སྙ་ལོ་གསུམ་ཐང་། བསིལ། བཟི་མེད།
ཕན་ནུས། རྒྱུ་ལོང་ལ་སོགས་པའི་སྣོད་ཀྱི་ཚད་པ་རྣམས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག ཐང་བསྐོལ་ནས་གཏོང་རྒྱུ།
ཨིཎ་ཌ་བཞི་ཐང་། བསིལ། བཟི་མེད།
ཕན་ནུས། ཚད་འཁྲུ་བ། རྒྱུ་ལོང་སྣོད་ཚད་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐང་བསྐོལ་ནས་གཏོང་རྒྱུ།
མཁྲིས་ཕྱེ་བདུན་པ། ཅུང་བསིལ། བཟི་མེད།
ཕན་ནུས། རྒྱུ་ལོང་ལ་གཉན་ཚད་ཞུགས་པ་དང་། ཚ་འཁྲུ་གཅོད་པ་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི་ནས་ལྔ།
དྭ་ཏྲེག་ཉེར་ལྔ། བསིལ་ཆེ། བཟི་མེད།
ཕན་ནུས། དམར་བཤལ་དང་། རྒྱུ་རིམས། རྒྱུ་རྒན་སྨུག་པོ་ཐུར་དུ་བབས་པ། རྒྱུ་མར་གཉན་ཚད་ཞུགས་པ། ཁྲག་བཤལ་བ་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི།
མྱང་འབྲས་ལྔ་པ། བསིལ། བཟི་མེད།
ཕན་ནུས། ཕོ་ཚད་དང་། རྒྱུ་ཚད་ཀྱི་ནད། གཉན་རིམས་རྒྱུ་མར་བབས་པ། རྒྱུ་གཟེར་གྱི་ནད། ཁོག་པ་བཤལ་བ། ཁྲག་བཤལ་བ། བཤལ་ནད་ཐམས་ཅད་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐེངས་རེར་རིལ་བུ་ཉི་ཤུ་ནས་སུམ་ཅུའི་བར།
འཕྲུལ་བྲག བསིལ། བཟི་མེད།
ཕན་ནུས། རིམས་ཚད་མ་སྨིན་པའི་ནད་དང་མཆིན་ཚད་ཐུར་དུ་བབས་པ། རྒྱུ་གཟེར་གྱི་ནད། ཚ་འཁྲུའི་ནད་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐང་བསྐོལ་ནས་གཏོང་རྒྱུ།
བྲག་ཞུན་དགུ་པ། ཅུང་བསིལ། བཟི་མེད།
ཕན་ནུས། ཕོ་ཚད་ཀྱི་ནད་དང་། རྒྱུ་ཚད་ཀྱི་ནད། མཁལ་ཚད་དང་། ཕོ་མཚན་གྱི་ནད་ལྷག་པར་ཁོག་པ་ བཤལ་བ་དང་། ཁྲག་བཤལ་བ་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར། ཐེངས་རེར་རིལ་བུ་གསུམ།
བྲག་ཁྱུང་། ཅུང་བསིལ། བཟི་ཅུང་ཡོད།
ཕན་ནུས། སྣོད་ཀྱི་ཁྲག་མཁྲིས་དང་། ཕོ་ལོག་དང་། གཉན་སྲིན་སོགས་རྒྱུ་མར་བབས་པ། ཁོག་པ་བཤལ་བ། ཁྲག་བཤལ་བ། རྒྱུ་མར་གཟེར་ཡང་ཡང་གཏོང་བ། རྒྱུ་ཚད་དང་། རྒྱུ་གཟེར། དམར་བཤལ་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐེངས་རེར་རིལ་བུ་བཞི།
མཁྲིས་ཕྱེ་ཉེར་ལྔ། བསིལ། བཟི་ཅུང་ཡོད།
ཕན་ནུས། རྒྱུ་གཟེར་གྱི་ནད། རྒྱུ་ལོང་གི་བརྩི་ཟད་གསོ་བ། འཁྲུ་བའི་ཁ་མདོག་བསྒྱུར་བ། ཚད་རིམས་ཀྱིས་ཁོག་པ་བཤལ་བ་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི།
གསེར་ཁྱུང་། བསིལ་དྲོད་སྙོམས། བཟི་ཅུང་ཡོད།
ཕན་ནུས། ཕོ་བ་ན་བ་དང་། རྒྱུ་མ་གཟེར་བ། ཟས་མི་འཇུ་བ། ཁོག་པ་བཤལ་བ། མཁྲིས་སྲིན་གྱི་མགོ་ན་བ། ལྷག་ པར་མ་ཞུ་བའི་ནད་དང་། གྲང་མཁྲིས་ཀྱི་ནད། འཁྲུ་བ་གཅོད་པ།
རྒྱུ་མར་གཉན་ཚད་ཞུགས་པ་བཅས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར། ཐེངས་རེར་གསེར་ལྔ་རིལ་བུ་གསུམ་དང་ཁྱུང་ལྔ་རིལ་བུ་གསུམ་མཉམ་དུ་གཏོང་རྒྱུ།
སེ་འབྲུ་དགུ་པ། དྲོད་ཆེ། བཟི་མེད།
ཕན་ནུས། ཕོ་བའི་མེ་དྲོད་ཉམས་པ་དང་། ཟས་མི་འཇུ་བ། གང་ཟོས་སྐྱུགས་པའམ་བཤལ་བ། སྦོས་རྒྱངས་བྱེད་པ། སྒྲེག་པ་མང་བ། འཁྲུ་བ་གསར་རྙིང་མ་ལུས་གཅོད་པར་བྱེད།
གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་གསུམ་ནས་བཞི།
ལོང་སྐྲན་སེ་འབྲུ་བཅུ་གསུམ། དྲོད། བཟི་མེད།
ཕན་ནུས། སྨུག་པོ་ལོང་དུ་བབས་པ་དང་། ལོང་རླུང་ཞུགས་པས་སྦོས་ཁྲོག་བྱེད་པ། ཟས་འཇུ་དཀའ་བ། སྨུག་པོ་འགྱིངས་པ་དང་ལོང་སྐྲན་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི་ནས་ལྔ།