༄༅། །ཁམས་མི་ཉག་ཡུལ་ལ་དཔེར་བླངས་ཏེ་ས་མིང་ལོ་ཙཱ་བྱེད་ཚུལ་བྱེ་བྲག་ཏུ་བཤད་པ།

ཚེ་རིང་དོན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 10-13


  འདིར་བརྗོད་པའི་མི་ཉག་ནི་བོད་བཙན་པོའི་སྐབས་སུ་སྟོད་མངའ་རིས་སྐོར་གསུམ་དང་།  བར་དབུས་གཙང་རུ་བཞི།  སྨད་མདོ་ཁམས་སྒང་དྲུག་ཅེས་རླུང་ལྟར་གྲགས་པ་ལས།  སྒང་དྲུག་ནང་གསེས་མི་ཉག་རབ་སྒང་དུ་གཏོགས་པའི་མདོ་ཁམས་དར་རྩེ་མདོའི་ནུབ་ཕྱོགས་ནས་རྟའུའི་ལྷོ་ཕྱོགས་དང་ཉག་ཆུའི་ཤར་ཕྱོགས་ནས་བརྒྱད་ཟིལ་གྱི་བྱང་ཕྱོགས་བར་གྱི་ས་ཁུལ་དེ་ཡིན། ཡུལ་དེ་ནི་མི་ཉག་ཉག་ཆུ་དང་རྒྱལ་མོ་རྔུལ་ཆུ་གཉིས་ཀྱི་བར། ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་དར་དཀར་ཡུག་གཅིག་བརྐྱངས་པ་ལྟ་བུ།  བོད་ཡུལ་དབུས་ཀྱི་ཤར་ཕྱོགས་སུ་ཁེལ་བའི་ཤར་མི་ཉག་རིང་མོ་ཞེས་གྲགས།     

  ཁམས་མི་ཉག་ཡུལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡུལ་སྐོར་ལས་རིགས་དར་སྤེལ་བཏང་སྟེ་མི་རིགས་ཁག་བར་འབྲེལ་བ་མང་དུ་བྱུང་ཞིང་། གྲུབ་འབྲས་མི་དམན་པ་ཞིག་བླངས་པའི་དུས་མཚུངས་སུ་ས་མིང་གི་ལོ་ཙཱ་བྱེད་སྟངས་དེ་ཡང་རྙོག་དྲའི་གནས་སུ་སོང་ཤས་ཆེ།  ལོ་ཙཱ་བ་མི་ཉུང་བ་ཞིག་གིས་གཏན་ཕབ་རང་འགྲིག་གི་རྩ་དོན་ལ་མ་བསྟུན་པར་རང་སྣང་གང་ཤར་གྱིས་ལོ་ཙཱ་བྱེད་པས་ས་མིང་གཅིག་གྱུར་གཏང་རྒྱུར་གནོད་སྐྱེལ་བ། དགེ་རྒན་ཆོས་དཔལ་བཟང་པོས་ཁམས་པའི་འཛུམ་རིས་དུས་དེབ་ཐོག་དཀར་མཛེས་དར་མདོ་རྫོང་གཅིག་པུའི་སྒོ་བྱང་ཡིག་སྐྱོན་ཅན་178མཐོང་ཞིང་པར་དུ་བསྐྱོན་ཡོད་ལ།  