱི་སྒོ་ཕྱེ་བས་སོ།། 

བཞི་བ། པྲ་ཡི་གོ་རིམ། 

པྲ་ཡི་གོ་རིམ་ལ་པྲ་སྒྲུབ་པའི་གནས་སྐབས་ཀྱི་གོ་རིམ་དང་པྲ་ཕབ་པའི་གནས་སྐབས་ཀྱི་གོ་རིམ་གཉིས་ཡོད་པ་ལས། པྲ་སྒྲུབ་པའི་གནས་སྐབས་ལ་ཐོག་མར་པྲ་མིག་དང་ལྡན་པ་གལ་ཆེ་སྟེ། པྲ་མིག་ལའང་ལྷན་སྐྱེས་སུ་ཡོད་པའི་པྲ་མིག་དང་། བླ་མའི་དབང་ལུང་ཐོབ་པ་བརྒྱུད་མཚམས་བསྙེན་པ་ཕུད་དེ་ཆེད་དུ་ཕྱེ་བའི་དྲ་མིག་དང་། སྒྲུབ་པ་ཉམས་ལེན་ཅི་བྱས་ཀྱང་རྫས་ལ་མ་བསྟེན་པར་པྲ་མིག་འབྱེད་མི་ཐུབ་པ་དང་། རྫས་ལ་བསྟེན་ནས་པྲ་ཕབ་པ་བཅས་རིགས་གསུམ་ཡོད་པ་ལས། དང་པོ་ལྷན་སྐྱེས་ཀྱི་པྲ་མིག་ནི་ཕ་མེས་ཡང་མེས་ནས་པྲ་མིག་གི་རྒྱུད་དེ་ཡོད་པའམ། རྒྱུད་མེད་ཀྱང་ལྟོས་དབང་གིས་མེ་ལོང་ཏུ་འཆར་བའི་གཟུགས་བརྙན་མཐོང་མཁན་ལ་བྱ་ཞིང་། དེ་ལའང་བླ་མའི་དབང་ལུང་ཞིག་ཅིས་ཀྱང་གལ་ཆེ་སྟེ། དབང་ལུང་མེད་པར་པྲ་ཕབ་པ་ལ་བརྡ་ལོག་གོ་ལོག་ཏུ་འགྲོ་བའི་ཉེན་ཁ་ཤིན་ཏུ་ཆེའོ།། གཉིས་པ། པྲ་མིག་སྒྲུབ་པ་ལ་ཐོག་མར་བླ་མ་རྟོགས་ལྡན་ཞིག་གི་དབང་ལུང་འཐོབ་དགོས་པ་དང་། དེའི་འཕྲོར་དབེན་པའི་རི་ཁྲོད་བསྟེན་ནས་མཚམས་བསྙེན་པ་ལ་ཤུགས་ཀྱིས་བརྩོན་དགོས་པ་ལ། ཡི་དམ་དུ་དཔལ་ལྡན་ལྷ་མོ་དང་སྒྲོལ་མ། ཚེ་རིང་མཆེད་ལྔ། གེ་སར་སོགས་གང་རུང་བསྟེན་ཅིང་རྟགས་ཐོན་པ་ན་གྲུབ་པ་ཡིན། མཐར་བླ་མས་རབ་གནས་མཛད་དེ་པྲ་ཕབ་ཆོག་པའི་བཀའ་ཡི་གནང་བ་འཁྲོལ་བ་ན་ད་གཟོད་པྲ་ཕབ་ཆོག་པ་ཡིན། 

