ཐང་ག་ནི་བོད་ཀྱི་རིག་གནས་གཏེར་མཛོད་ཁྲོད་ཀྱི་སྒྱུ་རྩལ་གལ་ཆེན་ཞིག་ཡིན་ལ། ད་ལྟའི་བར་ལོ་ངོ་ཆིག་སྟོང་སུམ་བརྒྱའི་ལོ་རྒྱུས་ལྡན། སྲོལ་རྒྱུན་ཐང་གའི་བརྗོད་བྱ་གཙོ་བོ་ནི་ནང་བསྟན་ཡིན་ལ། དེ་ནི་བོད་ཀྱི་སྲོལ་རྒྱུན་ལག་བཟོའི་རིག་གནས་ཁྲོད་འོད་དུ་འཚེར་བའི་སྐར་ཆེན་ཞིག་ཡིན་པར་མ་ཟད། འཛམ་གླིང་གི་ཡང་རྩེ་འདིར་འཚོ་སྡོད་བྱེད་བཞིན་པའི་མི་རིགས་འདིའི་ལོ་རྒྱུས་དང་ཆབ་སྲིད། དཔལ་འབྱོར། ཆོས་ལུགས། དམངས་སྲོལ་སོགས་ཀྱི་རིག་གནས་ཁོར་ཡུག་ལས་རིམ་བཞིན་འཐུས་ཚང་དུ་ཕྱིན་པའི་འདུ་ཤེས་འཛིན་སྟངས་ཤིག་དང་མཛེས་དཔྱོད་ཀྱི་ལྟ་བ་ཞིག་ཀྱང་ཡིན་པ་རེད། བོད་མིའི་ཤེས་རབ་ཀྱི་རྩལ་ལས་འཁྲུངས་པའི་སྒྱུ་རྩལ་འདི་དག་ལ་མི་རིགས་ཀྱི་ཁྱད་ཆོས་བླ་ལྷག་མངའ་ལ། ཉེ་བའི་ལོ་ཤས་རིང་། དཔལ་ཇོ་ནང་པའི་ལྟ་གྲུབ་དང་ཐང་གའི་སྒྱུ་རྩལ་ལ་རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་རིག་གནས་ལས་ཁུངས་ཀྱིས་གཙིགས་འཛིན་གནང་བཞིན་ཡོད་དེ། ཇོ་ནང་གི་ཆོས་དབྱངས་ལ་རྒྱལ་ཁབ་སྤྱི་ཁྱབ་ཁང་དང་རིག་གནས་པུའུ་ཡིས་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་མངོན་མེད་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་བྱེད་ཡུལ་གྲས་སུ་བཞག་པར་མ་ཟད། ཀྲུང་གོའི་སྒྱུ་རྩལ་གྱི་ཞིང་ཁམས་ཞེས་པའི་མཚན་སྙན་གནང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཇོ་ནང་གི་ཐང་ག་དང་དུས་འཁོར་ཡང་རིམ་པ་བཞི་བའི་མངོན་མེད་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་གྲས་སུ་བཞག་ཡོད། གཞན་སློབ་མ་200ཡིས་མཉམ་གཅིག་ཏུ་སློབ་སྦྱོང་བྱེད་ཆོག་པའི་ཇོ་ནང་ཐང་གའི་སྒྱུ་རྩལ་སློབ་གྲྭ་གསར་འཛུགས་ལེགས་གྲུབ་བྱུང་། 2011ལོའི་ཟླ་བ་12པའི་ཚེས་19ཉིན་ནས་ཚེས་22ཉིན་བར་ཀྲུང་ཧྭ་ཡར་སྐུལ་ཚོགས་པ་དང་། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རིག་གནས་ཅུས། ཀྲུང་གོ་མངོན་མེད་ཤུལ་བཞག་རིག་གནས་ལྟེ་གནས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་རིག་གནས་ཅུས། པེ་ཅིང་དམངས་ཕན་རིག་གནས་འཕྲིན་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་པེ་ཅིང་དམངས་ཕན་རྒྱལ་སྤྱིའི་རིག་གནས་ལྟེ་གནས་ནས་ཇོ་ནང་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་ཚོགས་འདུ་བསྡུས། 