༄༅།། གནས་མཆོག་བྲག་དཀར་བྱ་རྒོད་ཀྱི་དཀར་ཆག་ངོ་མཚར་ལུང་གི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།
བསྐལ་བཟང་སངས་རྒྱས་ཐུགས་བསྐྱེད་འོ་མའི་མཚོར། །བྱིན་རླབས་སྙིང་བཅུད་དྲིལ་བའི་ཟིལ་མངར་ཆབ། །
སྲིད་གསུམ་སྐྱེ་རྒུའི་དཔལ་དུ་འཇོ་མཛད་མཆོག །སྐུ་གསུམ་རྫོགས་སངས་རྒྱས་ལ་བདག་འདུད་དོ། །
སྲས་བཅས་རྒྱལ་བའི་མཛད་འཕྲིན་ཉིན་བྱེད་དབང་། །མཁྱེན་བརྩེ་འོད་ཀྱི་ཤིང་རྟས་ཉེར་དྲངས་ཤིང་། །
བསྟན་འགྲོའི་མཁའ་ལ་འཛུམ་རླབས་འབུམ་བཀྲ་བས། །རྗེས་འཇུག་པད་མོའི་དབུ་ཅོག་ལྡེམ་ལ་རེངས།།
ཞེས་མཆོད་བརྗོད་ཀྱི་མདུན་བསུས་ཏེ་གནས་མཆོག་བྲག་དཀར་བྱ་རྒོད་ཀྱི་དཀར་ཆག་ངོ་མཚར་ལུང་གི་སྙིང་པོ་ཞེས་གནས་བཤད་མདོར་བསྡུས་ཙམ་ཞིག་གཟིགས་བདེར་ཕྱིར་དུ་འདིར་སྨྲ་ན་སྤྲོ། དེ་ཡང་ཐོག་མ་གནས་རི་འདིའི་མཚན་དོན་ཐད་ཕྱི་ནང་གསང་བའི་མཚན་འགྱུར་གསུམ་གྱིས་བསྙད་ཡོད་པ་སྟེ། དཀར་ཆག་མན་ཤེལ་གོང་བུའི་འཁོར་ལོ་ཞེས་པ་ལས། ཕྱི་ནང་གསང་བ་གསུམ་གྱི་མཚན་འགྱུར་ནི། ཕྱི་ལྟར། བྲག་ནི་འབྱུང་བཅུད་དྲིལ་དབྱིབས་སྤུངས་འདྲའི་དབྱིབས། དཀར་ནི་དྲི་མེད་ཤང་ཀ་ཤི་ལའི་མདོག བྱ་ནི་སྨན་སྤོས་པདྨས་བག་དྲོ་བསྐྱེད། རྒོད་ནི་རི་རྐང་ཕལ་ལས་གཟི་བྱིན་ཆགས། ཞེས་དང་། ནང་ལྟར། བྲག་ནི་དཀོན་མཆོག་རྣམ་བཞིའི་དལ་ཞལ་རྫོགས། དཀར་ནི་ཐུགས་རྗེ་བཞི་ལྡན་བྲི་བཀོད་བྲལ། བྱ་ནི་ལས་བཞི་ལྷུན་གྲུབ་གང་འདུལ་སྟོན། རྒོད་ནི་བདུད་བཞི་ཚར་ཐག་གཅོད་ལ་དཔའ།ཞེས་དང་། གསང་བ་ལྟར། བྲག་ནི་འཕོ་འགྱུར་ཡོངས་བྲལ་དབྱིངས་ཀྱི་ངང་། དཀར་ནི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད། བྱ་ནི་འཁོར་འདས་སྤྱི་རྒྱ་རླབས་ཀྱིས་གཅོད། རྒོད་ནི་ཡེ་གྲོལ་ཀློང་དུ་འུབས་ཀྱིས་ཆུབ། ཅེས་ལུང་གིས་བསྔགས་པ་དེས་སོ། །
