ལུག་རྫི་བུ་མོ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-19
མེ་ཏོག་དང་མཉམ་དུ་སྐྱེས་ཤིང་།
ལུ་གུ་དང་མཉམ་དུ་ནར་སོན།
མཚེར་ས་འགའ་ཞིག་བརྗེས་པའི་དུས་ལ།
ཁ་ནང་གི་སེའུ་གསར་རྙིང་བརྗེས་ཟིན་མོད།
བརྫུ་བག་མ་གོམས་པའི་རྫི་མ་ནག་པོ་དེའི་གསེབ་ན།
ཉི་གྲིབ་ཀྱིས་མ་རེག་པའི་ཆུ་མིག་ཆུང་ཆུང་དེ་སྔར་ལྟར་དྭངས་ཤིང་འཚེར།
ཞལ་རས་གོར་གོར་དེ་མེ་ཏོག་གི་འདབ་མ་དང་མཉམ་དུ།
ཆར་རྒྱུན་གྱིས་བཀྲུས་པ་ཅི་འདྲའི་གཙང་བ་ལ།
སིང་སིང་དུ་སྒྲོག་པའི་གླུ་སྒྲ་དེས་སྤྲིན་དཀར་དང་ལུག་ཁྱུ་མཉམ་དུ་བསྡུས་པས།
ཆར་རྗེས་ཀྱི་ནམ་མཁའ་ཡང་ཁོ་མོའི་ཞལ་རས་ལྟར།
གཙང་ཞིང་གཡའ་དག་པར་བཀྲུས།
འཇིག་རྟེན་ན་དབྱར་མཚེས་དང་དགུན་མཚེར་ཙམ་ལས་མེད་ལ།
དེ་ན་ལྟེང་ཀ་ཅི་ཙམ་ཡོད་པ་དང་།
མེ་ཏོག་ཅི་ཞིག་སྐྱེ་བ་ཁྱོད་ཀྱིས་ཡོངས་སུ་ཤེས།
སྙམ་མེད་ངང་མགོ་བོ་བྲང་ཁར་སྨད་སྐབས་རེར།
ཨ་ཅེ་དང་འདྲ་བར།
རང་ལའང་བྱི་རུའི་སྐེ་རྒྱན་ཞིག་ཡོད་པར་རེ་ཡང་།
དེ་ཅི་ལ་མཁོ་བ་གཏན་ནས་མི་ཤེས།
མེ་ཏོག་དང་མཉམ་དུ་སྐྱེས།
ལུ་གུ་དང་མཉམ་དུ་ནར་སོན།
ཨ་ལ་ལ་ཅི་འདྲའི་སྐྱིད་པ་ལ།
ལུག་རྫི་བུ་མོ་ཆུང་ཆུང་ལགས།
ཁྱོད་ལ་གཏན་དུ་འཚེ་བ་མེད་པར་ཤོག
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1