པྲ་སྒྲུབ་པའི་སྐབས་སུ་ཉིན་རེའི་ཕྱི་དྲོ་དུས་ཚོད་ལྔའི་སྐབས་སུ་སྐར་ཆ་བཅོ་ལྔ་ཙམ་གྱི་དུས་ཡུན་རེར་མེ་ལོང་དུ་པྲ་ཕབ་པའི་སྦྱོང་པ་བྱེད་དགོས་ལ། ཐོག་མར་བལྟ་དུས་ཆུ་རྒྱུགས་པའམ་རླུང་གཡོ་བ་ལ་སོགས་པ་མཐོང་སྟེ་འཇིགས་ཡེར་བའམ་སྐྱུགས་བྲོ་བ་ཞིང་ཀྱང་ཡིན་སྲིད་ཀྱང་། རིམ་བཞིན་རིམ་བཞིན་དགའ་བདེས་ཁྱབ་པར་འགྱུར་རོ། ། པྲ་ཕབ་པའམ་རྣོ་མཐོང་པྲ་ཡི་རྣམ་གཞག་མདོར་བསྡུས་སུ་བརྗོད་པ་ལས། སྒྲུབ་ཐབས་སུ་ཉིན་པར་མི་བྱ་མཚན་མོ་བྱའོ། ། ལུང་རྒྱུན་ལེགས་པར་ཐོབ་པའི་གང་ཟག་མ་གཏོགས་མི་བྱའོ། ། གཞན་ལ་སྨྲ་མི་རུང་ངོ་།། ཞེས་གསུངས་ཡོད་ནའང་། མགོ་ལོག་ནས་ཕེབས་པའི་པྲ་སྒྲུང་ཚེ་གྲུབ་ཀྱིས་གསུང་བ་ལྟར་ན། ཉི་མའི་གོང་སྟོད་ལ་པྲ་ཕབ་པའི་དུས་ཚོད་ཆེས་བཟང་བོ་ཡིན་ལ། མཚན་མོ་སྐར་མ་འཆར་དུས་ཀྱང་ཕབ་ཆོག་པ་ནི་ཉམས་ལེན་གྱི་རྒྱུན་ལ་ཁྱད་པར་མཆིས་པ་ཙམ་དུ་ཟད་དོ།།

རྫས་ལ་བསྟེན་པའི་པྲ་མིག་གམ་པྲ་རྫས་ལ། ཕ་ཝ། ལོང་བུ་ཆ་གསུམ། ཨ་རུ་ར་ཆ་གཉིས། གསེར་ཆ་གཅིག་དངུལ་ཆ་གསུམ། ཚ་ལ་ཆ་ལྔ། རྒྱ་ཚ་ཆ་ལྔ། གུར་ཀུམ་ཆ་གཉིས། གི་ཝང་ཆ་གཉིས། ཤིང་མངར་ཆ་གཅིག གཡུ་དང་མུ་ཏིག་མིག་མེད་པའི་ཐལ་བ། ཨྃསིདྷིགུ་རུ་སིག་མ་ཧྲིང་ཧྲིང་ཛ། མ་མ་ཛ་ཏི་ཏྲིའུ་ཞེས་འབུམ་བཟླས་ཏེ་རྫས་ལ་བཏབ་སྟེ་མིག་ལ་བྱུག་ན་སྒྲོམ་གྱི་ནང་དུ་ཅི་ཡོད་ཀྱང་མཐོང་། རྣ་བར་བྱུག་ན་འཇིག་རྟེན་པའི་སྒྲ་རྣམས་ཐོས། ཟོས་ན་འགྲོ་བའི་བསམ་པ་ཤེས། དེར་མ་ཟད་འཆད་རྩོད་རྩོམ་གསུམ་ལ་ཡང་མཁས་པར་འགྱུར་རོ་ཞེས་གསུངས་སོ། ། 

  དེང་གི་དུས་སུ་པྲ་མཁན་ལ་བཙུན་པ་རབ་བྱུང་བ་ཤིན་ཏུ་ཉུང་ཞིང་། རབ་བྱུང་མ་ཡིན་ནའང་དད་པ་བརྟན་པོ་དམ་ཚིག་མ་ཉམས་པ་དང་། རྒྱུ་འབྲས་ལ་ཡིད་ཆེས་ཤིང་བདག་བས་གཞན་གཅེས་ཀྱི་སྙིང་རྗེ་དང་ལྡན་པ། སྨྲ་བ་ཉུང་ཞིང་ཚངས་སྤྱོད་དང་ལྡན་པ་ངེས་པར་གལ་ཆེའོ། ། 

