སྤྱི་ཟླ་10པའི་ཚེས་17ཉིན་ནས་ཚེས་18ཉིན་བར། ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ནང་དོན་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་མཛད་པའི་སྐབས་ལྔ་པའི་རྒྱལ་སྤྱིའི་ནང་དོན་རིག་པའི་བགྲོ་གླེང་-----བདེ་གཤེགས་སྙིང་པོའི་ཞིབ་འཇུག་ཅེས་པ་པེ་ཅིང་ནས་གཟབ་རྒྱས་ངང་འཚོགས། བགྲོ་གླེང་ཚོགས་འདུའི་སྟེང་དཔྱད་རྩོམ་30འབྱོར་ཞིང་། རྒྱལ་ཁབ་ཕྱི་ནང་གི་ནང་དོན་རིག་པའི་ཞིབ་འཇུག་པའི་སྡེ་ནས་ཐོན་པའི་ཆེད་རམས་པ་དང་དེ་མིན་རྒྱ་བོད་ཀྱི་ཆེད་རམས་པ་དང་དགེ་བའི་བཤེས་གཉེན་ཆེན་མོ། ན་གཞོན་སློབ་མ། ནང་བསྟན་ལ་མོས་མཁན་རྣམས་ཐེངས་འདིའི་བགྲོ་གླེང་ལ་ཞུགས།
ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་རྒྱ་ཡིག་དང་བོད་ཡིག སམ་ཀྲི་ཏའི་སྐད་ཀྱི་ནང་ཆོས་བཀའ་བསྟན་གཞིར་བཟུང་སྟེ་བདེ་གཤེགས་སྙིང་པོའི་ངོ་བོ་དང་སྣང་ཚུལ། བདེ་གཤེགས་སྙིང་པོ་དང་རིགས། བདེ་གཤེགས་སྙིང་པོ་དང་སྟོང་ཉིད། དེ་མིན་རྒྱ་བརྒྱུད་ནང་བསྟན་གྱི་བདེ་གཤེགས་སྙིང་པོའི་བསམ་བློ་སོགས་ཟུར་ངོས་མི་འདྲ་བ་མང་པོ་ནས་བགྲོ་གླེང་མཛད།
བཞག་པ་རིན་པོ་ཆེ་ཡིས་གཏིང་ཟབ་པའི་སྒོ་ནས་བདེ་གཤེགས་སྙིང་པོར་ངོས་འཛིན་དང་མཉམ་ལེན་བྱ་དགོས་ཚུལ་དང་། བདེ་གཤེགས་སྙིང་པོས་སྤྱི་ཚོགས་ཡོངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཕན་ནུས་བླ་མེད་འདོན་ཐུབ་པའི་སྐོར་ནས་གསུང་བཤད་སྤེལ།
སྤྱི་ལོ་2012ལོ་ནས་རྒྱལ་སྤྱིའི་ནང་བསྟན་བགྲོ་གླེང་གསར་དུ་བཙུགས་པ་ནས་བཟུང། ད་ལྟའི་བར་ཐེངས་ལྔར་འཚོགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་ནང་དོན་རིག་པའི་ཞིབ་འཇུག་ལ་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས། སྔ་ཕྱིར་ནང་ཆོས་ཀྱི་ཁྱབ་བརྡལ་དང་བསམ་གཏན། འདུལ་བ། བྱང་ཆུབ་ཀྱི་སེམས། བདེ་གཤེགས་སྙིང་པོ་བཅས་ཀྱི་ཐད་ནས་བགྲོ་གླེང་མཛད་པར་མ་ཟད། 《རྒྱལ་སྤྱིའི་ནང་དོན་རིག་པའི་དཔེ་ཚོགས།》པར་སྐྲུན་འགྲེམ་སྤེལ་བྱས།
རྒྱལ་སྤྱིའི་ནང་དོན་རིག་པའི་བགྲོ་གླེང་ཚོགས་འདུའི་ཁྱད་ཆོས་གཙོ་བོ་ནི་རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན། ལྷོ་བརྒྱུད་ནང་བསྟན་བཅས་ཀྱི་བར་ལ་ནང་བསྟན་རིག་གནས་ཀྱི་བསམ་བློ་བརྗེ་རེས་བྱེད་པའི་སྟེགས་བུ་ཆེན་པོ་ཞིག་བསྐྲུན་པ་རེད། བགྲོ་གླེང་བརྒྱུད་བོད་ཁུལ་གྱི་དགེ་བཤེས་50ལྷག་པེ་ཅིང་ཀྲུང་གོའི་མི་དམངས་སློབ་ཆེན་དུ་ཕེབས་ནས་རྒྱལ་ཁབ་སོ་སོའི་ནང་བསྟན་ཞིབ་འཇུག་པར་བསམ་བློ་བརྗེ་རེས་བྱས་ཏེ་ཕན་ཚུན་གྱི་ངོས་འཛིན་གཏིང་ཇེ་ཟབ་ཏུ་བཏང་།
ཁོ་ལོམ་པི་ཡའི་འབུམ་རམས་པ་ཅང་པོའོ་ཡིས་བསྒྱུར་བའི་རྒྱལ་ཚབ་དར་མ་རིན་ཆེན་གྱི་《ཐེག་པ་ཆེན་པོའི་ངེས་དོན་གྱི་མདོ་སྡེའི་དགོངས་པ་འགྲེལ་པར་བྱེད་པའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་བཞུགས་སོ།》གྱི་དེབ་གསར་འགྲེམ་སྤེལ་ཚོགས་འདུའང་ཐེངས་འདིའི་རྒྱལ་སྤྱིའི་ནང་དོན་རིག་པའི་བགྲོ་གླེང་ཚོགས་འདུ་དང་ལྷན་དུ་འཚོགས། ཚོགས་ཐོག་ཏུ་འབུམ་རམས་པ་ཅང་པོའོ་ཡིས་ཆེད་དོན་གཏམ་བཤད་སྤེལ།།