༄༅།། བོན་དང་ཆོས་ཀྱི་བརྡ་དོན་རྣམ་བཤད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27


  

  ཨཱོྃ་སྭ་སྟི། གང་མཚན་ཡིད་ལ་སྐད་ཅིག་ཤར་བ་ཡིས། །སྙིང་ལ་ཡུན་རིང་ཉལ་བའི་མུན་སེལ་བའི། ། སྨྲ་བའི་སེང་གེ་ལྷ་མོ་དབྱངས་ཅན་མ། །བདག་གི་མགྲིན་པ་སྤྱོན་ལ་རོལ་རྩེད་མཛོད། །དེ་ལ་འདིར་བོན་དང་ཆོས་ཀྱི་བརྡ་དོན་གྱི་རྣམ་བཤད་ཅུང་ཙམ་འཆད་ན་གསུམ་སྟེ། ཤེས་བྱ་བརྡའི་བོན་ཅན། འཇུག་བྱ་དོན་གྱི་བོན་ཆོས། དེ་ལ་ཅུང་ཟད་དཔྱད་པའོ། ། དང་པོ་ནི། ཤེས་བྱ་ཕྱིའི་དབང་དུ་བྱས་ན། མཚོན་པར་བྱ་བའི་ཡུལ་གང་ཞིག འཁོར་འདས་ཀྱི་ཤེས་བྱ་གང་ཡང་རུང་བའི་སྟེང་དུ་མཚོན་བྱེད་ཀྱི་ངག་གི་བརྡས་བཏགས་པའི་མིང་ལ། ཞང་ཞུང་སྐད་དུ་གྱེར་ཞི། འཕགས་ཡུལ་གྱི་སྐད་དུ་དྷརྨ། བོད་ཡུལ་གྱི་སྐད་དུ་བསྟན་པ་སྔ་དར་སྐབས་སུ་བོན། ཕྱི་དར་སྐབས་སུ་ཆོས་ཞེས་སུ་སྐད་གཉིས་སྨྲ་བའི་འཇིག་རྟེན་གྱི་མིག་བུ་རྣམས་ཀྱིས་ཐོག་མའི་བརྡར་བཏགས་སོ་ཞེས་གྲགས་སོ། །བོན་དང་ཆོས་ཀྱི་བརྡ་དེ་ཉིད་ཡུལ་གང་ལ་ཚུལ་ཅི་ལྟ་བུའི་ཚུལ་གྱིས་བཏགས་ཤེ་ན། དོན་གང་ཞིག་བློ་ལ་སྣང་བའི་ཚེ། མཚན་མར་བྱར་རུང་བར་སྣང་བ་ནི་དོན་གྱི་ངོ་བོ་ཡིན་ལ། དེ་ལས་ཐ་དད་དུ་འབྱེད་པར་བྱེད་པ་ནི་དོན་གྱི་ཁྱད་པར་ཏེ། ངོ་བོ་ཁྱད་པར་དང་བཅས་པའི་དོན་དེ་སྤྱིའི་མིང་གིས་མཚོན་པ་ལ་མཚོན་བྱེད་ཀྱིས་མིང་གི་བརྡར་བོན་དང་ཆོས་ཞེས་པའི་ཐ་སྙད་ཀྱིས་བརྗོད་པའོ། ། དེའི་མཚན་ཉིད་ཅི་ལྟ་བུ་ཞེ་ན། རྟེན་དེ་ལ་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་ན་རྒྱུ་མཚན་ཅན་གྱི་སྒྲ་བློ་གྲུབ་ངེས་པས་ཤེས་བྱ་ཞིག་ཡིན་ན་མཚན་མཚོན་གཞི་གསུམ་གྱིས་མ་ཁྱབ་པ་མེད་ལ། མཚན་གཞི་ཤེས་བྱའི་ཡུལ་གང་རུང་གི་སྟེང་དུ་བོན་དང་ཆོས་ཀྱི་རྣམ་པ་ཅི་རིགས་མཚོན་པ་ལ། རང་དང་སྤྱིའི་མཚན་ཉིད་དེ་དང་དེ་ལྡན་པ་ཞིག་དགོས་པས། སྤྱི་ལྡོག་ནས་འདུས་བྱས་མི་རྟག་པ་དང་། ཟག་པ་དང་བཅས་པ་ནི་སྡུག་བསྔལ་བ་སོགས་སྤྱིའི་མཚན་ཉིད་པ་དང་། རང་ལྡོག་ནས་གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད་ནས་བོན་ཐམས་ཅད་མངོན་སུམ་དུ་བྱེད་པ་རྣམ་མཁྱེན་གྱི་མཚན་ཉིད་ཀྱི་བར་དུ་གསུངས་པ་བཞིན་རང་རང་གི་མཚན་ཉིད་འཛིན་པ་སྟེ། མཚན་གཞི་གང་ཡིན་ཡང་རང་དང་སྤྱིའི་མཚན་ཉིད་འཛིན་རུང་བའི་རྒྱུ་མཚན་གྱིས་མཚོན་བྱ་དེ་ལ་གང་དང་གང་གི་བོན་ཆོས་ཞེས་སྤྱིའི་མིང་གིས་ཁྱད་པར་དུ་བྱས་ནས་མཚོན་པ་སྟེ། དེ་ཉིད་ཡ་གྱལ་སོ་སོའི་མིང་གིས་སྨོས་ཀྱང་སྤྱིའི་མཚན་ཉིད་འཛིན་པའི་དོན་དུ་འགྱུར་བ་ལ་སོ་སོའི་དབྱེ་བསལ་ཕྱེ་དགོས་པ་ཅུང་ཟད་ཀྱང་མེད་དོ་ཞེས་ལེགས་པར་ངེས་སོ། །

  གཉིས་པ་ནི། བོན་དང་ཆོས་ཀྱི་བརྡ་འདི་མཚོན་བྱེད་སྤྱིའི་དབང་དུ་བྱས་ན་ཤེས་བྱ་ཀུན་གྱི་རྗེས་སུ་སོང་ཡང་། མཚོན་བྱའི་དོན་ཡ་གྱལ་བའི་དབང་དུ་བྱས་ན་བོན་དང་ཆོས་ཀྱི་བསྟན་པ་གཉིས་ལ་འཇུག་པ་ཡིན་ཏེ། བོན་གྱི་བྱེ་བྲག་གཡུང་དྲུང་གི་བོན་དང་། ཆོས་ཀྱི་བྱེ་བྲག་དམ་པའི་ཆོས་དང་གཉིས་སུ་ཡོད་པ་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་ཏེ། གཡུང་དྲུང་གི་བོན་ཡིན་ན་བོན་ཡིན་ཡང་། བོན་ཡིན་ན་གཡུང་དྲུང་གི་བོན་ཡིན་པས་མ་ཁྱབ་ཅིང་། དེ་བཞིན་དུ་དམ་པའི་ཆོས་ཡིན་ན་ཆོས་ཡིན་ཡང་། ཆོས་ཡིན་ན་དམ་པའི་ཆོས་ཡིན་པས་མ་ཁྱབ་སྟེ། སྲིད་པའི་བོན་སོགས་བོན་དང་། བྲམ་ཟེའི་ཆོས་སོགས་ཆོས་ཀྱི་བྱེ་བྲག་དུ་མ་ཡོད་པའི་ཕྱིར་ཏེ། ཤ་པ་གྲུབ་ན་ཤིང་སྤྱི་གྲུབ་ཀྱང་ཤིང་སྤྱི་གྲུབ་པས་ཤ་པ་མི་འགྲུབ་པ་བཞིན་ནོ། །དེས་ན་བོན་ལས་ཕྱེ་བའི་གཡུང་དྲུང་བོན་ལ་དྲུང་མུ་གྱེར་ཞི་དང་། ཆོས་ལས་ཕྱེ་བའི་དམ་པའི་ཆོས་ལ་སདྡྷརྨ་ཞེས་བརྗོད་པ་ཡིན་ཏེ། བོན་ཉིད་གཡུང་དྲུང་གི་དབྱིངས་ནི་སངས་རྒྱས་ཀྱི་ས་སྟེ། དེ་ཐོབ་བྱེད་ཀྱི་བོན་ནམ་སྣང་ལུགས་དང་གནས་ལུགས་ཀྱི་དེ་ཁོ་ན་ཉིད་ལས་གཞན་དུ་མི་འགྱུར་བའི་རང་བཞིན་ཅན་གྱི་གཡུང་དྲུང་