གཉིས་པ་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་བྱིན་རླབས་འཇུག་ཚུལ་ལ། རྣམ་མཁྱེན་རྒྱལ་བ་གཤེན་རབ་གཙོ་འཁོར་བོད་ཡུལ་དུ་ཕེབས་དུས་སུ། ཐེ་ཆུའི་སྟོད་ཀྱི་གནས་ཆེན་བྲག་དཀར་བྱ་རྒོད་སོགས་མཆོག་གསུམ་རྩ་གསུམ་དམ་ཅན་བཞུགས་པའི་གནས་དང་གཡུང་དྲུང་གི་བོན་རིན་པོ་ཆེ་སྒྲུབ་པའི་གནས་མཆོག་ཏུ་བྱིན་གྱིས་བརླབས་ཤིང་མི་འགྱུར་བཀའ་རྟགས་རྫུ་འཕྲུལ་གྱི་ཞབས་རྗེས་དང་འབྲུག་གསས་གནམ་གྲགས་ཀྱི་སྐུ་རྗེས་ཆེན་མོ་སོགས་བཞག་པ་ནི། དཀར་ཆག་མན་ཤེལ་གོང་བུ་ལས། མི་བསྲུན་གདུལ་དཀའ་མཐེ་ཆུའི་ཡུལ་གྲུ་འདི། ཟིལ་གྱིས་གནོན་ཞིང་འགྲོ་ཀུན་འདྲེན་པའི་དཔལ། བྲག་དཀར་ལྷུན་པོར་བྱ་རྒོད་ཀྱིས་མཚོན་པར། ཞེས་དང་། སྟོབས་བཅུའི་མངའ་བདག་དམུ་རྒྱལ་སྲས་པོ་མཆོག མངོན་བྱོན་ཐུགས་ཀྱི་བསྟན་པའི་གཉེར་དཔོན་ཆེ། དྲན་པའི་ཐུགས་སྤྲུལ་རི་བོ་ཁྱད་པར་འཕགས། ཞེས་དང་། རི་བོའི་ཐུགས་ཀར་བྲག་དཀར་རྒོད་ཀྱིས་མཚོན། དེ་རུ་སྟོན་པའི་ཞབས་ཀྱིས་བཅགས་རྗེས་ཡོད། ཅེས་དང་།ཨེ་མ་ལྷོ་གླིང་ཞིང་གི་ཁྱོན་འདི་རུ། འཆི་མེད་རིག་འཛིན་ཡབ་སྲས་ཡུམ་གསུམ་གྱི། བསྒྲུབ་པའི་གནས་མཆོག་ཉི་ཤུ་རྩ་བཞི་ཡོད། དེ་དག་ནང་ནས་བྲག་དཀར་བྱ་རྒོད་འདི། གཉན་ས་ལམ་དུ་འཁྱེར་བའི་གནས་སུ་བསྔགས། ཞེས་གསུངས་པ་དང་། གནས་མཆོག་དམུ་རིའི་དཀར་ཆག་ལས། འོད་ཟེར་སྨུག་པོ་དཔག་མེད་མདའ་ལྟར་འཕྲོས། ཐུགས་རྗེའི་འོད་ཟེར་དང་པོ་འཕྲོས་པ་དེ། མཐའ་འཁོབ་བདུད་ཀྱི་ལས་སྤྱོད་དར་བའི་ས། མཐེ་ཆུའི་སྟོད་དུ་ཕོག་ནས་སྨད་ལ་རལ། ས་ནི་ཁྱད་འཕགས་མཐེ་ཆུའི་རྫ་ར་ཡིན། བྲག་ནི་དབལ་སོ་གངས་ཀྱི་ར་བའི་ཚུལ། བསྟན་པ་བཞག་པའི་གནས་སུ་བྱིན་ཀྱིས་བརླབས། ཞེས་དང་། སྒོམ་པའི་རྒྱལ་པོ་གཡུ་འབྲུག་ལྡིང་བ་གཅིག མཐེ་ཆུའི་བྲག་དཀར་བྱ་རྒོད་མགོ་རུ་བབས། འབྲུག་ཉལ་བྱ་བར་འབྲུག་གི་སྐུ་རྗེས་བཞག སྐུ་གསུང་མཚོན་བྱའི་གཡུ་འབྲུག་ཁ་ཆུ་འཁྱིལ།གསང་བའི་གཏེར་ཁ་ཆ་གཅིག་དེ་རུ་བཞག