  པྲ་ཕབ་པའི་གོ་རིམ་ལ་ཐོག་མར་རྫས་སོགས་ཚང་དགོས་ཏེ། གང་ཞེ་ན། པྲ་ཕབ་དང་། པྲ་ཕབ་ཀྱི་ཡོ་བྱད། ལུང་བསྟན་ཞུ་མཁན། ཡུལ་དུས་ངེས་ཅན་བཅས་སོ། ། པྲ་ཕབ་ཀྱི་ཡོ་བྱད་ལ་ཡང་། མེ་ལོང་དང་མདའ་དར། མར་མེ། གསེར་སྐྱེམས། པྲ་གདན། འབྲུ་ཟན། རྫས་བཅས་སོ། ། པྲ་ཕབ་པའི་དུས་ན་བུ་མོ་ལོ་བཅོ་ལྔ་ཅན་ནམ་ཁྱེའུ་ཆུང་ཆུང་ཞིག་གིས་མདའ་དར་ཐོགས་ནས་འདུག་པ་དང་། པྲ་ཕབ་ཀྱིས་པྲ་ལྭ་ཆ་ཚང་མནབས་དགོས་པར་གསུངས་སོ། ། གེ་སར་གྱི་པྲ་ཕབ་པ་ལ་པྲ་ཕབ་བམ་པྲ་མཁན་ངེས་པར་སྐྱེས་པ་སྟེ་ཕོ་ཞིག་ཡིན་དགོས་ལ། རྫས་བྱུག་པ་དང་སྔགས་བཟླས་པ་ལ་སོགས་པའི་པྲ་ཕབ་པའི་ལས་ཀའི་སྦྱོར་དངོས་རྗེས་གསུམ་ལ་དད་པ་བརྟན་པོ་ཡོད་དགོས་སོ།། པྲ་ཕབ་ཀྱི་སྦྱོར་བ་དངོས་ལ་འཇུག་པའི་སྟ་གོན་ནི། ཐོག་མར་གེ་སར་གྱི་ཐང་གའམ་སྐུ་གང་རུང་ཞིག་བཤམས། དེའི་འོག་ཏུ་མཆོད་ཁྲི་ཞིག་འཇོག་དགོས་པ་ལ་གཏོར་མ་དང་གྲོ་སོ་ཕྱེ་མར། གསེར་སྐྱེམས་ཐེབ་གང་། འོ་མ་ཐེབ་གང་། མཆོད་ཆུ་ཐེབ་གང་རེ་ཕུལ། གཞན་ནས་དང་འབྲུ་རིགས་ཕོར་གང་གི་ནང་དུ་མདའ་དར་ཁ་ཐུར་དུ་བཙུགས། གཡོན་ཕྱོགས་སུ་ནས་ཕོར་གང་གི་སྟེང་གི་མེ་ལོང་བཞག མེ་ལོང་དེ་དར་ཚོན་སྣ་ལྔའམ་མ་ཚང་ན་དཀར་དམར་སེར་གསུམ་གང་རུང་ཞིག་གིས་འཐུས་པར་བྱས་ཏེ་བཏུམ། མཆོད་མེ་རྐོང་བུ་གསུམ་གོང་དུ་གསེར་སྐྱེམས་ལ་སོགས་པའི་མཆོད་པའི་མདུན་དུ་བསྒྲོན་རྗེས་པྲ་ཕབ་དགོས་པར་བཤད། །

  གེ་སར་རྒྱལ་པོའི་པྲ་ལས་གཞན་དཔལ་ལྡན་ལྷ་མོ་དང་རྡོ་རྗེ་གཡུ་སྒྲོན་མ་ལ་སོགས་པའི་པྲ་ཕབ་ཚུལ་ཀྱང་ཡོད་དེ། ཡོ་བྱད་དང་གོ་རིམ་སོགས་གོང་དང་ཕལ་ཆེར་འདྲ་ནའང་། གཏོར་མ་ལ་ཁྱད་པར་ཡོད་པའི་ཐོག མཆོད་པ་མཆོད་བཤམས་ཀྱི་གོ་རིམ་ལའང་ཁྱད་པར་ངེས་ཅན་ཡོད། གཙོ་ཆེ་བ་ནི་གེ་སར་གྱི་པྲ་ཕབ་སྐྱེས་པ་ཞིག་ཡིན་དགོས་པ་གཏན་ལ་ཕབ་ཡོད་ཀྱང་། དཔལ་ལྡན་ལྷ་མོ་དང་རྡོ་རྗེ་གཡུ་སྒྲོན་མའི་པྲ་ཕབ་ལ་སྐྱེས་ཕོ་མོའི་ཁྱད་པར་ཅི་ཡང་མེད་དེ། བུད་མེད་མཁའ་འགྲོ་མའི་ནང་ན་པྲ་ཕབ་ཤིན་ཏུ་མང་བས་སོ། ། འོ་ན་དེ་གཉིས་མོ་རྒྱུད་ཀྱི་ལྷ་ཡིན་བཞིན་དུ་པྲ་ཕབ་ལ་བུད་མེད་ཏག་ཏག་ཡིན་དགོས་པ་མ་ཡིན་ནམ་ཞེ་ན་དེ་ཡང་མ་ངེས་ཏེ། གངས་རིའི་ལྗོངས་ཀྱི་པྲ་ཕབ་ཕལ་ཆེ་བ་སྐྱེས་པ་ཡིན་ལ། ཁོང་རྣམ་པས་དཔལ་ལྡན་ལྷ་མོའི་པྲ་ཕབ་པའི་ལོ་རྒྱུས་ཀྱང་མཐོང་ཐོས་ཅི་རིགས་སུ་སྣང་བའི་ཕྱིར་རོ། །