གི་བོན་ཞེས་དང་། དམ་པ་སངས་རྒྱས་ཀྱིས་བསྟན་པའི་ཆོས་སམ་ཆོས་ཐམས་ཅད་ཀྱི་ནང་ནས་དམ་པར་གྱུར་བའི་རང་བཞིན་ཅན་གྱི་དམ་པའི་ཆོས་ཞེས་གཞི་ཐ་དད་དམ་གཞི་མཐུན་གྱི་སྒྲས་སྨོས་པ་ཡིན་པའི་ཕྱིར་རོ། །དེའི་མཚན་ཉིད་ཅི་ལྟ་བུ་ཞེ་ན། འཁོར་བ་དང་ངན་སོང་གི་གནས་སུ་ལྷུང་བ་ལས་འཛིན་ཞིང་སྐྱོབ་པས་གཡུང་དྲུང་བོན་ནམ་དམ་པའི་ཆོས་ཞེས་བརྗོད་པ་ཡིན་ཏེ། རྒྱུ་འབྲས་ཡང་དག་གི་ལྟ་བ་ལ་བརྟེན་ནས་དགེ་བཅུ་དང་བསམ་གཟུགས་ཀྱི་ཏིང་འཛིན་བསྒོམ་པ་སོགས་ཀྱིས་ངན་སོང་དུ་ལྷུང་བ་ལས་འཛིན་པ་རྒྱུའི་བོན་དང་མངོན་མཐོའི་ཆོས་ལྟ་བུ་དང་། གང་འདོད་ཆགས་དང་བྲལ་བའི་མྱང་འདས་དང་། གང་གིས་འདོད་ཆགས་དང་བྲལ་བྱེད་ལམ་བདེན་འཁོར་དང་བཅས་པས་འཁོར་བ་ལྷུང་བ་ལས་འཛིན་པ་འབྲས་བུའི་བོན་དང་ངེས་ལེགས་ཀྱི་ཆོས་ལྟ་བུ་སྟེ། རྒྱུ་མཚན་དེ་དག་གང་རུང་གི་སྒོ་ནས་མཚན་ཉིད་ངེས་པའི་ཕྱིར་རོ། །དེ་ལས་སྔ་མ་ནི་སྔ་དར་བོན་གྱི་བསྟན་པ་དང་། ཕྱི་མ་ནི་ཕྱི་དར་ཆོས་ཀྱི་བསྟན་པ་སྟེ། དེ་གཉིས་སོ་སོའི་རྣམ་བཞག་ཕྱེ་ན་མང་ཡང་རིགས་སུ་བསྡུ་ན་བརྗོད་བྱ་རྟོགས་པའི་བསྟན་པ་དང་། རྗོད་བྱེད་ལུང་གི་བསྟན་པ་གཉིས་སུ་འདུས་པས། དེ་གཉིས་ཕྱིའི་མཚན་ཉིད་ཀྱང་གང་ལ་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་བ་སྟེ། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་ཟད་ཕྱིར་དམ་པའི་ཆོས། །ཞེས་དང་། བོན་ནི་མི་གཡོ་སྐྱོབ་པའི་སྒྲ །ཞེས་སོགས་བྱུང་བ་བཞིན་ནོ། །དེས་ན་སྔ་ཕྱིའི་བསྟན་པ་གཉིས་གདུལ་བྱ་དང་འདུལ་བྱེད་ཀྱི་ལས་སྨོན་དང་གནས་དུས་ཀྱི་དབང་གིས་ཚུལ་སོ་སོར་སྣང་བ་ལས། དོན་དུ་འཁོར་བ་དང་ངན་སོང་ལས་འཛིན་ཞིང་སྐྱོབ་པའི་ཐབས་སུ་འགྱུར་བ་ལ་བྱེ་བྲག་ཕྱེས་དགོས་པ་ཅུང་ཟད་ཀྱང་མེད་པར་ཚད་མའི་མིག་གིས་གཞལ་ན་མངོན་སུམ་མཐོང་བར་འགྱུར་རོ་ཤེས་པར་བྱའོ། །