དེ་ནས། འབྲུག་གསས་ལྡིང་ནས་དགོན་ར་བྲག་དེའི་ཕུག ཁྲོ་བོ་འབྲུག་གསས་ཆེམ་པའི་གནས་གཅིག་བཞེངས། གཏེར་ཁ་ཆ་གཅིག་གནས་མཆོག་དེ་རུ་བཞག དེ་ནས་གཡུ་འབྲུག་སྔོན་མོ་བྱང་དུ་ལྡིང་། འབྲེང་བ་བྲག་དཀར་བྱ་བའི་གནས་དེ་རུ། གཏེར་ཁ་ཆ་གཅིག་དེ་རུ་སྦས་ཏེ་བཞག ཡུལ་དེའི་བདུད་སྡེ་དབང་དུ་སྡུད་པར་དགོངས། ཕྱག་མཚན་གནམ་ལྕགས་མེ་ཡི་ཐོག་མདའ་གཅིག འཕངས་པས་ཆུ་ཚན་ཁོལ་མ་དེ་རུ་བྱུང་། རྐྱང་འབྲེང་ཚོང་རུའི་གནས་ཁང་མན་ཆད་ནས།ལོ་ཙའི་གནས་ཁང་ཡན་ཆད་བར་མཚམས་དེར།གནས་རིར་གཏེར་ཁ་གྲངས་མེད་བཞག་པ་ལས།ཞེས་དང་། གནས་མཆོག་བྲག་དཀར་བྱ་རྒོད་ཀྱི་ཡོན་ཏན་གསལ་བྱེད་སྒྲོན་མེ་འོད་འབར་ལས། མཁའ་སྤྱོད་གནས་མཆོག་བྲག་དཀར་བྱ་རྒོད་རི། བདེར་གཤེགས་ཡི་དམ་རིག་འཛིན་མཁའ་འགྲོའི་ཚོགས། རྟག་ཏུ་འབྲལ་མེད་འགྲོ་འོང་མེད་པར་གནས། སྔགས་སེམས་བསྒྲུབ་པའི་གནས་མཆོག་ཁྱད་པར་ཅན།ཟབ་མོ་བོན་གྱི་གཏེར་ཁ་གྲངས་མེད་བཞུགས།ཞེས་སྔར་གྱི་དཀར་ཆག་སོགས་སུ་རྒྱས་པར་བསྟན་ཡོད།
གསུམ་པ་ཕྱི་ནང་གི་གནས་རིའི་གྲུབ་ཚུལ་ལ། དཀར་ཆག་མན་ཤེལ་གོང་བུ་ལས། རྒྱལ་འཕགས་གོང་མས་བསྔགས་བརྗོད་སྡོམ་ཚིག་ནི། །རྒྱལ་བའི་ཐུགས་སྤྲུལ་བྲག་དཀར་བྱ་རྒོད་འདིར། །བསྐལ་སྟོང་སངས་རྒྱས་བླ་མ་ཡི་དམ་ལྷ། །རིག་འཛིན་མཁའ་འགྲོ་བསྟན་སྲུང་སྤྲིན་ལྟར་གཏིབས། །གནས་མཆོག་ཁྱད་འཕགས་ཅན་ལ་གསོལ་བ་འདེབས། །ཞེས་དང་། དབུ་རྩེར་སྤྲིན་དཀར་འཁྱིལ་བའི་གདུགས་འཁོར་ཞིང་། བསྐལ་སྟོང་སངས་རྒྱས་བླ་མ་ཡི་དམ་ལྷ། ཕྱི་ནང་གསང་བའི་ལྷ་ཚོགས་སྐར་ལྟར་བཀྲ། རྐེད་དུ་གྲུབ་ཐོབ་རིག་འཛིན་མཁའ་འགྲོ་དང་། དམ་ཅན་བོན་སྐྱོང་དཔལ་མགོན་སྤྲིན་ལྟར་གཏིབས། རྩ་བ་ལྷུན་མཐུག་ལྷ་ཀླུ་ཡུལ་སའི་ཚོགས། དཀར་ཕྱོགས་སྐྱོང་མཛད་མེ་ཏོག་བཀྲ་ལྟར་གནས། ཁྱད་པར་བླ་ཆེན་ཡབ་སྲས་ཡུམ་བཞི་ནི། དུས་དང་རྣམ་པ་ཀུན་ཏུ་མཁའ་དབྱིངས་སུ། བཞུགས་ཏེ་འགྲོ་ཀུན་སྐྱོང་ཞིང་འདྲེན་པར་མཛད། དུས་ཀྱི་མཐའ་ལ་བྱིན་རླབས་ལྷག་པར་ཆེ། ཞེས་དང་། ཡོན་ཏན་གསལ་བྱེད་ལས། རྒྱལ་བ་ཞི་ཁྲོ་མཁའ་ལ་སྐར་ལྟར་བཀྲ། སེམས་དཔའ་རིག་འཛིན་བར་སྣང་སྤྲིན་ལྟར་ཚོགས། མཁའ་འགྲོ་དམ་ཅན་ལས་བྱེད་གློག་ལྟར་འཁྱུག རོལ་མོ་བོན་སྒྲ་དུས་ཀྱི་འབྲུག་ལྟར་སྒྲོག ཐུགས་རྗེའི་བྱིན་རླབས་དངོས་གྲུབ་ཆར་ལྟར་འབེབས། ཞེས་དང་། གནས་མཆོག་བྲག་དཀར་བྱ་རྒོད་ཀྱི་བསྟོད་ཚིག་ལས། ཕྱི་ལྟར་བརྗིད་ཆགས་ལྷུན་སྟུག་རི་ཡི་རྒྱལ། ནང་ལྟར་ཕོ་བྲང་བཀོད་ལེགས་ལྷ་ཡི་གནས། གསང་བ་མཆོག་གསུམ་རྩ་གསུམ་དམ་ཅན་བཞུགས། ཞེས་པ་ནས། ཐབས་དང་ཐུགས་རྗེའི་མངའ་བདག་གཤེན་རྒྱལ་མཆོག གདུལ་དཀའི་མི་དང་མི་མིན་འདུལ་བའི་ཕྱིར། བྱ་རྒྱལ་ཁྱུང་རྒོད་རྣམ་པར་བྲག་རིའི་སྤོར། མངོན་བཞུགས་མཐོང་བ་དོན་ལྡན་གསོལ་བ་འདེབས། ཞེས་དང་། བསང་མཆོད་ངོ་མཚར་རྨད་འབྱུང་ལས། ཨེ་མ་འཛམ་གླིང་ས་ཡི་སྙིང་། ངོ་མཚར་གནས་མཆོག་དཔལ་གྱི་རི། མཁའ་སྤྱོད་ཞིང་གི་བཀོད་པ་རྫོགས། གསང་བའི་བསྒྲུབ་གནས་ཁྱད་པར་ཅན། འཐེབ་ཅུའི་བྲག་དཀར་བྱ་རྒོད་ལ། ཞེས་དང་། ཡང་དེ་ཉིད་ལས། དེ་ཡི་ཕྱི་རིམ་འཁོར་སྐྱོང་བ། ཤར་གྱི་ཨ་ཀ་བྲག་དཀར་བསང་། བྱང་གི་གཉན་རྒན་དར་བ་བསང་། ནུབ་ཀྱི་ལ་རྒོད་དཀར་པོ་བསང་། ལྷོ་ཡི་སོག་པོ་སྤུན་གསུམ་བསང་། བྱང་ནུབ་ལྡེའུ་སྤུན་གསུམ་བསང་། ལྷོ་ནུབ་མཚོ་མོ་ར་ཅན་བསང་། གནས་ཆེན་མཆོག་གི་མདུན་རྒྱབ་ཏུ། བདུད་རྩི་ཆུ་ཁོལ་རྣམ་གཉིས་ཀྱི། གནས་བདག་གཙོ་འཁོར་བཅས་པ་ལ། ཞེས་དང་། གནས་ཆེན་ཕྱི་ཡི་སྒོ་སྲུང་བ། ཤར་གྱི་ཕྱོགས་ཀྱི་ཧ་ལ་ཤན། བྱང་གི་ཕྱོགས་ན་ཁྲི་གཤོག་མཚོ། ནུབ་ཀྱི་རྨ་ཡུལ་ཤོད་ཆེན་གླིང་། ལྷོ་ཡི་དཀར་བ་དུང་རྩེ་སོགས། ཞེས་དང་། གཞན་ཡང་གནས་འདིའི་ཕྱི་ནང་ཕྱོགས་མཚམས་སུ། གསང་བའི་སྒྲུབ་གནས་མི་འགྱུར་བཀའ་རྟགས་ནི། གྲུབ་ཆེན་གོང་མའི་རྫུ་འཕྲུལ་ཕྱག་ཞབས་རྗེས། ཉི་ཟླ་ནོར་བུ་གཡུང་དྲུང་འཁྱིལ་བའི་རིགས། དཔག་གིས་མི་དཔོག་གྲངས་ལས་འདས་པ་ཡོད། ཆུ་བཅུད་བདུད་རྩི་ཡན་ལག་བརྒྱད་ལྡན་དང་། རྡོ་བཅུད་ཅུང་ཞི་ཅུ་གང་སི་དྷུ་ར། ས་བཅུད་ས་ཞག་འདམ་པའི་གཏེར་ཁ་ཡོད། སྙིགས་མའི་ཐ་མ་ལྔ་གཉིས་ཕྲག་བཅུའི་དུས། ཡོངས་ལ་ཕན་བདེ་བསྐྱེད་པའི་མཐུ་དབང་ཅན། ཞེས་དང་། ཡོན་ཏན་གསལ་བྱེད་ལས། སྐྱེད་མོས་ཚལ་རྒྱས་གཉན་ཤིང་ནོར་བུ་རྫོང་། བསྐལ་བཟང་ཟས་མཆོག་ས་གཏེར་འདོད་ཡོན་རྫོང་། རིན་ཆེན་ཁྲི་སྟེགས་མི་འགྱུར་གཡུང་དྲུང་རྫོང་། དངོས་གྲུབ་གཡེལ་མེད་གཏའ་ཆེན་གསང་སྒྲུབ་རྫོང་། ཞེས་དང་། སྲིད་རྒྱལ་བླ་མཚོ་གཏེར་མཛོད་ཕ་བོང་བྲེ། གཙོ་འཕགས་སྐུ་འབུམ་ཞིག་མོ་སྒོམ་ཁང་ཕུག སྐྱང་འཕགས་གཏེར་གནས་སྤྲུལ་སྐུའི་ཞབས་རྗེས་གསལ། བར་དོའི་འཇིགས་འཕྲང་ཐར་བའི་སྐས་ལམ་སོགས། ཞེས་སོགས་མང་དུ་གསུངས་པ་དང་། ཡང་དཀར་ཆག་མན་ཤེལ་གོང་བུ་ལས། རི་འདིའི་བྱང་ཕྱོགས་ལུང་སུལ་རིང་མོ་རུ། ཚ་དམྱལ་གྲང་དམྱལ་ཉི་ཚེ་ཉེ་འཁོར་དང་། གཤིན་རྗེ་ལས་མཁན་ལས་དཔོན་ལ་སོགས་པའི། གཟུགས་བརྙན་མ་འདྲེས་སོ་སོར་གསལ་ལ་དོད། དེ་ལ་མཇལ་ན་ན་རག་སྒོ་དགུ་ཆོད། ཅེས་དང་། མཐེ་ཆུའི་བྲག་གི་ཆུ་རྒྱུད་འཕྲང་གཡས་གཡོན། མངོན་སུམ་ཉིད་དུ་སྟག་གཡག་གཉིས་འགྱིང་ཞིང་། བསྙེན་སྒྲུབ་བྱེད་ལ་བར་ཆད་འགོག་པར་མཛད། །དེའི་ཟུར་བྲག་ལ་སྤྱང་འཕགས་གཏེར་ཆུ་ཞེས། །ཉོན་མོངས་དུག་ལྔའི་བག་སྒྲིབ་ཀུན་འཁྲུད་པའི། །སྨན་མཆོག་ཡེ་ཤེས་ལྔ་ལྡན་ཆུ་མིག་ཡོད། །ཅེས་སོགས་ཀྱིས་མཚོན་པའི་ཕྱི་ནང་གི་བཀོད་པ་ཕུན་སུམ་ཚོགས་པ་ལྟ་བས་ཆོག་མི་ཤེས་པ་ངོ་མཚར་འབུམ་གྱིས་ཕྱུག་པ་རྣམས་རེ་རེ་ནས་བརྗོད་ལས་འདས་པས་སོ། དེ་ཡང་ཕྱི་ནང་གསང་གསུམ་གྱི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པ་བཞུགས་པ་སོགས་གོང་གི་ལུང་ལས་གསལ་མོད། གནས་བདག་ཡུལ་ལྷའི་ངོ་བོ་ཡང་། བསྟོད་བསང་ཉུང་བསྡུས་འདོད་དོན་ཀུན་འགྲུབ་ནོར་བུའི་ཚོམ་ཕྲེང་ལས། ཀྱཻ་བོན་ཉིད་སྤྲོས་བྲལ་མ་བཅོས་ཞི་དབྱིངས་ལས། འགྲོ་ལ་རྗེས་ཆགས་བརྩེ་བའི་འཕྲིན་ལས་ཀྱིས། སྤོ་མཐོན་བྲག་དཀར་རྫོང་ལ་བྱིན་ཆགས་པའི། གངས་དཀར་མདོག་ཅན་ཞལ་གཅིག་ཕྱག་གཉིས་བཞུགས། ཐུགས་ཉིད་ལས་འཕོས་གཟི་བརྗིད་འབར་བའི་སྐུ། མ་རུང་འཇོམས་མཛད་ཁྲོས་པ་ཁྱུང་གི་གསས། མི་བཟད་དམར་ནག་ཞལ་གསུམ་ཕྱག་བཞི་བ། གཡས་དཀར་རྒོད་གསས་བཞེད་པའི་ཧ་སྒྲ་ཡིས། ས་བདག་ཞེ་སྡང་དགྲ་ཚོགས་ཞི་བ་བྱེད། གཡོན་དམར་ཁྲ་གསས་རྔམ་པའི་འཚེར་སྐད་ཀྱིས། གཉན་སྲིན་འདོད་ཆགས་ཁྲག་མཚོ་སྐེམ་པར་མཛོད། དབུས་ཞལ་ཁྱུང་གསས་ཁྲོས་པའི་རྔམ་སྐད་ཀྱིས། ཀླུ་བདུད་གཏི་མུག་འབྱུང་གདོན་འཇོམས་ཤིང་ཟ། གཡས་གཡོན་དང་གཉིས་གདུག་པ་སྦྲུལ་ཞགས་བལྡོག ཁམས་གསུམ་དབང་བསྡུད་སྡེ་བརྒྱད་ལས་ལ་འགྱེད། ཐ་མ་གཡས་པས་ཡེ་ཤེས་རལ་གྲི་ཡིས། མ་རིག་དུག་ལྔ་བདག་འཛིན་རྩ་བ་གཅོད། གཡོན་པས་ཐོད་ཞལ་སྐྱེམས་ཀྱིས་བཀང་བ་ཡིས། ཉམས་པར་དུག་འགྱེད་དམ་ལྡན་སྨན་གྱིས་གསོ། ཞབས་གཉིས་སྡེར་ཕྲེང་ལྕགས་ཀྱུ་ཁ་བརྒྱད་ཀྱིས། དམ་ཉམས་དགྲ་བགེགས་འགྱེལ་བའི་སྙིང་ནས་བཅངས། གཤོག་པ་མཇུག་སྒྲོ་ཕྱར་བའི་རླབས་ཆེན་གྱིས། མ་ནུས་ཉམ་ཐག་འགྲོ་རྣམས་སྐྱབས་པ་བྱེད། ཅེས་སོགས་གསུངས་སོ། །
བཞི་བ་གནས་སྒོ་དབྱེ་ཚུལ་ལ། སྔོན་ནས་རྒྱལ་དང་རྒྱལ་སྲས་རྣམས་ཀྱི་བྱིན་ཀྱིས་བརླབས་ཟིན་ན་ཡང་། བསྟན་པ་ཕྱི་དར་གྱི་སྐབས་སུ་གནས་སྒོ་འབྱེད་པ་པོ་ནི། རིག་འཛིན་སྐྱང་འཕགས་ཆེན་པོ་ཡིན་ཏེ། རྟོགས་བརྗོད་ལས། བཅུ་དགུ་ལོན་ནས་ཉི་ཤུ་རྩ་གཅིག་བར། གསང་བའི་གཏེར་ཁ་གང་འབྱེད་ཐོགས་པ་མེད། དགུང་ལོ་ཉི་ཤུ་རྩ་གཉིས་ལོན་པའི་དུས། བྱ་རྒོད་གསང་བ་གཏེར་གྱི་ཞལ་ཡང་ཕྱེས། ཞེས་དང་། འགྲོ་མགོན་གྲུབ་ཆེན་རིན་པོ་ཆེས་ཐོག་མར་དགུང་ལོ་ཉེར་གཉིས་དུས་སུ་གནས་ཆེན་བྲག་དཀར་བྱ་རྒོད་ཀྱི་ཆུ་གཏེར་རྫོང་གི་བདུད་རྩི་ཆུ་གཏེར་དྲངས་པ་སོགས། གནས་ཆེན་དེའི་དཀར་ཆག་ལས། དང་པོ་སྒོ་འཕར་འབྱེད་པའི་ལྡེ་མིག་པ། གྲུབ་ཐོབ་སྐྱང་འཕགས་ཆེན་པོས་གསུངས་པ་དང་། ཞེས་སོགས་གསལ་བར་ལྟར་རོ། །