དེ་ལས་བརྒྱ་ཆ་60ཡན་གྱི་སྒོ་བྱང་གི་ནང་ཡིག་སྐྱོན་གཉིས་ནས་གསུམ་ཡན་ཆད་ཡོད་པ་སོགས་འཚོལ་བསྡུར་བྱས་པས་སྒོ་བྱང་མི་ཉུང་བ་ཞིག་ནང་ས་མིང་འདུས་པས་ས་མིང་འགྱུར་སྐྱོན་སོང་བའང་ཤིན་ཏུ་མང་། དཔེར་ན། དཀང་མཇོས་ཁུལ་བདེ་རྶངས་འཁོར་རྙེང་ཉོབ་པ་ཉོ་ཚོང་བརྡ་འཕྲེན་པུའུ་ཞེས་པའི་སྒོ་བྱང་གཅིག་ནང་ཡིག་སྐྱོན་མེད་པ་གཅིག་ཀྱང་མི་འདུག ཁྱད་པར་དུ་ས་མིང་དཀར་མཛེས་དེའང་བྲིས་ནོར་སོང་།    དེ་ལས་ཡ་ང་བ་ཞིག་ནི་甘孜州人才交流中心ཞེས་པར་དཀའ་མཛེས་ཁུལ་ཤེས་ལྡན་ལི་སྣ་བརྗེ་རེས་ལྟེ་གནས་ཞེས་ལོ་ཙཱ་བྱས་པས་ས་མིང་དཀར་མཛེས་ཀྱི་དཀར་དེ་དཀའ་སྡུག་གི་དཀའ་དང་ནོར་སོང་བ་དང་ཁྱད་པར་དུ་མི་སྣ་དེ་ལི་སྣ་ཞེས་བྲིས་ནོར་ཏེ།  ཁམས་སྐད་ལྟར་ན་ལི་ལི་ཞེས་པ་ནི་སྨད་འཚོང་མའི་དོན་ལ་གོ་སྲིད་པས། མི་མང་པོས་འདི་དཀར་མཛེས་ཁུལ་གྱི་ཤེས་ཡོན་ཅན་གྱི་སྨད་འཚོང་མ་བརྗེ་རེས་བྱེད་ས་རེད་དམ་ཞེས་ཁྲེལ་དགོད་བྱེད་པའི་རྒྱུ་རུ་གྱུར་འདུག  དེ་ལྟ་བུ་འགྱུར་སྐྱོན་ཤིན་ཏུ་མང་སྟེ་གོ་རྒྱུ་ཅི་ཡང་མེད་པའི་གནས་སུ་ལྷུང་འདུག 

  ཁམས་མི་ཉག་ལྟེ་གནས་སུ་གྱུར་པའི་ཡུལ་དར་རྩེ་མདོ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཚོང་ལས་དང་འགྲུལ་ལམ་ལྟེ་བ་ཡིན། དར་རྩེ་མདོའི་ཤར་ཕྱོགས་སུ་ལྕགས་ཟམ་ཁ་སོགས་དང་། ལྷོ་རུ་བརྒྱད་ཟིལ་དང་མུ་ལི་རྫོང་།  ནུབ་ཏུ་ཉག་ཆུ་རྫོང་།  བྱང་དུ་རོང་བྲག་དང་རྟའུ་རྫོང་སོགས་དང་འབྲེལ་ཡོད་ལ་གནས་འདི་ནི་བོད་རིགས་གཙོ་བོ་འདུས་སྡོད་བྱས་པའི་ས་ཆ་ཞིག་རེད།  ས་གནས་ཆུང་ཆུང་ཞིག་ལ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་པ་དང་གནའ་བོའི་ཇ་ལམ་གྱི་ཚོང་ལས་བརྗེ་རེས་ཀྱི་ལྟེ་གནས་ཡིན་ཡང་དེའི་ས་མིང་ལ་འབོད་སྲོལ་འདྲ་མིན་སྣ་ཚོགས་འདུག  དེང་དུས་རྒྱ་སྐད་དུ་ཚང་མས་康定ཞེས་འབོད། འོན་ཀྱང་དབྱིན་ཇིའི་རྩོམ་པོ་孔贝བརྩམས་པའི་藏人言藏་ནང་དར་རྩེ་མདོ་ལ་打箭炉་ཞེས་བརྗོད་པ་མ་གཏོགས་康定ཞེས་བརྗོད་སྲོལ་གཏན་ནས་མེད་གསུངས་འདུག《西康建省记》 