ཞི་ཅིན་ཕིང་ཀྲུང་དབྱིན་བཟོ་ཚོང་གི་མཐོ་རིམ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-23


 

  སྤྱི་ཟླ་10པའི་ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེན་ལོན་གཉིས་མཉམ་དུ་ལོན་ཏོན་དུ་སྤེལ་པའི་ཀྲུང་དབྱིན་བཟོ་ཚོང་མཐོ་རིམ་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

  ཞི་ཅིན་ཕིང་གིས་མིག་སྔར་འཛམ་གླིང་གི་དཔལ་འབྱོར་ལ་འགྱུར་བ་ཤིན་ཏུ་ཆེ། མདུན་ལྗོངས་ལ་གདེང་ཚོད་མེད་པའི་དུས་སུ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་དགོས། ལོ་རྒྱུས་ཀྱི་ཉམས་མྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་སྔོན་མ་ནས་བརྟན་འཇགས་མ་ཡིན་པ་རྟོགས་ཐུབ། ཡིན་ནའང་འཕེལ་རྒྱས་སུ་འགྲོ་བ་ནི་སྤྱིའི་རྣམ་པ་ཞིག་རེད། སྐབས་ཡུན་ཙམ་གྱི་གྲངས་ཀའི་འགྱུར་བ་དང་ཚོང་ལས་འཕེལ་འགྲིབ་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་རྣམ་པར་འགྱུར་བ་གཏང་མི་སྲིད་ཅེས་བསྟན།

  ཞི་ཅིན་ཕིང་གིས་མིག་སྔར་ཡོ་རབ་གླིང་གི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་དང་། ང་ཚོར་ཡོ་རབ་གླིང་གིས་རང་གི་བློ་གྲོས་དང་འབད་པར་བརྟེན་ནས་འཕེལ་རྒྱས་གསར་བར་བསྙེག་ཐུབ་པར་ཡིད་ཆེས་ཡོད། གསར་དར་ཚོང་རའི་དཔལ་འབྱོར་འཕེལ་འགྲོས་ཇེ་དལ་དུ་གྱུར་ཏེ་རྒྱལ་ཁབ་ལ་ལར་དཀའ་སྡུག་མང་པོ་ཞིག་ལ་འཕྲད་པ་རེད། ཡིན་ནའང་ལོ་ངོ་བཅུ་ལྷག་གི་འཕེལ་རྒྱས་གོ་རིམ་ཁྲོད་གསར་དར་ཚོང་རའི་དཔལ་འབྱོར་གྱི་གཞི་རྒྱ་ཆེ་ཞིང་འཕེལ་སྟོབས་ལྡན་པ། དཔལ་འབྱོར་རྨང་གཞི་བརྟན་པ། དཔལ་འབྱོར་འཕེལ་ཕྱོགས་བཟང་པས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་ནུས་གལ་ཆེན་འདོན་ཐུབ་པ་རེད་ཅེས་ནན་གྱིས་བསྟན།

  དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེན་ལོན་གྱིས་ཞུ་ཚིག་ལས་དབྱིན་ཇིའི་སྲིད་གཞུང་གིས་འཕེལ་སྟོབས་ལྡན་པའི་དབྱིན་ཀྲུང་མཛའ་འབྲེལ་འཕེལ་རྒྱས་སུ་གཏང་བར་འབད་པ་བྱ་ངེས། རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་ཐེངས་འདིར་དབྱིན་ཇིར་འཚམས་འདྲིར་ཕེབས་པའི་སྐབས་འདིར་ཕྱོགས་གཉིས་ཀྱིས་ཉིལ་རྡུལ་དང་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཆོད་ཡིག་གསར་པ་མང་པོར་ཐུན་མོང་གི་ངོས་འཛིན་བྱུང་། འདིས་དབྱིན་ཀྲུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ངེས། དབྱིན་ཇིའི་སྲིད་གཞུང་གི་ཀྲུང་གོས་མ་དངུལ་གཏང་བར་དགའ་བསུ་ཞུ་བ་དང་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱིས་དབྱིན་ཀྲུང་འབྲེལ་བར་མཛད་རྗེས་ཆེན་པོ་འཇོག་པར་རྒྱབ་སྐྱོར་བྱ་ངེས་ཞེས་བསྟན།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1