ལྔ་བ་འགྲོ་དོན་གྲུབ་ཚུལ་ལ། དཀར་ཆག་མན་ཤེལ་གོང་བུའི་འཁོར་ལོ་ལས། དུས་ཀྱི་བསྐལ་བའི་ལོ་ཀའི་ཡུལ་གྲུ་འདིར། །སྲིད་གསུམ་འདྲེན་པ་ཡོངས་ཀྱི་སྤྱི་གཟུགས་དངོས། །ཁྱད་བོན་བསམ་འཕེལ་ནོར་བུ་མཆོག་འདི་ལྷག །ཐུགས་རྗེ་བྱིན་རླབས་བསམ་གྱིས་མི་ཁྱབ་སྟེ། །སྲིད་པ་མིང་གི་ལྷག་མར་སྦྱོར་རིགས་པའི། །མཐུ་སྟོབས་བསྐལ་པའི་མེ་ལས་ཁྱད་དུ་འཕགས། །དེ་ཕྱིར་རང་རེའི་མོས་ངོར་འོས་བབ་སྟེ། །འཕྲལ་གྱི་རྐྱེན་གཉིས་ཉིས་སྒྲིབ་འཇིལ་འབྱང་དང་། །མཐར་ཐུག་སྐུ་གཉིས་གཉིས་མེད་ཟུང་འཇུག་སྐུ། །ཚེགས་མེད་མྱུར་འགྲུབ་ངེས་པར་གོར་མ་ཆག །ཅེས་དང་། ཡོན་ཏན་གསལ་བྱེད་ལས། ཁྱད་པར་འཆི་མེད་རིག་འཛིན་ཡབ་སྲས་གསུམ། མི་འབྲལ་རྒྱུན་བཞུགས་ལྔ་བརྒྱའི་འགྲོ་བ་སྐྱོང་། དུས་བཟང་མཆོད་ལ་ཕྱག་སྐོར་བརྒྱ་འགྱུར་འཕེལ། ཞེས་དང་། དེ་ལྟར་ངོ་མཚར་གནས་མཆོག་དཔལ་རི་འདི། ཕྱི་སྐོར་རེ་ལ་སྙིང་པོ་དུང་ཕྱུར་གསུམ། ནང་སྐོར་རེ་ལ་སྟོང་མཚན་བརྒྱ་ཚར་མཉམ། ཁྱད་པར་རྟ་ལུག་བྱ་སྤྲེལ་ལོ་ཟླ་ལ། དེ་ཡི་སུམ་འགྱུར་ཡོན་ཏན་འཕེལ་བ་ཡིན། ཞེས་གསུངས་པ་ལྟར་བཀའ་རྟགས་ཡིག་འབྲུ་གཡུང་དྲུང་ཕྱག་ཞབས་རྗེས་སོགས་མངོན་སུམ་དུ་གྲུབ་པས་ངོ་མཚར་བའི་ལྟས་མོ་ཟད་མི་ཤེས་པ་འདིས། དགེ་སྦྱོར་བ་སོགས་ཀྱི་ཡིད་བརྟན་མི་འཕྲོག་པའི་རང་དབང་ཅི་ལ་ཡོད།
དྲུག་པ་ས་གནས་ནི། གནས་མཆོག་འདིའི་གཙོ་རི་ད་ལྟ་མཛོད་དགེ་རྫོང་གཟའ་རུ་ཡུལ་ཚོ་བུམ་པ་ཤོག་གའི་ས་ཁུངས་སུ་ཡོད་ཚུལ་བཅས་དཀར་ཆག་མདོར་བསྡུ་བ་པོ་ལྷ་བཟོ་གཡུང་དྲུང་བསྟན་འཛིན་ནས་སྤྱི་ལོའི་ཟླ་ཚེས་ཉིན་འཁྱུགས་སུ་བགྱིས་པའོ། ༢༠༡༤ ༦ ༢༠