  གསུམ་པ་ནི། གང་ཞིག་རྒྱལ་བའི་བསྟན་པ་ལ་བོན་དང་ཆོས་གཉིས་སུ་རྣམ་པར་འཇོག་ན། དེ་གཉིས་ཀ་གཞི་གཅིག་ཏུ་བསྡུ་བར་ཅིའི་ཕྱིར་མི་འགལ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། རྒྱལ་བའི་བསྟན་པ་གཉིས་གནས་ཚུལ་གྱི་སྒོ་ནས་རིགས་གཅིག་པས་གཞི་གཅིག་ཏུ་བསྡུ་བར་མི་འགལ་ཏེ། བསྟན་པ་ལ་བོན་ཆོས་གཉིས་ཡོད་ཀྱང་། ནང་བ་ཡིན་པ་དང་། ནང་བའི་བསྟན་པ་ཡིན་པ་དང་། ནང་བའི་བསྟན་པ་སྐྱོན་མེད་ཡིན་པའི་ཚུལ་རྣམས་མཚུངས་པའི་ཕྱིར་རོ། །འོ་ན་དེའི་ཚུལ་གང་ལྟར་ཡིན་ཞེས་ན། སྤྱིར་ནང་བ་ཡིན་པའི་རྒྱུ་མཚན་དུ་རིན་ཆེན་རྣམ་གསུམ་སྐྱབས་སུ་བསྙེན་པ་དང་། བྱེ་བྲག་ནང་བའི་བསྟན་པ་ཡིན་པའི་རྒྱུ་མཚན་དུ་བཀའ་རྟགས་ཀྱི་ཕྱག་རྒྱ་གསུམ་མམ་བཞིས་རྒྱས་ཐེབས་པ་དང་། ཁྱད་པར་ནང་བའི་བསྟན་པ་སྐྱོན་མེད་ཡིན་པའི་རྒྱུ་མཚན་དུ་ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དང་རྗེས་སུ་མཐུན་དགོས་པ་སྟེ། ཚུལ་དེ་དག་བསྟན་གཉིས་སྤྱི་ལྡོག་ལ་ཚང་བར་ཡོད་པར་ཚད་མ་གསུམ་གྱིས་གྲུབ་པའི་ཕྱིར་རོ། །འོ་ན་མིང་ཙམ་ཁོ་ནར་ཟད་པས་བསྟན་པ་ལ་གཉིས་སུ་ཕྱེ་བས་ཅི་བྱ་ཞེ་ན། དེའང་འཇོག་ཏུ་ཡོད་དེ། སྣང་ཚུལ་གྱི་སྒོ་ནས་རྣམ་པའམ་བྱེ་བྲག་ཐ་དད་དུ་གནས་པའི་ཕྱིར་ཏེ། གང་གིས་སྟོན་པའི་སྟོན་པ་སྐུ་གསུམ་སོ་སོའི་བྱོན་ཚུལ་དང་། དེས་བསྟན་པའི་བསྟན་པ་མདོ་སྔགས་བླ་མེད་ཀྱི་བབས་ཚུལ་དང་། བསྟན་པ་དེ་འཛིན་པའི་བརྒྱུད་འཛིན་སོ་སོས་སྤེལ་ཚུལ་སོགས་བྱུང་ཁུངས་དང་རྣམ་པ་ཐ་དད་ཅིང་། ནང་གསེས་ཡུལ་སོ་སོའི་གདུལ་ཞིང་དང་། དེའི་གང་ཟག་སོ་སོའི་སྐད་དང་། སློབ་དཔོན་སོ་སོའི་ཕྱག་ལེན་དང་། ཡུལ་ལུགས་ཀྱི་དབང་གིས་ཕྱག་བསྐོར་དང་མཆོད་པའི་སྲོལ་ཀ་སོགས་རྣམ་པར་དབྱེ་བ་ཅུང་ཟད་རེ་མི་མཚུངས་པ་མང་བའི་ཕྱིར་རོ། །དེ་ལ་འདི་སྙམ་དུ། གལ་ཏེ་སྣང་ཚུལ་ཐ་དད་ན་གནས་ཚུལ་ཡང་ཐ་དད་དུ་འགྱུར་དགོས་སོ་ཞེ་ན། རྒྱུ་མཚན་དེས་བསྟན་གཉིས་གཞི་ཐ་དད་དུ་མི་འགྱུར་ཏེ། གསང་སྔགས་རྙིང་མས་སྐུ་གསུམ་གྱི་སྟོན་པ་དང་བསྟན་པ་གསུམ་དུ་འཇོག་པ་དང་། ས་དགེ་བཀའ་རྙིང་སོ་སོས་བརྒྱུད་པ་འདྲེན་ཚུལ་དང་། གྲུབ་མཐའ་དང་ཕྱག་ལེན་སོགས་སྣང་ཚུལ་མི་མཚུངས་ཀྱང་། ཚུལ་དེས་ནང་བའི་བསྟན་པ་ཡིན་མིན་གྱི་གནས་ཚུལ་གཉིས་སུ་མི་འགྱུར་བ་བཞིན་ནོ། །

  དེ་ལ་མིང་དོན་རྫས་གཅིག་ཏུ་ཞེན་པའི་བདག་འཛིན་ཅན་ཁ་ཅིག་འདི་སྐད་དུ། ནང་གསེས་དེ་དག་དང་སྔ་ཕྱིའི་བསྟན་གཉིས་མཚུངས་པར་མ་ངེས་ཏེ། དེ་དག་ཆོས་ཡིན་པར་མཚུངས་པའི་ཕྱིར་ཞེ་ན། དེ་ལ་སྨྲས་པ། ཆོས་སུ་མཚུངས་པ་དེ་མཚོན་བྱ་རིགས་གཅིག་པའམ་མཚོན་བྱེད་མིང་གཅིག་པ་གང་ཡིན་གྲང་། དང་པོ་ལྟར་ན། རིགས་གཅིག་པའི་རྒྱུ་མཚན་གྱིས་མཐུན་དཔེར་བཟུང་བ་ཡིན་པས་འདོད་ལ། གཉིས་པ་ལྟར་ན། མཚོན་བྱེད་མིང་གཅིག་པ་བོན་ལ་མ་གྲུབ་ཀྱང་སྐྱོན་མེད་དེ། ཡུལ་དུས་ཀྱི་དབང་གིས་སྣང་ཚུལ་ཐ་དད་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར། མིང་ནི་བརྗོད་འདོད་མཚོན་པའི་ཆེད་དུ་སྒྲ་རྟོག་གིས་ཐ་སྙད་ཀྱི་བརྡར་ཕར་བཏགས་པ་ཙམ་ཡིན་གྱི། རྫས་ཡོད་དོན་ལྡོག་ཏུ་གྲུབ་པ་མ་ཡིན་པས་དོན་དང་མིང་གཉིས་གཅིག་མ་ཡིན་ལ། དེས་ན་གསང་སྔགས་གསར་རྙིང་སོགས་ལ་ཆོས་སུ་མིང་གཅིག་ཟེར་བའང་རེ་ཞིག་བོད་ན་ད་ལྟར་གྲགས་པ་ཙམ་དུ་ཟད་གྱི་རྣམ་པ་ཀུན་ཏུ་དེ་ལྟར་ངེས་པ་མ་གྲུབ་སྟེ། ཆོས་ལ་རྒྱ་གར་བས་དྷརྨ་དང་། རྒྱ་ནག་པས་ཇིང་སོགས་མིང་སོ་སོར་འབོད་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་གདུལ་བྱ་འདུལ་བའི་ཐབས་གཅིག་ལ་སྤྱིར་བོན་དང་ཆོས་ཞེས་བརྡ་ཐ་དད་པས་སྨྲོས་པ་ཙམ་དུ་ཟད་དེ། སའི་ཁམས་གཅིག་ལ་རྒྱ་གར་བས་བྷུ་མི། རྒྱ་ནག་པས་དིང་། བོད་ཀྱིས་ས་མིང་ཞེས་སོ་སོར་བརྗོད་པ་བཞིན་ནོ། །