ནང་ཞི་ཁམས་ཞིང་ཆེན་གནས་ཡུལ་དེ་ད་ལྟའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་དར་རྩེ་མདོ་ལ་བཙུགས་ཤིང་། མིང་ལ་打箭炉ཞེས་འབོད།  དེའང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲིག་བྱས་པ་དར་མདོ་རྫོང་གི་ས་གནས་ལོ་རྒྱུས་

ནང་打箭炉ཞེས་པ་ནི་三国时期རྒྱལ་ཁབ་གསུམ་གྱི་སྐབས་སུ་蜀国སུའུ་རྒྱལ་རབས་ཀྱིས་དམག་དཔོན་ཀའོ་དར་郭达将军་དེ་མཚོན་ཆ་མདའ་ལས་བཟོ་མངགས་ཏེ་དམག་དཔོན་དེས་གནས་དེར་འོང་ནས་ཐབ་ཀ་བཙུགས་ནས་མཚོན་ཆ་མདའ་བཟོ་སའི་གནས་ཡིན་པའི་རྒྱུ་མཚན་གྱིས་打箭炉ཞེས་པའི་མིང་དེ་ཐོབ་པ་བཤད།《卫藏通志》卷4载ནང་相传汉诸葛武侯南征,遣将郭达安炉打箭之地ཞེས་བཤད། 打箭炉 ཞེས་པའི་མིང་ནི་དོན་དངོས་སུ་མི་རིགས་གཞན་པའི་མི་རྣམས་ཀྱིས་འབོད་པའི་རྒྱུད་རིམ་ཁྲོད་སྒྲ་གདངས་མ་དག་ནས་རིམ་བཞིན་འགྱུར་བ་བྱུང་ནས་དར་རྩེ་མདོ་ལས་རྒྱ་ཡིག་ནང་打箭炉ཞེས་པའི་སྒྲ་བསྒྱུར་བྱས་ནས་ཐོབ་པ་ཞིག་རེད། དེས་ན་དར་རྩེ་མདོ་ཞེས་པའི་མིང་ལ་བཤད་སྟངས་མི་འདྲ་བ་མང་པོ་ཡོད་དེ་འགའ་ཤས་ཀྱིས་གནའ་བོའི་ཇ་ལམ་གྱི་ལྟེ་གནས་ཡིན་པས་བོད་རྒྱ་འདྲེས་སའི་གནས་ཞིག་དང་ཇ་དང་དར་གོས་བརྗེས་རེས་བྱེད་སའི་ལྟེ་བ་ཡིན་པའི་རྒྱུ་མཚན་གྱིས་དར་རྩེ་མདོ་ཞེས་འབོད་པ་ཡིན།    ཁ་ཤས་ཀྱིས་དར་ནི་དར་དཀར་བརྐྱངས་པ་ལྟ་བུའི་ཆུ་རྒྱུད་ལ་གོ་བས་ད་ལྟ་དར་རྩེ་མདོའི་གཡག་ར་ཆུ་རྒྱུད་དང་རྩེ་ནི་རི་བོ་རྒྱུ་ལའི་རྩེ་མོ་ནས་རྒྱུད་པའི་ཆུ་བོ་ལ་གོ་བ་དང་།  མདོ་ནི་ཆུ་བོ་གཉིས་འདུས་སའི་དོན་ལ་གོ་དགོས་པའི་རྒྱུ་མཚན་གྱིས་དར་རྩེ་མདོ་ཞེས་བརྗོད།     མི་ཉག་མགོན་པོས་དར་རྩེ་(རྩི)་མདོ་ཞེས་པ་མི་ཉག་སྐད་དེ། དར་ནི་གོས་དར་དང་། རྩི་ནི་སྨན་གྱི་དོན་ཡིན་པས།  