2012ལོའི་ཟླ་བ་5བའི་ཚེས་4ཉིན་ནས་ཚེས་13ཉིན་བར། ཇོ་ནང་གི་པར་རིས་སྒྱུ་རྩལ་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ། ཀྲུང་ཧྭ་མི་རིགས་ཀྱི་ནང་ཆོས་རིག་གནས་ཀྱི་བསམ་བློ་བརྗེ་རེས་གཏིང་ཇེ་ཟབ་ཏུ་གཏོང་བ་བཅས་ལ་དམིགས་ནས་ཀྲུང་ཧྭ་རིག་གནས་ཡར་སྐུལ་ཚོགས་པ་དང་ཧྭ་ཏོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་ཞིབ་འཇུག་གླིང་། ལིའུ་ཧའེ་སུའུའི་པར་རིས་ཁང་། ཅུན་ཧོ་ཚོགས་པ། སེང་ཏ་འཕྲིན་སྦྱོར། ཧྲོ་ཧྲན་འཕྲིན་སྦྱོར་བཅས་ཀྱིས་སྒྱུ་རྩལ་གྱི་གསང་བ་སྟེ་ཇོ་ནང་བའི་ཐང་ག་འགྲེམ་སྟོན་ཞེས་པའི་ཐང་གའི་འགྲེམ་སྟོན་ཚོགས་འདུ་ཆེན་པོ་ཞིག་སྤེལ། ཐང་ག་འགྲེམ་སྟོན་དེའི་སྟེང་དུ་བསྡོམས་པའི་སྒྲིག་གཞི་ཚགས་དམ་ཞིང་ཁྱད་ཆོས་འབུར་དུ་ཐོན་པ། སྲོལ་རྒྱུན་གྱིས་ཕྱུག་པའི་ཐང་ག་དྲུག་ཅུ་ལྷག་འགྲེམ་སྟོན་བྱས། འགྲེམ་སྟོན་བྱས་པའི་ཐང་ག་དེ་དག་ནི་དཔལ་ཇོ་ནང་པའི་སྐྱེས་ཆེན་ཚོས་ལོ་རྒྱུས་ཀྱི་བཞུར་རྒྱུན་ཁྲོད་རྒྱུན་འཛིན་བྱས་ཤིང་རང་ཉིད་ཀྱི་སྒྲུབ་སྦྱོང་དངོས་ནས་ཐོབ་པའི་མྱོང་རྟོག་གཞིར་བྱས་ནས་འབྲི་བཞེངས་བྱས་པ་ཡིན་ཕྱིན། ཐང་ག་འདི་དག་ལས་སྒྱུ་རྩལ་པ་དེ་དག་གི་ལུང་རྟོགས་ཀྱི་ཡོན་ཏན་དང་བསམ་བློའི་ཟབ་ས་རུ་མངོན་པའི་ནང་སེམས་ཀྱི་མཛེས་པ་དེ་རྟོགས་ཐུབ། ཐེངས་འདིའི་འགྲེམ་སྟོན་འདིས་ཐང་ག་གཅེས་གཉེར་ལ་སྤྲོ་བ་ལྡན་པ་རྣམས་ལ་ཁྱད་མཚར་གྱི་ལོངས་སྤྱོད་གྱ་ནོམ་པ་ཞིག་མིག་གི་དགའ་སྟོན་དུ་ཕུལ་བ་མ་ཟད། རིག་གནས་སྒྱུ་རྩལ་ཐད་ཀྱི་བསམ་བློ་བརྗེ་རེས་ཀྱི་གོ་སྐབས་བཟང་པོ་ཞིག་ཀྱང་བསྐྲུན། གཞན་ད་དུང་ཀྲུང་གོ་མི་དམངས་སློབ་ཆེན་གྱི་གནའ་བོའི་རིག་གནས་སློབ་གླིང་གི་གཙོ་སྒྲུབ་བྱས་པའི་ཐེངས་གཉིས་པའི་རྒྱ་བོད་ནང་བསྟན་རིག་གཞུང་བགྲོ་གླེང་གི་མཛད་སྒོ་དང་ཇོ་ནང་རིག་གནས་ཆེད་དོན་བགྲོ་གླེང་2012ལོའི་9བའི་ནང་ཀྲུང་གོ་མི་དམངས་སློབ་ཆེན་གནའ་བོའི་རིག་གནས་སློབ་གླིང་གི་ཚོམས་ཆེན་ཁང་ནས་འཚོགས། ཐེངས་འདིའི་ཚོགས་ཐོག་ཏུ་རིག