ཝང་ཏུང་མིང་སྐབས་གསུམ་པའི་ཀྲུང་གོ་དང་ཨ་རིའི་ཞིང་ཆེན་དང་ཀྲུའུ་ཡི་འགོ་འཛིན་གླེང་སྟེགས་སུ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-25


         ས་གནས་དེ་གའི་དུས་ཚོད་ཟླ་9པའི་ཚེས་22ཉིན། སྐབས་གསུམ་པའི་ཀྲུང་གོ་དང་ཨ་རིའི་ཞིང་ཆེན་དང་ཀྲུའུ་ཡི་འགོ་འཛིན་གླེང་སྟེགས་ཚོགས་འདུ་དེ་ཨ་རིའི་ཝ་ཧྲིན་ཐོང་ཀྲུའུ་སི་ཡཱ་ཐུ་གྲོང་ཁྱེར་ནས་སྤེལ་བ་དང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཚོགས་འདུ་རུ་ཞུགས། 

         གླེང་སྟེགས་ཀྱི་དུས་རིམ་སྔོན་མར། ཀྲུང་གོ་དང་ཨ་རིའི་ཞིང་ཆེན་དང་ཀྲུའུ་ཡི་འགོ་འཛིན་སོ་སོས་ནུས་ཁུངས་གཙང་མ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྗོད་བྱར་གཞིར་བཟུང་ནས་གཏམ་བཤད་དང་བསམ་བློ་བརྗེ་རེས་གནང་། ཝང་ཏུང་མིང་གིས་གཏམ་བཤད་ཁྲོད་གསུང་དོན། ན་ནིང་གི་ཟླ་11པར། ཀྲུང་གོ་དང་ཨ་རི་ཡིས་མཉམ་དུ་ཀྲུང་གོ་དང་ཨ་རིའི་གནམ་གཤིས་འགྱུར་བའི་མཉམ་འབྲེལ་བསྒྲགས་གཏམ་སྤེལ་ནས། ནུས་ཁུངས་དང་ཁོར་ཡུག་ཁྱབ་ཁོངས་མཉམ་ལས་རྒྱ་བསྐྱེད་ནས་འཐབ་ཕྱོགས་ཚད་རིམ་དུ་འཕར་བར་ཤུགས་སྣོན་བྱས་ཡོད། མདུན་ལྗོངས་ཡག་པོ་འདིར་ཕྱོགས་གཉིས་ཀའི་ཞིང་ཆེན་དང་ཀྲུའུ་རིམ་པས་མཉམ་དུ་སྐུལ་འདེད་བྱ་དགོས། སི་ཁྲོན་ནི་ཀྲུང་གོའི་ནུས་ཁུངས་གཙང་མའི་ལས་གཞི་གལ་ཆེན་ཡིན་ཏེ། ཆུ་ནུས་ཐོན་ཁུངས་དཔལ་འབྱོར་གསར་སྤེལ་རུང་བའི་ཚད་དུང་ཕྱུར་གཅིག་ལས་བརྒལ་བ་དང་། བྲག་རིམ་ལས་ཆགས་པའི་སིལ་རླངས་ཐོན་ཁུངས་ཀྱི་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར་ཁྲི་27.5སྟེ། རྒྱལ་ཡོངས་ཀྱི་ཨང་དང་པོར་ཟིན་ཡོད། གློག་རྡུལ་ཆ་འཕྲིན་ཐོན་ལས་དང་། མཉེན་ཆས་ཞབས་ཞུའི་ལས་རིགས། གློག་འདོན་སྒྲིག་ཆས་སོགས་ཐཱན་དམའ་རྩེར་སོན་ཐོན་ལས་འཕེལ་རྒྱས་མགྱོགས་ཏེ། སི་ཁྲོན་དང་ཨ་རིའི་མཉམ་ལས་སྐུལ་སྤེལ་ལ་རྨང་གཞི་སྲ་བརྟན་བཞག་ཡོད། 