བོད་རྒྱ་བར་གོས་དར་དང་སྨན་རྩྭ་བརྗེ་རེས་བྱ་བའི་མདོ་ཡིན་པས་དེ་སྐད་ཟེར་གསུངས་པས་དེ་ནི་ཕྲན་ཆུང་བདག་གིས་བལྟས་ན་ཅུང་འཚམ། རྒྱུ་མཚན་ནི་དུས་ད་ལྟ་མི་ཉག་བའི་རྒན་གོག་ཕལ་ཆེར་གྱིས་ཡུལ་དར་རྩི་མདོ་ཞེས་འབོད་པ་མ་གཏོགས་དར་རྩེ་མདོ་ཞེས་འབོད་སྲོལ་གཏན་ནས་མེད་དེ་སྔོན་ཆད་ཀྱི་འབོད་སྲོལ་དང་མཐུན།  ཡིན་ནའང་ད་ལྟ་ན་གཞོན་གྱིས་དར་རྩེ་མདོ་ཞེས་པའི་འབོད་བ་ནི་དར་རྩི་མདོའི་སྒྲ་གདངས་ལས་རིམ་བཞིན་འགྱུར་བས་ན་དར་རྩེ་མདོ་ཞེས་འབོད་པ་དང་ཡིག་ཐོག་ཏུ་དེ་ལྟར་བྲིས་པ་ཞིག་ཡིན། ཡང་འགའ་ཤས་ཀྱིས་དར་མདོ་དང་མདོ་ཞེས་པ་འབོད་པ་ནི་ཡུལ་དར་རྩེ་མདོའི་བསྡུས་མིང་ཡིན།    ད་ལྟ་རྒྱ་ཡིག་ནང་康定ཞེས་པ་དེ་ནི་ཐོག་མ་གོང་མ་ཀང་ཞི光绪་སྐབས་སུ་བྱུང་ཞིང་། གོང་མ་ཀང་ཞི་ལོ་སོ་བཞི་རུ་ལོན་སྐབས་打箭炉厅དེ་康定府་ལ་ལོ་ཙཱ་བྱས་པ་ཡིན། 康定ཞེས་འབོད་དོན་ནི་ཁམས་པ་ཞི་འཇགས་康巴安定་ཞེས་པའི་དོན་ལ་གོ་བས་ཆབ་སྲིད་ཀྱི་ནང་དོན་ལྡན་ཞེས་དར་རྩེ་མདོའི་ཡུལ་མི་རྣམས་ཀྱིས་དེ་ལྟར་བཤད་བཞིན་ཡོད། 

  ཡང་། དར་མདོའི་མཛའ་གཞས་དེ་འཛམ་གླིང་ཀུན་ལ་སྙན་གྲགས་འགྲོ་བ་དང་ཆབས་གཅིག་ཏུ་གླུ་གཞས་དེའི་ནང་དུ་འཁོད་པའི་གཞས་ཚིག་跑马山གདན་ཐོག་རི་བོ་དེའང་རིམ་བཞིན་སྙན་གྲགས་ཇེ་ཆེར་སོང་།  མ་གཞི་གནས་མཆོག་གདན་ཐོག་རི་བོ་ནི་རྡོ་རྗེ་ཕག་མོའི་གནས་རི་ཡིན་པའི་རྒྱུ་མཚན་གྱིས་ཕག་མོའི་རི་ཞེས་བརྗོད་པ་ཡིན་མོད།  ཡིན་ནའང་།  ཕག་མོའི་རི་ཟེར་བ་དེ་ཡུན་རིང་རྒྱུད་འཛིན་བྱས་པའི་རྗེས་སུ་གནས་འདི་ན་འཚོ་བའི་མི་རིགས་གཞན་པའི་མི་རྣམས་ཀྱིས་སྒྲ་གདངས་མ་དག་པའི་སྒོ་ནས་འབོད་པའི་རྒྱུན་རིམ་ཁྲོད་རིམ་བཞིན་འགྱུར་བ་བྱུང་ནས་跑马山ཞེས་པའི་ཐད་བསྒྱུར་བྱེད་པ་ཞིག་རེད།  