་གནས་ཁྱབ་ཁོངས་སོ་སོའི་ཆེད་མཁས་པས་ཇོ་ནང་བའི་ཐང་ག་དང་ལྡེབས་རིས་ཀྱི་ཉམས་ཞིབ་སྙན་ཞུ་ཕུལ་བ་དང་། སྙན་ཞུའི་ནང་དོན་ལ་ཇོ་ནང་ལོ་རྒྱུས་དང་དགའ་ལྡན་དམ་ཆོས་གླིང་(སྔར་གྱི་ཕུན་ཚོགས་གླིང་།)གི་ལྡེབས་རིས། ཇོ་ནང་ཐང་ག་སྒྱུ་རྩལ་དང་རིན་ཐང་སོགས་འདུ། ལོ་ཉིས་བརྒྱ་ལྷག་གི་རིང་ལ་ཐེངས་དང་པོར་གཞི་རྒྱ་ཆེ་བའི་སྒོ་ནས་ཇོ་ནང་གི་ཐང་གའི་སྒྱུ་རྩལ་ལ་ཞིབ་འཇུག་བྱས་པ་འདི་ལ་རིག་གཞུང་ཞིབ་འཇུག་གི་ངོས་ནས་དོན་སྙིང་གལ་ཆེན་ལྡན་པ་དང་། ཇོ་ནང་གི་གཞན་མཚུངས་མ་ཡིན་པའི་ཐང་གའི་སྒྱུ་རྩལ་ཕྱོགས་ཡོངས་ནས་དར་ཁྱབ་ཏུ་ཕྱིན་པའི་མགོ་བརྩམས་པར་མ་ཟད། ཇོ་ནང་ལྟ་གྲུབ་ཀྱི་ཐད་ལའང་ཞིབ་འཇུག་དང་ངོས་འཛིན་གསར་པ་ཞིག་བྱེད་པའི་དུས་སུ་སླེབས། བགྲོ་གླེང་ཚོགས་ཐོག་ཏུ་ཀྲུང་གོ་མི་དམངས་སློབ་ཆེན་གྱི་གནའ་བོའི་རིག་གནས་སློབ་གླིང་གི་དངོས་སྦྱོང་ལྟེ་གནས་གཙང་བ་དགོན་ནས་བཙུགས་པ་དང་། ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཁྲ་ཞན་ཡིའུ་ཡིས་ཇོ་ནང་བླ་མ་འཇམ་དབྱངས་བློ་གྲོས་མཆོག་ལ་ཀྲུང་གོ་མི་དམངས་སློབ་ཆེན་གྱི་རྒྱ་བོད་ནང་བསྟན་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་བློ་འདོན་པའི་གདན་ཞུ་དཔང་ཡིག་གནང་། 2012ལོའི་ཟླ་བ་11པའི་ཚེས་8ཉིན་ནས་ཚེས་15ཉིན་བར་ཧྲང་ཧེ་ཕོ་ཏོན་དཔེ་མཛོད་ཁང་དུ་ཇོ་ནང་བའི་ཐང་ག་སྒྱུ་རྩལ་འགྲེམ་སྟོན་བྱས་པ་དང་། འགྲེམ་སྟོན་སྟེང་ལ་ཕྱོགས་སོ་སོ་ནས་འོངས་པའི་ཆེད་མཁས་པ་དང་ལྟད་མོ་བ་མང་པོ་ཞུགས་ཡོད་པར་མ་ཟད། བོད་བརྒྱུད་ནང་བསྟན་དང་བོད་ཀྱི་ཐང་གའི་སྒྱུ་རྩལ་ལ་བསྟོད་བསྔགས་དང་དགའ་བསུ་ཆེན་པོ་ཐོབ།
འཛམ་གླིང་གཞི་གཅིག་ཅན་དང་ཚོང་ར་དཔལ་འབྱོར་ཅན་དུ་འགྱུར་བཞིན་པའི་དེང་དུས་གཙོ་རྒྱུགས་རིག་གནས་ཀྱི་མཐོ་རླབས་འོག་སྲོལ་རྒྱུན་རིག་གནས་མང་པོ་ངང་ངམ་ཤུགས་ཀྱིས་ཉམས་བཞིན་འདུག་ལ། ཇོ་ནང་བའི་ཐང་གའི་སྒྱུ་རྩལ་ཡང་ལོ་རྒྱུས་ཀྱི་ཆུ་ཀླུང་ཁྲོད་བག་ལ་ཞ་བའི་ཉེན་ཁ་འདུག