ལྔ་བ། པྲ་ཡི་འཛེམ་བྱ། 

  པྲ་ཕབ་པའི་ཡར་སྔོན་ལ། པྲ་ཕབ་ཀྱིས་ངེས་པར་ཁྲུས་གསོལ་གཙང་སྦྲ་ལེགས་པོ་བྱ་དགོས་པར་མ་ཟད། མིག་ལ་པྲ་རྫས་བྱུག་སྟེ་སྔགས་བཟློ་ཞིང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་དགོས་ལ། མཆོད་པ་སྣ་ཚོགས་ཚུལ་བཞིན་ཕུལ་རྗེས་ད་གཟོད་པྲ་ཕབ་ཀྱི་སྦྱོར་བ་དངོས་ལ་ཞུགས་ཆོག་གོ ། དེ་ཡང་ལུང་བསྟན་ཞུ་མཁན་གྱི་མི་དེར་ཡིད་ཆེས་པའི་དད་པ་ཡོད་པའི་ཐོག སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་གང་རུང་ལ་སྒོ་གསུམ་གུས་པས་ཕྱག་འཚལ་རྗེས་ད་གཟོད་ཞུས་ཆོག་པ་རེད། རང་ཉིད་སྲོག་གི་ཉེན་ཁར་ཐུག་ནའང་རང་གི་དོན་དུ་པྲ་ཕབ་མི་ཆོག་པ་དང་། པྲ་ཕབ་པ་ལ་བརྟེན་ནས་གཞན་གྱི་ནོར་ལ་སྲེད་པ་སྐྱེ་མི་ཆོག་པ་དང་། མི་གསོད་སྡིག་ལས་ལ་མི་སྤྱོད་པ་དང་། མི་རིགས་མཐུན་སྒྲིལ་དང་ས་གནས་བདེ་འཇགས་ལ་གནོད་པའི་གཏམ་འཆལ་མི་སྨྲ་བ་དང་། པྲ་ལ་བརྟེན་ནས་རྒྱན་པོ་འབྱེད་མི་ཆོག་པ་དང་། མི་ཡི་ཚེ་ཚད་སོགས་ལས་འབྲས་བཟློག་ཏུ་མེད་པའི་རིགས་བཤད་མི་རུང་ངོ་། །

  པྲ་ཕབ་ཀྱིས་རལ་ཆད་ཀྱི་ལྭ་མི་གྱོན་པ་དང་། ཉིན་བདུན་ཚུན་ཆད་ཀྱི་བང་མའི་སར་མི་འགྲོ་བ་དང་། ཡུགས་མས་གཡོས་པའི་བཟའ་བཏུང་ལོངས་སུ་མི་སྤྱོད་པ་སོགས་ཀྱང་འཛེམ་བྱ་ཡིན་ནོ། ། དེ་ལས་ལྡོག་ན་མནོལ་གྲིབ་ཕོག་སྲིད་ཅིང་། གྲིབ་ཕོག་ན་ཉིན་འགར་པྲ་མི་མཐོང་བ་དང་། ཚབས་ཆེ་ན་ཚེ་གང་བོར་པྲ་མི་མཐོང་བའི་གནས་ཚུལ་ཀྱང་འབྱུང་ངོ་། ། 

  ལུང་བསྟན་ཞུ་མཁན་གྱིས་ཁྲུས་དང་གཙང་སྦྲ་ཡག་པོ་བྱེད་དགོས་པར་མ་ཟད། པྲ་ཕབ་ཀྱི་སར་ཐོན་ཁར་མནོལ་བསམ་སོགས་ཀྱང་བདུག་དགོས་པར་བཤད་དེ། ལུང་བསྟན་ཞུ་མཁན་ལ་གྲིབ་ཕོག་ན་སྣང་གསལ་པྲ་ཡི་མཇུག་འབྲས་ལ་གནོད་པ་ཐེབས་ངེས་པས་སོ། ། འོ་ན་མནོལ་གྲིབ་ཅི་ཡིན་ཞེ་ན། མཛེ་ནད་ཅན་མཐོང་བའམ། གྲི་ཤིའི་རོ་དང་བུད་མེད་ཀྱི་ཟླ་མཚན་མཐོང་བའམ། ལམ་བར་དུ་གཏོ་ལ་འཕྲད་པའམ། བག་མར་འཕྲད་པའམ། གོས་ནག་རྟ་ནག་ཅན་དང་མི་གསོད་ཀྱི་ལག་དམར་ལ་འཕྲད་པ་སོགས་ཀྱིས་གྲིབ་ཕོག་པར་འགྱུར་རོ། །

དྲུག་པ། པྲ་ཡི་ཕན་ནུས། 

  ནད་གདོན་མཐར་བསྐྲོད་པ་སྟེ། ལུས་ལ་ན་ཚ་བྱུང་བ་སྨན་པ་དང་སྨན་གང་ལ་བསྟེན་ཀྱང་བསྔོ་མི་ཐོགས་ན། པྲ་མཁན་ལ་ཞུས་ཏེ་ནད་ཀྱི་རྒྱུ་མཚན་བརྟག་དགོས་པ་དང་། གདོན་བགེགས་ཀྱི་བར་ཆད་ཡིན་ན་གང་གི་ངོས་ཐུག་གི་རིམ་གྲོ་བསྒྲུབས་ཏེ་གདོན་བགེགས་མཐར་བསྐྲོད་པའོ། ། གཞན་དོན་ལྔ་སྣོད་དྲུག་གི་ནད་དུག་གང་དུ་ཡོད་པ་སོགས་ཀྱང་པྲ་ཕབ་ཀྱིས་མཐོང་བར་བཤད་དོ། ། 

  བོར་སྟོར་འཚོལ་བ་སྟེ། རྟ་ནོར་ལུག་གསུམ་བོར་བའམ་རྐུན་མས་དེད་པ་དང་། ཁྱིམ་དུ་རྐུན་མ་འཛུལ་ཏེ་བོར་སྟོར་བྱུང་ན། པྲ་ཕབ་པ་ལ་བརྟེན་ནས་རྟ་ནོར་ལུག་གསུམ་གང་དུ་ཡོད་པ་དང་། རྐུན་མའི་གཟུགས་བརྙན་དང་ཆ་བྱད་ཅི་འདྲ་ཡིན་པ་སོགས་གསལ་བོར་བཤད་ཐུབ་པ་དང་། མགོ་ལོག་གི་པྲ་སྒྲུང་ཚེ་གྲུབ་ལ་པྲ་ཕབ་ནས་རྐུན་མ་ཟིན་ཚུལ་སོགས་ངོ་མཚར་བའི་གཏམ་རྒྱུད་མང་དུ་ཡོད་དོ། །

  ལྐོག་གྱུར་མངོན་ཏུ་ཕྱུང་བ་སྟེ་འདས་མ་འོངས་ད་ལྟ་གསུམ་གྱི་གནས་ཚུལ་མིག་གིས་མ་མཐོང་། རྣ་བས་མ་གོ ། ཡིད་ལའང་མ་དྲན་པར་ལྐོག་ཏུ་གྱུར་བ་རྣམས་པྲ་ཕབ་པ་ལ་བརྟེན་ནས་རྗེན་པར་སྟོན་པ་ལ་བྱའོ། ། 

  ས་དཔྱད་བརྟག་པ་སྟེ། ཁང་ས་གཞི་ས་གང་ཞིག་གི་བཟང་ངན་དང་དེའི་བཅོས་ཐབས་དང་། རྫས་ཀྱི་གཏེར་ཁ་གང་དུ་ཡོད་པ་སོགས་དཔྱད་ཅིང་བརྟག་སྟེ་དགྲ་ལ་བྱོལ། ས་དཔྱད་ཀྱི་དགེ་མཚན་མཐའ་དག་གྲོགས་སུ་འགུགས་པའི་ཐབས་ལ་བྱའོ། ། 

བདུན་པ། པྲ་ཕབ་མཁན་པོ།

  ཨའོ་དྲི་ལུའི་བོད་རིག་པའི་ཞིབ་འཇུག་པ་གྲགས་ཆེན་ནེ་པེ་སི་ཅིས་སྤྱི་ལོ་1956ལོར་བཏོན་པའི་བརྩམས་ཆོས་《བོད་ཀྱི་ལྷ་འདྲེ་གདོན་འགེགས》ཞེས་པའི་ནང་བོད་ཀྱི་ཁྱེའུ་ཞིག་གིས་པྲ་ཕབ་པའི་གནས་ཚུལ་བཀོད་ཡོད་དེ། གེ་སར་རྒྱལ་པོའི་ཐང་ག་ཞིག་མཆོད་ཁྲིའི་གོང་དུ་བཤམས་པ་དང་། མཆོད་ཁྲི་སྟེང་མེ་ལོང་དང་མདའ་དར་བཞག་ཡོད་ལ། མདའ་དར་ལ་དར་ཚོན་སྣ་ལྔ་དཔྱང་ཡོད་པ་ཞིག་གོ ། ཁྱེའུ་དེར་པྲ་རྟགས་ཐོན་རྗེས་མེ་ལོང་དུ་འཆར་བའི་གཟུགས་བརྙན་སྣ་ཚོགས་མཐོང་ཐུབ་པར་མ་ཟད། 《གེ་སར་རྒྱལ་པོའི་སྒྲུང་》ཡང་ཤར་མར་བཤད་ཐུབ་བོ། ། བཅིང་འགྲོལ་བྱས་པའི་ཚུན་ལ་བསིལ་བའི་ལྗོངས་འདིར་པྲ་སྒྲུང་གྲགས་ཆེན་གཉིས་ནས་གསུམ་ཙམ་མ་གཏོགས་མ་བྱུང་བར་བཤད་ལ། གཅིག་ནི་སྤྱི་ལོ་1994ལོར་སྐུ་གཤེགས་ཤིང་ཕ་ཡུལ་ཆབ་མདོ་རི་བོ་ཆེ་ནས་ཡིན་པའི་ཁ་ཚ་བཀྲ་བྷ་སྟེ། ཁོང་གིས་མི་ཚེ་གང་བོར། པྲ་ཕབ་པ་ལ་བརྟེན་ནས་གེ་སར་གྱི་སྒྲུང་དཔེ་དགུ་ཙམ་བྲིས་ཡོད་དོ། ། གཞན་ཞིག་ནི་ཕ་ཡུལ་མགོ་ལོག་ནས་ཡིན་པའི་པྲ་སྒྲུང་ཚེ་གྲུབ་ཡིན་ལ། ཁོང་ནི་1967ལོའི་ཟླ་དྲུག་པ་སྟེ། བོད་རབ་བྱུང་བཅུ་དྲུག་པའི་མེ་མོ་ལུག་ལོའི་བོད་ཟླ་ལྔ་བའི་ནང་། མགོ་ལོག་གཅིག་སྒྲིལ་རྫོང་སོག་རུ་ཡུལ་ཚོའི་ཡབ་བཻ་ཆོས་འཕེལ་དང་། ཡུམ་དམེ་ཚང་བཟའ་དགའ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཆུང་དུས་ནས་སོག་རུ་སློབ་ཆུང་དུ་ཞུགས་ནས་ཡི་གེ་འབྲི་ཀློག་སྦྱངས་ཤིང་། ལོ་བཅུ་གསུམ་གྱི་སྟེང་དུ། བླ་མ་མང་པོའི་ལུང་བསྟན་སྟར་ལུང་དཀར་དགོན་ནས་རབ་ཏུ་བྱུང་སྟེ་ཚོགས་ཞུགས་གནང་། ལུང་དཀར་དགོན་པའི་མཁན་ཆེན་བློ་བཟང་བསྟན་པ་སོགས་བླ་མ་དུ་མའི་མདུན་དུ་ཆོས་ཀྱི་གཞུང་ལ་གསན་སྦྱངས་མཛད་པ་དང་། སྤྲུལ་སྐུ་སྐར་མ་འཇམ་དབྱངས་དང་རྡོ་ཤུག་ཆུང་མཁའ་འགྲོ་མ་རྣམས་གཉིས་ཀྱི་དྲུང་ནས་སྣང་གསལ་པྲ་ཡི་དབང་ལུང་ཞུས། 1989ལོར་རྒུ་རུ་བླ་མ་ཐུབ་བསྟན་ཚེ་རིང་མཆོག་ནས། ལྷ་ལུང་དཔལ་གྱི་རྡོ་རྗེ་སྐུ་ཕྲེང་དྲུག་པ་གཡུ་ཁོག་སྐུ་ལོའམ་གྲུབ་ཆེན་ནོར་བུ་མགོན་གྱི་ཡང་སྤྲུལ་དུ་ངོས་འཛིན་མཛད་ཅིང་། ལོ་དེའི་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན་ཁྲི་འདོན་མཛད་སྒོ་སྤེལ། 

  ཚེ་གྲུབ་ནི་པྲ་ཕབ་མཁན་གྱི་ཁྱིམ་རྒྱུད་ཅིག་ནས་སྐྱེས་ཤིང་། ཁོང་ནི་ཁྱིམ་རྒྱུད་དེའི་མི་རབས་ལྔ་བ་ཡིན། ཚེ་གྲུབ་ཀྱིས་པྲ་ལས་གེ་སར་སྒྲུང་གི་གཏམ་རྒྱུད་གང་མཐོང་བ་དེ་བཞིན་དུ་མི་རྣམས་ལ་བཤད་པས། ཀུན་གྱིས་དགའ་བསུ་ཐོབ་སྟེ་མགོ་ལོག་ཁུལ་རིག་གནས་ཅུའུ་ནས་གེ་སར་ཞིང་འཇུག་པའི་ལག་རྟགས་མཚན་སྙན་གནང་། རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་རབས་འབྱམས་པ་ནོར་བུ་དབང་ལྡན་གྱིས་ཚེ་གྲུབ་ཀྱི་པྲ་ཕབ་ཚུལ་ལ་ལོ་མང་པོར་ཞིབ་འཇུག་བྱས་ཤིང་། པྲ་ལས་མཐོང་བའི་གེ་སར་གྱི་སྒྲུང་མཐའ་དག་དུས་ཚོད་ཉིས་བརྒྱ་བཞི་བཅུ་ལྷག་ལ་སྒྲ་བླངས་ཏེ་ཉར་ཚགས་བྱས་པར་མ་ཟད། ཚེ་གྲུབ་ལ་གེ་སར་སྒྲུང་བའི་མཚན་སྙན་དང་ལག་རྟགས་ཀྱང་གནང་། 

