༄༅།། སྨྱོན་པའི་ཟིན་ཐོ། (ཞར་བཀོད་ཚན་པ་གཅིག)

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-15



                                

        གཡུ་རྔོག་ལུང་རྟོགས། (དཀར་མཛེས།)


           ངག་གི་རབ་ཁ་ཤོར་ཏེ་སྙན་ཚིག་འཆོལ།།

           ཚོར་བའི་བུས་པ་ངུས་ཏེ་ལུས་སེམས་སྐྱོམ།།

           ལུས་ངག་ཡིད་གསུམ་ཆང་གིས་སྦང་བ་བཞིན།།

           རབ་རིབ་ཅིག་ཏུ་གསེར་གྱི་ལོ་མ་འགའ།།

           གཟས་ཏེ་མིག་གི་ཐད་སོར་ལྷུང་བ་བཞིན།།

           བརྡ་དང་ཐ་སྙད་དག་གི་རི་ཉིལ་ཏེ།།

           རྒྱ་མཚོའི་རླབས་ཀྱི་ངོས་ན་འདྲིལ་བ་དང་།།

           མེ་ལྕེའི་རལ་གྲིའི་རྩེ་ན་འཕྱོ་བ་འོ།།

           ལྷམ་མཐིལ་རལ་བའི་ཨ་སྐྱོ་བ་ཞིག་གིས།།

           བྱིན་རླབས་སྙིང་གི་དཀྱིལ་ལ་སྒོམ་སྒོམ་ནས།།

           དད་པའི་གོང་བུར་སྙིམ་པའི་མེ་ཏོག་དག།

           བཅོས་མིན་ཤུགས་འབྱུང་བཞད་པ་དང་འདྲ་སྟེ།།

           སྙིང་སྡུག་སེམས་ན་འཕག་པའི་གནས་ཡུལ་གྱི།།

           བུ་མོ་ཐོལ་གྱིས་སྟབས་ཀ་འགྲིག་བྱུང་སྟེ།།

           ག་ཤེད་མུན་ནག་ནང་དུ་སྙིང་སྡུག་ལ།།

           ཐུག་པའི་ཚོར་བ་བྲང་ལ་ཆུ་བྱོ་ལྟར།།

           དོ་ནུབ་ཚོར་བ་འདི་གས་དེད་ཡོང་སྟེ།།

           ང་ཡི་མགྲིན་པར་སྨུག་པའི་རྡུལ་འཚངས་སོ།།

           བྱེ་སྒང་མེ་ཏོག་དག་གི་བསླུ་བྲིད་ཀྱི།།

           དུང་བའི་འོ་མ་བྱོ་བ་མིག་ཟུང་གིས།།

           གཞིབ་པའི་ངང་ཚུལ་ཡར་བའི་མོད་ལ་ནི།།

           སྨུག་རྒྱུའི་ཐང་དུ་འཁོར་བ་ཟགས་ཏེ་འོང་།།

           འཁོར་བའི་པང་དུ་སྡུག་བསྔལ་ཚེར་མ་དག།

           ལུས་ཀྱི་བ་སྤུ་བཞིན་དུ་གཟེངས་ཏེ་འོང་།།

           བ་སྤུའི་རྩེ་མོ་རེ་ནས་རྡུལ་སྙེད་ཀྱི།།

           ཌཱ་ཀིའི་ཚོགས་དག་སྙིང་ལ་འཚེངས་བར་ཤོག།


            ཕྱི་དྲོ་དེར། ངས་འདི་ལྟར་སྙམ། 



           རྩྭ་ལོ་འདི་དག་སྟོན་གྱི་ཉི་མ་ཡིས།།

            བསྲེག་བྱེད་སྟོབས་ཀྱི་མེ་ལྕེ་མཆེད་ན་ཡང་།།

            རང་རྟོན་སྙིང་དུ་སིམ་པའི་འདུ་བྱེད་ཀྱིས།།

            རི་བོའི་གྲིབ་བསིལ་བརྟེན་ཏེ་རང་ཉིད་ཀྱི།།

            ལང་ཚོའི་སྲོག་ལ་གཅེས་པའི་ངང་ཚུལ་འདིས།།

            རྨི་ལམ་ཟེར་ཡ་དེ་ནི་ཁྲག་རྩ་རུ།།

            དྲག་ཏུ་རྒྱུ་བའི་ཟུངས་ཀྱི་དྭངས་མ་སྟེ།།

            དེ་ཉིད་བདོག་ཚེ་གསོན་པོ་ཉིད་ཡིན་ཏེ།།

            འཆར་ཡན་དག་ནི་རྒྱ་མཚོའི་རླབས་བཞིན་ནོ།།

            མཚར་སྡུག་འཇའ་ཚོན་དག་ཀྱང་འཆར་ནས་ཡོང་།།

            དེ་མིན་རི་མོར་བྲིས་པའི་མེ་ཏོག་སྟེ།།

            ཆག་གྲུམ་ཤོར་བའི་མཛེས་མའི་མེ་ལོང་ངོ་།།


རྩོམ་ཡིག་སྔོན་མ།
༄༅།། ནམ་ཟླ་འགྱུར་སོང་།
རྩོམ་ཡིག་རྗེས་མ།
༄༅། །ལྷ་སའི་གཙུག་ལག་ཁང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1