འོན་ཀྱང་། དེང་སང་བོད་ཀྱི་མཁས་མིང་འཛིན་ཁུལ་བྱེད་པ་ཁ་ཤས་ཀྱིས་跑马山་རྒྱ་ཡིག་འགྱུར་མ་ནས་ཡང་བསྐྱར་ཚུར་བསྒྱུར་ནས་རྟ་རྒྱུག་རི་བོ་ཞེས་དོན་བསྒྱུར་བྱས་པ་རེད་མ་གཏོགས་ས་དེ་ནི་རྟ་རྒྱུག་ས་ཡིན་པའི་རྐྱེན་གྱིས་རྟ་རྒྱུག་རི་བོ་ཟེར་བ་མིན། དོན་དངོས་སུ་གནས་དེར་རྟ་རྒྱུག་སའི་གནས་ཤིག་རྩ་བ་ནས་མེད།  ད་ལྟ་གཞུང་དང་ལས་ཁུངས་སོགས་ཀྱིས་ཡང་བསྐྱར་མིང་དེར་དག་བཅོས་བྱས་ནས་མིང་ལ་གདན་ཐོག་རི་བོ་ཞེས་བཏགས།  གདན་ཐོག་རི་བོ་ཞེས་འབོད་དོན་ནི་རི་བོ་འདིའི་རྩེ་ལ་བོད་གདན་བཏིང་བ་འདྲ་བའི་སྤང་ཐང་ཆུང་ཆུང་ཞིག་ཡོད་པའི་རྒྱུ་མཚན་ཡིན།    གཞན་ཡང་གནས་དེར་ལ་ལྷ་མོ་རྩེ་拉姆则ཞེས་པའི་འབོད་སྲོལ་ཡང་ཡོད། ལྷ་མོ་རྩེ་ཞེས་པའི་འབོད་དོན་ནི་ད་ལྟར་དར་རྩེ་མདོའི་གྲོང་ནང་ལ་གནས་ཡོད་པའི་ལྷ་མོ་རྩེ་དགོན་པ་དེ་སྔོན་ཆད་རི་བོ་འདིའི་ཐོག་ཡོད་པས་དེ་ལྟར་འབོད་པ་ཡིན།  ཡིན་ཡང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ལྷ་མོ་རྩེ་དགོན་པ་མེ་ལ་བསྲེགས་རྗེས་གནས་སྤོས་ཏེ་ད་ལྟ་ཆགས་སར་ཡོད། 

  མི་ཉག་གངས་དཀར་རི་བོར་མི་ཉག་ཡུལ་གྱིས་འབོ་གངས་དཀར་ཞེས་བརྗོད་པས། འབོ་ནི་མི་ཉག་སྐད་ཡིན་པས་རི་བོའི་དོན་ཡིན།   རྒྱ་ཡིག་ཏུ་贡嘎山ཞེས་སྒྲ་དོན་འདྲེས་བསྒྱུར་བྱས་པ་ཡིན།   དེ་ལྟ་བུ་ད་དུང་རྫི་འབོ་དང་ནགས་འབོ། ཞེས་བརྗོད་པས་དོན་དུ་ཕྱུགས་རྫི་འགྲོ་སའི་རི་བོ་དང་ནགས་ཚལ་ཡོད་སའི་རི་བོ་ལ་རྫི་འབོ་དང་ནགས་འབོ་ཞེས་ད་ལྟའང་བརྗོད།  འབོ་གངས་དཀར་ལས་འབོ་ནི་རི་བོའི་དོན་ཏེ་མི་ཉག་སྐད་རང་སོར་བཞག་ཡོད་པ་དང་གངས་དཀར་པོ་ཞེས་པའི་དོན་ནི་མི་ཉག་སྐད་ནང་བརྗོད་སྲོལ་ཡོད་ཀྱང་རང་སོར་བཞག་མ་ཐུབ། ཡང་ཁ་ཤས་ཀྱིས་འབོ་གངས་དཀར་ལ་འབོ་གངས་དཀར་རི་བོ་ཞེས་བརྗོད་པས་འབོ་གངས་དཀར་རྗེས་ཀྱི་རི་བོ་འདི་ལྷག་མ་བཏགས་ཏེ་ནོར་སོང་བས་འདི་ལྟར་སྦྱོར་དགོས་དོན་མེད།  