         ཝང་ཏུང་མིང་གིས་གསུང་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིར་རྒྱལ་དོན་མཚམས་འདྲིར་ཕེབས་པའི་དུས་སྐབས་སུ་སྐབས་གསུམ་པའི་ཀྲུང་གོ་དང་ཨ་རིའི་ཞིང་ཆེན་དང་ཀྲུའུ་ཡི་འགོ་འཛིན་གླེང་སྟེགས་སྤེལ་བ་ལས་ཕྱོགས་གཉིས་ཀའི་མཉམ་ལས་ཟབ་སྤེལ་ལ་གོ་སྐབས་གལ་ཆེན་བསྐྲུན་ཡོད། སི་ཁྲོན་གྱིས་ཨ་རིའི་ཀྲུའུ་སོ་སོ་དང་མཉམ་དུ། གོ་སྐབས་དེ་དམ་དུ་བཟུང་སྟེ། དཔལ་འབྱོར་ཉོ་ཚོང་དང་། ཚན་རྩལ། སློབ་གསོ། རིག་གནས། ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་སྲ་བརྟན་ཇེ་རྒྱས་གཏང་བའི་རྨང་གཞིའི་སྟེང་། ལྗང་མདོག་གི་འབྱུང་འགྱུར་ལེགས་ཇུས་མཉམ་འགོད་དང་། དྭངས་གཙང་གི་རི་ཆུ་ཀླུང་གསུམ་ལ་མཉམ་སྤྱོད་བྱེད་པར་ལག་གདང་སྦྲེལ་ཏེ་འབད་བརྩོན་བྱ་དགོས། གཅིག་ནས་མཉམ་དུ་ནུས་ཁུངས་གཙང་མའི་གསར་འདོན་ལ་སྐུལ་སྤེལ་གཏང་བ་དང་། གཉིས་ནས་མཉམ་དུ་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་ལག་རྩལ་གྱི་མཉམ་ལས། གསུམ་ནས་མཉམ་དུ་སི་ཁྲོན་ཞིང་ཆེན་དང་། ཆིང་ཧྭ་སློབ་ཆེན་དང་ཝ་ཧྲིན་ཐོང་ཀྲུའུ། ཝ་ཧྲིན་ཐོང་སློབ་ཆེན་གྱིས་གནམ་གཤིས་བློ་གྲོས་ཅན་དང་ཐཱན་དམའ་བའི་གྲོང་ཁྱེར་མཉམ་ལས་ཟིན་བྲིས་དོན་འཁྱོལ་ལ་སྐུལ་འདེད་བྱ་སྟེ། རིག་གཞུང་ཞིབ་འཇུག་དང་། ཤེས་ལྡན་མི་སྣ་སྐྱེད་སྲིང་། རྣམ་གྲངས་མཉམ་ལས། ལས་རིགས་ཁྱབ་གདལ་སོགས་ཀྱི་བྱ་ཐབས་བརྒྱུད། སྐྱེ་ལྡན་ནུས་ཁུངས་དང་། རིག་ནུས་གློག་དྲ། ཐཱན་དམའ་བའི་འགྲིལ་འགྲུལ་སོགས་ཁྱབ་ཁོངས་ཀྱི་དངོས་དོན་མཉམ་ལས་ལ་ཤེན་ཤུགས་སྐྲུན་དགོས། 

       ཝང་ཏུང་མིང་གིས་གསུང་དོན། གོ་ལའི་དཔལ་འབྱོར་ཕུང་པོ་ཅན་གྱིས་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་སོ་སོའི་འབྲེལ་བ་ཇེ་ཟབ་ཇེ་དམ་དུ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི་རྣམ་པ་གསར་པའི་རྒྱལ་ཁབ་ཆེན་མོའི་འབྲེལ་བའི་འཐབ་ཇུས་ཇུས་འགོད་ལ་དོན་སྙིང་གལ་ཆེན་ལྡན། ང་ཚོས་མཉམ་དུ་སྔར་ལས་རྒྱ་ཆེ་བ་དང་། སྔར་ལས་གཏིང་ཟབ་པ། སྔར་ལས་ནུས་ཅན་གྱི་མཉམ་ལས་འབྲེལ་བ་འཛུགས་ནས། ཀྲུང་གོ་དང་ཨ་རིའི་མཉམ་ལས་ལ་ཡང་སྙིང་གསར་པ་ཞིག་སྐྲུན་དགོས། 

       གླེང་སྟེགས་ཀྱི་དུས་རིམ་སྔོན་མ་མཇུག་སྒྲིལ་སྐབས། གླེང་སྟེགས་སུ་ཞུགས་པའི་ཀྲུང་གོ་དང་ཨ་རིའི་ཞིང་ཆེན་དང་ཀྲུའུ་ཡི་འགོ་འཛིན་གྱི་མཉམ་དུ་ནུས་ཁུངས་གཙང་མ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲོས་ཆོད་དུ་མིང་ཐོ་བཀོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1