༄༅།། ང་ཡི་གཤོག་པ་ཕྱིར་སྤྲོད་རོགས།(ཞར་བཀོད་གཅིག)

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-15


                                 ——དྲུག་གཅིག་བྱིས་པའི་དུས་ཆེན་ལ།

                                               ཁེར་བུ།


ང་ཡི་གཤོག་པ་ཕྱིར་སྤྲོད་རོགས

ཐ་ན་ཉིན་གཅིག་ཙམ་ཡིན་རུང

ང་ནི་སྐར་ཚོགས་དང་ལྷན་དུ་བསྡད་དེ

འཇའ་ཚོན་ལ་ཐེམ་སྐས་ག་ཚོད་ཡོད་པ་བརྩི་འདོད་ཅིང

སྤྲིན་པ་ལེབ་མོ་དག་གས་ནས་ཁ་བར་འགྱུར་ཚུལ་ལ་བལྟ་འདོད

ད་དུང་ངས་རང་གི་ཚོན་མདོག་གི་སྨྱུ་གུ་སྤྱད་ནས

ཉི་མ་ལ་གྲིབ་བསིལ་དགུག་བྱེད་ཀྱི་ཉི་གདུགས་ཤིག་བྲི་འདོད་ཅིང

ཟླ་བ་ལ་མཚན་མོའི་མཁའ་དབྱིངས་སུ་འགྲོ་རོགས་ཤིག་ཀྱང་བྲི་འདོད


ང་ཡི་གཤོག་པ་ཕྱིར་སྤྲོད་རོགས

ཐ་ན་ཉིན་གཅིག་ཙམ་ཡིན་རུང

ང་ནི་རྩྭ་ལྗང་དང་ལྷན་དུ་འགྲོགས་ཏེ

ཕྱེ་མ་ལེབ་དང་སྦྲང་མ་ཆུང་ཆུང་ལ

ཆུ་མོ་བརྒལ་བྱེད་ཀྱི་ཟམ་པ་ཞིག་གཟུག་འདོད་ཅིང

འབུ་ཐོམ་བུ་ལ་ཁ་སྤུ་སྐྱེས་པའི་རྒྱུ་མཚན་སྦལ་བ་ཨ་མར་དྲི་འདོད

མཇུག་མཐར་ངས་ཤོག་ངོས་སུ་སའི་གོ་ལ་ཆེན་པོ་ཞིག་བྲི་འདོད་ཅིང

འབུ་ཐོམ་བུ་བཞིན་དུ་མཇུག་མ་རིང་བོ་ཞིག་ཀྱང་བྲི་འདོད

༢༠༡༥.༦.༡ཉིན་གྱི་དགུང་མོར།


གནམ་སྔོན་པོར་སྐས་ཤིག་ཡོད།


གནམ་སྔོན་པོར་སྐས་ཤིག་ཡོད

ཉིན་མོའི་དུས་སུ

ཡར་འཛེགས་པར་ཕྱིན་ནས

ཨ་སྔོན་དེ

མེ་ལོང་བཞིན

གྲལ་དག་གཙང་དག་ཅིག་ཏུ་ཕྱིས་ཆོག་ཅིང

དབྱར་ཚ་བ་ཆེ་དུས

སྤྲིན་དཀར་གྱི་བླ་བྲེ་སྲབ་བུར་འཐེན་ཆོག

གནམ་སྔོན་པོར་སྐས་ཤིག་ཡོད

མཚན་མོའི་དུས་སུ

ཡར་འཛེགས་པར་ཕྱིན་ནས

སྐར་ཚོགས་དག

གློག་སྒྲོན་བཞིན

ཁྲ་ཆིལ་དགུ་ཆིལ་དུ་བཀད་ཆོག་ཅིང

མཚན་མུན་པ་མཐུག་དུས

ཟོར་དབྱིབས་ཀྱི་ཟླ་བ་སྒོར་སྒོར་དུ་བཅོས་ཆོག


           ༢༠༡༥.༨.༡



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1