གཞན་ཡང་། མི་ཉག་ཡུལ་དུ་རོང་དང་གཤིས་ཀྱི་སྒོ་ནས་བཏགས་པའི་ས་མིང་མང་ཏེ།   རོང་ནི་དམའ་སའི་གཤོངས་ས་དང་ཞིང་ལས་ས་ཁུལ་གྱི་དོན་སྟེ། དཔེར་ན། ཕུར་པ་རོང་། ཁུ་བྱུང་རོང་། འབའ་ནུ་རོང་། ཚེར་མ་རོང་། ཕོ་གསར་རོང་། སེ་ཧུ་རོང་། རྔོན་པ་རོང་། གཡུ་ཐང་རོང་།  དཔའ་བསྲགས་རོང་། ལྟ་བུ་དང་། གཤིས་ནི་རིའི་འདབས་སུ་གོ་སྟེ་ཡུལ་སྐད་ཡིན་པ་འདྲ།  དཔེར་ན། དགོན་པ་གཤིས།  རྡོ་རགཤིས།  ཡུལ་བཙན་གཤིས། ལ་ལུང་གཤིས།  ཡིད་ལྷུང་གཤིས།  བོན་པོ་གཤིས།   གནའ་བ་གཤིས། ལྟ་བུ་ཤིན་ཏུ་མང་ངོ་།  

  གོང་གསལ་ལྟ་བུ་ས་མིང་ཕར་བསྒྱུར་ཚུར་བསྒྱུར་བྱས་ནས་མཐར་ས་མིང་དེའི་དོན་ཅི་བསྟན་པ་དང་རྒྱ་མིང་ཡིན་ནམ་བོད་མིང་ཡིན་པ་སུས་ཀྱང་རྟོགས་དཀའ་བའི་གནས་སུ་འགྱུར་བ་ཤིན་ཏུ་མང་། དཔེར་ན། རྒོ་བ་རི་ལ་黄羊山བསྒྱུར་པས་དེར་བསྟུན་ནས་ཡང་བསྐྱར་ར་སེར་ཞེས་ལོ་ཙཱ་བྱས་ཏེ་བཞད་གད་སློང་བའི་རྒྱུ་རུ་འགྱུར་བ།  གལ་ཏེ་སྐྱེ་ཁམས་སྐོར་གྱི་ཤེས་བྱ་ལ་ངེས་ཤེས་ཅུང་ཙམ་འདྲོངས་ན་རྒོ་བ་ལ་ར་སེར་ཞེས་ལོ་ཙཱ་བྱེད་མི་སྲིད་པའོ།   སྐུ་བླ་རི་བོ་དེ་ལ་四姑娘山ཞེས་ལོ་ཙཱ་བྱས་པས།  མ་རྩ་སྐུ་བླ་ཞེས་པ་རྒྱལ་རོང་གི་སྐད་དུ་ས་ཀུ་བླ་ཞེས་ཁ་ཕྲལ་ནས་བཀླགས་པས་མི་ལ་ལས་དེ་མ་གོ་བར་རྒྱ་སྐད་དུ་四姑娘ཞེས་ལོ་ཙཱ་བྱས་ཏེ་ཁྱད་མཚར་བའི་གཏམ་རྒྱུད་ཀྱང་བསྒྲིགས་པ་ནི་དོན་དངོས་དང་འགལ་བ་ཞིག་ཡིན་ཏེ་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་དུའང་ཐབ་ལྷ་དང་སྐུ་བླ་ཞེས་བཀོད་འདུག་པ་ལྟ་བུ། 