  ཚེ་གྲུབ་ཀྱིས་མེ་ལོང་ལས་མཐོང་བའི་གེ་སར་གྱི་སྒྲུང་ནི། སྲོལ་རྒྱུན་གྱི་སྒྲུང་བཤད་སྟངས་ལྟར་རྒྱུད་འཛིན་བྱས་ན་དམིགས་བསལ་གྱི་གྲུབ་འབྲས་མི་ཐོན་པ་རྟོགས་ཏེ། རི་མོ་བ་གདན་དྲངས་ནས་རང་ཉིད་ཀྱིས་མེ་ལོང་ལས་མཐོང་བ་རི་མོ་བ་རྣམས་ལ་འབྲི་རུ་བཅུག2012ལོའི་ཟླ་བ་བཅུ་གཉིས་ཀྱི་ཚེས་བཅུ་གསུམ་ཉིན། ཨ་ཁུ་ཁྲོ་ཐུང་དང་ཇོ་རུ། ཇ་མ་མིང་ཆེན་བཅོ་བརྒྱད་དང་གླིང་གི་མཚོན་ན་སྣ་ཚོགས་རི་མོའི་ལམ་ནས་འགྲེམ་སྟོན་བྱས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་འགོ་ཁྲིད་དང་མཁས་དབང་རྣམས་ཀྱིས་གདེང་འཇོག་ཚད་མཐོན་པོ་གནང་། ཁྱད་པར་དུ་ཇ་མ་མིང་ཆེན་བཅོ་བརྒྱད་ཀྱི་གྱོན་གོས་དེ་བུ་མོ་བཅོ་བརྒྱད་ཀྱིས་གྱོན་ནས་འཕྱོར་འགྲོ་བྱས་ཤིང་། གྱོན་པ་རིགས་མི་འདྲ་བ་བཅོ་བརྒྱད་ནི་མི་རིགས་མི་འདྲ་བ་བཅོ་བརྒྱད་ཀྱི་གྱོན་པ་ཡིན་པས། འབྲེལ་ཡོད་འགོ་ཁྲིད་དང་མཁས་དབང་རྣམས་ཀྱིས་གསུངས་བཤད་གལ་ཆེན་གནང་ནས། མི་རིགས་མཐུན་སྒྲིལ་དང་གེ་སར་བྱ་བའི་དྲིལ་བསྒྲགས་བཅས་ལ་མུ་མཐུད་དུ་བྱས་རྗེས་འཇོག་དགོས་ཞེས་རྒྱབ་སྐྱོར་དང་སྐུལ་མ་གནང་། 2009ལོའི་ཟླ་9པའི་ཚེས་30ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གེ་སར་རྒྱལ་བོའི་སྒྲུང་ནི་མིའི་རིགས་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་རྫས་ལས་འཐུས་ཚབ་བརྩམས་ཆོས་ཀྱི་མིང་ཐོ་རུ་བཀོད། དེ་ནི་སྒྲུང་མཁན་ཞིག་ལ་མཚོན་ན་དགའ་འོས་པ་ཞིག་རེད། དུས་དེ་ནས་བཟུང་ཚེ་གྲུབ་ཀྱིས་སྔོན་གྱི་སྒྲུང་མཁན་དག་གིས་དྲན་ཤེས་ཀྱི་ཀློང་ནས་བྱུང་བའི་གེ་སར་སྒྲུང་དེ་ངག་གི་སྒྱུ་རྩལ་ལ་བརྟེན་ནས་ཉན་མཁན་གྱི་སྙན་དུ་བསྒྲོན་པ་དེ་ཙམ་གྱིས་ཡིད་མ་ཚིམས་པར། གེ་སར་སྒྲུང་ནི་འཛམ་གླིང་གི་སྒྲུང་རིང་མཐའ་དག་ལས་ད་ལྟ་ད་དུང་ཡང་གསོན་ཉམས་དོད་པོས་བརྒྱུད་བཞིན་པ་དང་། དེ་ཉིད་མུ་མཐུད་དུ་གསོན་དགོས་ན་སྔར་ལས་ལྷག་པའི་འཕེལ་རྒྱས་འབྱུང་དགོས་སྙམ་ཞིང་། 2013ལོའི་དགུན་ཁར་མེ་ལོང་ལས་མཐོང་བའི་གེ་སར་སྒྲུང་གི་ཡུལ་དངོས་འཚོལ་བའི་ལམ་དུ་ཞུགས་ཤིང་། གེ་སར་སྒྲུང་ལས་བྱུང་བའི་མཁར་ཤུལ་དང་དཔའ་རྟུལ་ཚོའི་བང་སོ་སོགས་ས་གནས་མང་ཚོགས་ཀྱི་ངག་རྒྱུན་དང་མེ་ལོང་ནང་དུ་ཤར་བའི་བརྙན་གཟུགས་གཉིས་ཁ་མཐུན་པ་ལ་གཞི་བཅོལ་ནས་ངེས་འཛིན་ར་སྤྲོད་བྱེད་པར་བརྩོན་པ་བསྐྱེད་བཞིན་མཆིས་སོ། །

ཟུར་ལྟའི་དཔྱད་གཞི། 

༡བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི་《རྒྱལ་རབས་གསལ་བའི་མེ་ལོང་།》མི་རིགས་དཔེ་སྐྲུན་ཁང་གིས་1993ལོར་པར། ཤོག་ངོས་57-58བར་གསལ། 

༢སྦ་གསལ་སྣང་གིས་བརྩམས་པའི་《སྦ་བཞེད》བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་2010ལོར་པར། ཤོག་ངོས་275ན་གསལ། 

༣འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི《གླིང་གེ་སར་རྒྱལ་པོའི་གསོལ་མཆོད་སྐོར་ཕྱོགས་བསྒྲིགས》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་1996ལོའི་པར་གཞི་དང་པོའི་ཤོག་ངོས་49ན་གསལ་ལོ། །

༤སྟག་བླ་ནོར་བུས་བརྩམས་པའི་《གསོ་དཔྱད་མན་ངག་གཅེས་བསྒྲིགས་གཞན་ཕན་ཟླ་ཤེས་ནོར་བུའི་སྒྲོན་མེ》ནང་གསལ་ལོ། །

 བསོད་ནམས་རྡོ་རྗེ། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།                                                                               


                                                                                                                                                 2015་ལོའིགེ་སར་ཞིང་འཇུགདེབ་དང་པོ་ལས་བཤུས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1