  དེ་ལའང་འདི་སྙམ་དུ། བོན་ཆོས་གཉིས་མིང་གི་རྣམ་གྲངས་ཀྱིས་ཕྱེ་བ་ཡིན། བོན་ལ་ཆོས་དང་ཆོས་ལ་བོན་ཞེས་འཆོལ་བར་འབོད་རུང་བར་གསལ་ཡང་དེ་ལྟར་ཤེས་ལྡན་སུ་ཞིག་གིས་སྨྲ་ཞེ་ན། ཤེས་བྱའི་བོན་དང་ཤེས་བྱའི་ཆོས་ཞེས་པ་ལྟ་བུ་མཚོན་བྱེད་ཀྱི་བརྡ་སྤྱིའི་དབང་དུ་བྱས་ན་གང་གིས་མཚོན་ཀྱང་ཁྱད་མེད་པས་བོན་དང་ཆོས་ཀྱི་མིང་འཆོལ་ཡང་དོན་ལ་རུང་མོད་ཀྱི། སྔ་དར་བོན་དང་ཕྱི་དར་ཆོས་ཞེས་པ་ལྟ་བུ་མཚོན་བྱའི་དོན་བྱེ་བྲག་གིས་ཕྱེ་བའི་ཚེ། བྱང་ཤམྦྷ་ལའི་བསྟན་པ་ལ་གཡུང་དྲུང་གི་བོན་དང་། ལྷོ་མ་གྷ་དྷའི་བསྟན་པ་ལ་དམ་པའི་ཆོས་ཞེས་ལོ་ཙཱ་བ་རྣམས་ཀྱིས་རྗེས་སུ་བཏགས་པས། དེ་ལྟར་ན་བོན་ལ་ཆོས་དང་ཆོས་ལ་བོན་ཞེས་ཐོག་མའི་མིང་གི་བཤད་པ་མ་གྲགས་ཤིང་། མིང་ནི་མངོན་བརྗོད་ཀྱི་བག་ཆགས་སད་པའི་རྗེས་སུ་འགྲོ་བས། གལ་ཏེ་དེ་ལྟར་སྦྱར་ཡང་དེང་སང་ནི་འབྱུང་ཁུངས་འཆོལ་བས་ཀུན་ཏུ་ཐ་སྙད་པའི་ངོར་མི་རུང་བ་ཡིན་མོད། འོན་ཀྱང་དོན་གྱིས་འཇུག་པ་ནི་ཡོད་པས་འགལ་བ་མ་ཡིན་ཏེ། བོན་ཆོས་གཉིས་གནས་ཚུལ་གྱི་སྒོ་ནས་དོན་གཅིག་པར་བཤད་ཟིན་པའི་ཕྱིར། མེ་ཏོག་སྤང་སྐྱེས་ལ་ཆུ་སྐྱེས་ཀྱི་བཤད་པ་མེད་ཀྱང་དོན་དུ་ཆུ་སྐྱེས་ཀྱི་འཇུག་པ་མི་འགལ་ཞིང་འཐད་པ་བཞིན་ནོ། །ཚུལ་དེས་ན་བོན་དང་ཆོས་ཞེས་ཤེས་བྱའམ་རྗོད་བྱེད་ཀྱི་དབང་དུ་བྱས་ན་བརྡ་ཙམ་ལས་དོན་ལ་ཁྱད་མེད་ཅིང་། གཡུང་དྲུང་གི་བོན་དང་དམ་པའི་ཆོས་ཞེས་འཇུག་བྱའམ་བརྗོད་བྱའི་དབང་དུ་བྱས་ན་སྣང་ཚུལ་གྱི་རྣམ་པ་ཙམ་ལས་གནས་ཚུལ་གྱི་དོན་ལ་ཁྱད་པར་མེད་པས། རིགས་ཅན་སྣ་ཚོགས་ཀྱི་གདུལ་བྱ་རྣམས་གང་ལ་གང་འདུལ་གྱི་ཐབས་སུ་བྱུང་བའི་ཚུལ་ཙམ་གྱིས་ཕྱེས་པ་ཤེས་པར་བྱའོ། །དེ་ལ་སྨྲས་པ། ཤེས་བྱའི་བོན་ཆོས་མཚོན་བྱེད་བརྡ་ཡི་ཚུལ། །འཇུག་བྱའི་བོན་ཆོས་སྔ་ཕྱིའི་བསྟུན་པ་གཉིས། །གནས་ཚུལ་གཅིག་ལ་རྣམ་པ་ཐ་དད་པས། །གང་ལ་གང་འདུལ་སྙིགས་མའི་མུན་པ་སེལ། །ཞེས་བྱ་བ་ནི་བར་སྐབས་ཀྱི་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལྟར་ལེགས་པར་བརྟགས་ནས། སྤྱིར་བོན་ཆོས་གཉིས་དང་། བྱེ་བྲག་སྐུ་གསུམ་གྱི་བསྟན་པ་གསུམ་དང་། ཁྱད་པར་གངས་ཅན་གྱི་གྲུབ་མཐའ་ཐམས་ཅད་ནང་བའི་བསྟན་པ་སྐྱོན་མེད་ཡིན་པར་མཚུངས་པར་ངེས་པ་དང་། དེ་ལྟར་ངེས་ནས་ཀྱང་ཤེས་ནས་ཐོབ་པའི་དད་པ་ལ་བརྟེན་ནས་གྲུབ་མཐའ་ལ་ཕྱོགས་ཞེན་གྱིས་རིས་སུ་མི་གཅོད་ཅིང་། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པའི་ལས་ཐམས་ཅད་སྤོང་ཞིང་། དག་སྣང་ནོར་བུའི་འོད་ཀྱིས་རང་བཞིན་ཐམས་ཅད་སྣང་བར་བྱས་ནས་གནས་སྐབས་སུ་བསྟན་དང་མཇལ་བ་ལ་དོན་ཡོད་ཅིང་། མ་འོངས་པའི་སྐྱེ་བ་རྣམས་སུའང་རྒྱལ་བའི་བསྟན་པ་མཐའ་དག་གི་སྣོད་དུ་རུང་བར་བྱ་བའི་ཕྱིར་དུ་ལེགས་པར་འབྲེལ་འཇོག་ཅི་ནུས་སུ་བྱ་བར་རིགས་སོ་ཞེས་རྗེས་སུ་གདམས་ཏེ་ཆེད་དུ་སྨྲས་པའོ། །སླར་ཡང་སྨྲས་པ། གཡུང་དྲུང་བོན་དང་དམ་པའི་ཆོས་ཀྱི་ཚུལ། །འཇིག་རྟེན་མུན་པ་སེལ་བྱེད་ཉི་ཟླ་ཟུང་། །སྐྱེ་དགུའི་མཁའ་ལ་ཇི་སྲིད་གནས་ཀྱི་བར། །ཕན་དང་བདེ་བའི་ལམ་བཟང་ཅི་ཡང་གསལ། །སྟོན་པའི་ཐུགས་བསྐྱེད་གདུལ་བྱའི་བསོད་ནམས་ལས། །བོན་དང་ཆོས་ཞེས་གང་འདུལ་སྣང་བ་ལས། །འགལ་མེད་རྒྱུ་མཚན་ཤེས་པའི་དད་པ་ཡིས། །བསྟན་དང་མཇལ་བའི་རྟེན་འདི་དོན་ཡོད་མཛོད། །འདི་བྲིས་དགེ་བ་སྟོན་ཀའི་ཟླ་གཞོན་བཞིན། །དྲི་མེད་ཡིད་ཀྱི་མཁའ་ལ་ལེགས་ཤར་བས། །བློ་གསལ་དད་པའི་ཀུ་མུད་ཁ་ཕྱེས་ཏེ། ། ཕན་དང་བདེ་བའི་ཟིལ་དངར་རྒྱས་གྱུར་ཅིག །ཅེས་པ་འདི་ནི་རྒྱལ་བའི་བསྟན་པ་རིས་མེད་ལ་དད་པའི་སྣང་བ་རྒྱས་པ་ཁོད་སྤུངས་དབྲ་ཞིག་སྟོན་པ་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས། རང་གི་སློབ་མ་མང་པོས་འདི་ལྟར་དགོས་ཞེས་ཡང་ཡང་བསྐུལ་བའི་ངོར། སྤ་ཞབས་སེང་གེ་གནམ་རྫོང་གི་གནས་མདུན་ནགས་ཚལ་སྟུག་པོའི་ལྡིང་ཁང་དུ་དགེ་སྦྱོར་ལ་བརྩོན་པའི་ཐུན་མཚམས་སུ་བྲིས་པའོ། །


                                             རྩོམ་འདི་2012ལོའི་«ཞང་བོད་ཞིབ་འཇུག»སྤྱི་དེབ་དང་པོའི་སྟེང་བཀོད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1