  ད་ལྟ་ཇག་ལ་二郎山དང་གངས་ཆུ་ཟམ་པ་公主桥ལྟ་བུར་མཚོན་ན།  ཇག་ལ་ཞེས་པའི་རི་བོ་ནི་གནའ་བོའི་ཇ་འདྲེན་ཚོང་པ་རྣམས་ཀྱིས་གཡག་རྔ་ནས་དར་རྩེ་མདོའི་བར་དུ་ངེས་པར་དུ་བརྒྱུད་དགོས་པའི་ལ་མཐོ་པོ་དགུང་ལ་ཟུག་པ་ལྟ་བུ་ཞིག་ཡོད་དེ།  རི་བོ་དེར་ཇག་རྐུན་གང་མང་འདུས་པས་ཉེན་ཁ་ཧ་ཅང་ཆེ་བའི་རྒྱུ་མཚན་གྱིས་ཇག་ལ་ཞེས་འབོད།  རྒྱ་ཡིག་ཐོག་སྒྲ་བསྒྱུར་བྱས་ནས་རིམ་བཞིན་二郎山ཞེས་བྲིས་པས་རྒྱའི་སྒྲུང་གཏམ་ཞིག་བསྒྲིགས་ནས་སྒྲུང་གཏམ་བཤད་རྒྱུ་ཡོད་པ་ཞིག་ཏུ་གྱུར།  ད་ལྟ་བོད་མི་ཚོས་རྒྱ་ཡིག་འགྱུར་མ་ལ་གཞིགས་ནས་ཡང་བསྐྱར་བོད་ཡིག་ཐོག་སྒྲ་བསྒྱུར་བྱས་ནས་ཨེར་ལའང་རི་བོ་དང་二郎山隧道ལཨེར་ལའང་རི་བོའི་ཕུག་ལམ་ཞེས་ལོ་ཙཱ་བྱས་པས་སྔོན་ཆད་ཀྱི་བོད་མིས་འབོད་སྲོལ་དེ་མ་སྤྱད་པས་རྒྱ་མིང་ལྟ་བུ་ཞིག་ཏུ་གྱུར་སོང་།   གངས་ཆུ་ཟམ་པ་ནི་གངས་རི་ལས་བབས་པའི་ཆུ་བོ་ཡིན་པའི་རྐྱེན་གྱིས་གངས་ཆུ་དང་གངས་ཆུའི་ཐོག་བཙུགས་པའི་ཟམ་པ་ལ་གངས་ཆུ་ཟམ་པ་ཞེས་བརྗོད།  རྒྱ་ཡིག་ཐོག་སྒྲ་བསྒྱུར་བྱས་ནས་རིམ་བཞིན་公主桥ཞེས་འབྲི་སྲོལ་དར།  རྗེས་སུ་མི་ཤེས་ཤེས་མདོག་བྱེད་མཁན་དག་གིས་གངས་ཆུ་ཟམ་པ་ནི་སྔར་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོ་བསུས་ནས་བོད་ལ་ཕེབས་སྐབས་རྒྱ་བཟའ་ཀོང་ཇོ་ལ་བཙུགས་པའི་ཟམ་པ་ཡིན་པའི་རྐྱེན་གྱིས་公主桥ཞེས་བཏགས་པ་སྟེ་བོད་ཡིག་ནང་《ཀོང་ཇོ་ཟམ་པ།》ཞེས་འགྱུར་མ་ལས་ཡང་བསྐྱར་ཚུར་བསྒྱུར་བ། ད་ལྟ་གངས་ཆུ་ཟམ་པའི་ལམ་ཁར་《ཀོང་ཇོ་ཟམ་པ།》ཞེས་བོད་རྒྱ་མི་རིགས་གཉིས་ཀྱི་མིང་དེ་བྲིས་ནས་ཡོད། དོན་དངོས་སུ་རྒྱ་བཟའ་ཀོང་ཇོ་དར་རྩེ་མདོའི་ཡུལ་དེར་སླེབས་ཡོད་མིན་ལ་མི་དཔྱོད་པར་རང་སྣང་གང་ཤར་དུ་བརྗོད་པས་གད་མོ་ཤོར་བའི་གནས་སུ་ལྷུང་འདུག །


                                                                             2015ལོའི་《ཁ་བཏགས་དཀར་པོ།》དེབ་3པ་ལས་བཤུས།  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1