གལ་སྲིད་ཇོ་ནང་བའི་ཐང་གའི་སྒྱུ་རྩལ་ལོ་རྒྱུས་ཀྱི་བཞུར་རྒྱུན་ཁྲོད་ཉམས་ཚེ་དེ་ནི་མིའི་རིགས་ཀྱི་སྒྱུ་རྩལ་ལ་མཚོན་ན་ཕམ་ཁ་ཆེན་པོ་ཞིག་ཡིན་པར་མ་ཟད། བོད་བརྒྱུད་ནང་བསྟན་རང་ངོས་ནས་ཀྱང་གོད་ཆག་ཆེན་པོ་ཞིག་རེད། འགྱུར་བག་ཁྲོད་ཐབས་ལམ་གང་འདྲ་ལ་བརྟེན་ཏེ་ཇོ་ནང་བའི་ཐང་གའི་སྒྱུ་རྩལ་མྱུར་སྐྱོབ་དང་རྒྱུན་འཛིན་བྱེད་དགོས་པ་ནི་ང་ཚོའི་མིག་མདུན་དུ་ལྷག་པའི་ངེས་པར་མནོ་བསམ་གཏོང་དགོས་པའི་གལ་གནད་ཞིག་སྟེ། སྔར་ཡོད་ཐང་ག་དང་ལྡེབས་རིས་ལ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། ཐང་ག་འབྲི་བཞེངས་ལ་མཁས་པའི་མི་སྣའང་གསོ་སྐྱོང་བྱེད་དགོས། སྲུང་སྐྱོབ་ཀྱི་གོ་རིམ་ཁྲོད་ངེས་པར་གཞིག་དགོས་པ་ནི་ཇོ་ནང་པའི་ཐང་གའི་སྒྱུ་རྩལ་གྱི་གཞན་མཚུངས་མ་ཡིན་པའི་ཁྱད་ཆོས་རྒྱུན་འཛིན་གྱི་ཆ་ལགས།
ཆ་འཕྲིན་གྱི་དུས་འདིར་ཇོ་ནང་གི་ལྟ་གྲུབ་དང་ཐང་གའི་སྒྱུ་རྩལ་ལ་མཐོང་ཆེན་དང་ཞིབ་འཇུག་བྱེད་མཁན་ཆར་རྗེས་ཀྱི་ཤ་མོ་ནང་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་མཆིས། ཇོ་ནང་ཐང་གའི་སྒྱུ་རྩལ་ནི་བོད་ཆའང་རིག་གནས་འཛུགས་སྐྲུན་གྱི་རྨང་གཞི་དང་བོད་མི་རིགས་ཀྱི་འཛམ་གླིང་གི་ནང་བསྟན་རིག་གནས་ལ་ཕུལ་བའི་བླ་མེད་ལེགས་སྐྱེས་ལེགས་པོ་ཞིག་ཏུ་འཁུམས། རིག་གནས་འབྲེལ་འདྲེས་ཀྱི་ངོས་ནས་དཔྱད་ཚེ་ཇོ་ནང་གི་ཐང་ག་དང་ལྡེབས་རིས་ནི་ལོ་རྒྱུས་ཀྱི་ཟིན་ཐོ་དང་ད་ལྟའི་དངོས་བྲིས། མ་འོངས་པའི་འཕེལ་ཕྱོགས་ཡིན། ཇོ་ནང་བའི་ཐང་གའི་ཚེ་སྲོག་གི་གསོན་ཤུགས་དེ་རྒྱལ་སྤྱིའི་ནང་བསྟན་གྱི་འབྲེལ་འདྲེས་དང་མཉམ་འབྲེལ་ལ་བརྟེན་དགོས་པར་མ་ཟད། གསར་གཏོད་དང་ཁྱད་ཆོས་དམིགས་འཛིན་གྱི་ཐབས་ཕྱོགས་ལ་དགོས་པའང་གདོན་མི་ཟ། རེ་ཞུ་དང་ཁྱབ་བསྒྲགས་ལ་ཤུགས་སྣོན་བྱས་ཏེ་རིམ་པ་བཞི་པའི་སྲུང་སྐྱོང་མིང་ཐོའི་མ་ལག་འགྲུབ་པར་འབད་པ་དང་། འཇོན་ཐང་ལྡན་པའི་མི་སྣ་ནང་ཞུགས་བྱེད་པར་སྐུལ་འདེད་དང་དེ་འབྲེལ་གྱི་མི་སྣ་གསོ་སྐྱོང་ལའང་ཤུགས་སྣོན་བྱས་ཏེ། མི་མང་པོ་ཞིག་ལ་མངོན་མེད་ཤུལ་བཞག་རིག་གནས་བདེ་ཐང་ངང་མྱུར་སྐྱོབ་བྱེད་པར་ཧུར་བརྩོན་བྱེད་དགོས་པའི་འདུ་ཤེས་འཛིན་སྟངས་ཤིག་ཆགས་རྒྱུའང་ཇོ་ནང་ཐང་གའི་སྒྱུ་རྩལ་དང་འབྲེལ་བའི་དམིགས་བྱ་གལ་ཆེན་ཞིག་ཡིན། །
ཀྲོང་ཁྲུང་ཧུའེ་དང་ཀྲོང་ཙུང་ཡོན་གཉིས་ཀྱིས་པར་མཁོ་འདོན་བྱས།
2015་ལོའི《ཁ་བཏགས་དཀར་པོ།》དེབ་3པ་ལས་བཤུས།