སྤྱི་ཟླ་11པའི་ཚེས་2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏི་དང་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱིས་དབུ་ཁྲིད་ཀྱིས་ཀྲུང་ཧྥ་གཉིས་ཀྱི་འཕེལ་རྒྱས་འབྲེལ་བར་ཚད་མཐོ་བའི་གདེང་འཇོག་གནང་བར་མ་ཟད། མུ་མཐུད་དུ་མཉམ་འབྲེལ་བྱས་ཏེ་རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་གྱི་རྣམ་པ་གསར་པ་བསྐྲུན་པར་མོས་མཐུན་བྱུང་།
ཞི་ཅིན་ཕིང་གིས་དབུ་ཁྲིད་ཀྱི་གཏིང་ཟབ་པའི་འབྲེལ་འདྲེས་ནི་ཀྲུང་ཧྥའི་འབྲེལ་བའི་སྲོལ་བཟང་ཡིན། ང་ཚོས་ཐུན་མོང་གི་ཐུགས་ཁུར་འོག་ཀྲུང་ཧྥ་འབྲེལ་བ་ཉིན་བཞིན་ཡར་རྒྱས་སུ་འགྲོ་བཞིན་འདུག ཁྱབ་ཁོངས་སོ་སོའི་དངོས་དོན་འབྲེལ་བ་དང་མི་ཆོས་བརྗེ་རེས་ལ་གྲུབ་འབྲས་ཆེན་པོ་ཐོབ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ་གཏན་འཇགས་དང་གཏིང་ཟབ། ནང་དོན་སྣ་མང་ཅན་གྱི་རྒྱལ་ཁབ་འབྲེལ་བར་གྲུབ་པ་རེད། ང་ཚོས་མཉམ་དུ་འབད་པ་བྱས་ཏེ་ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ནི་འཛམ་གླིང་སྒྲིག་གཞིའི་ཁྲོད་ཀྱི་གལ་ཆེ་བའི་སྟོབས་ཤུགས་གཉིས་ཡིན། ང་ཚོས་ཧྥ་རན་སི་འདུས་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོ་དང་ལྷན་དུ་བརྩི་འཇོག་དང་དྲང་བདེན། མཉམ་འབྲེལ་མཉམ་རྒྱལ་གྱི་རྩ་དོན་ལྟར་ཀྲུང་གོ་དང་ཡོ་རོབ་གླིང་གི་མཛའ་འབྲེལ་ཆེན་པོ་བཞི་མུ་མཐུད་དུ་འཕེལ་རྒྱས་སུ་གཏང་བར་སྐུལ་འདེད་གཏང་དགོས་པར་མ་ཟད། ལྷག་པར་དུ་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་ཡོ་རོབ་གླིང་གི་དངུལ་འཇོག་འཆར་འགོད་ཀྱི་འགྲིག་མཐུད་སོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏང་དགོས། ཧྥ་རན་སིའི་ཕྱོགས་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བར་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་ཀྲུང་ཧྥའི་འབྲེལ་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།
ཨོ་ལང་ཏི་ཡིས་ང་ཐེངས་འདིར་ཀྲུང་གོར་འཚམས་འདྲིར་ཡོང་བ་འདི་ཧྥ་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏང་བའི་ཆེད་དུ་ཡིན། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འབྲེལ་བས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་རྟོགས་ཐུབ། དེང་སྐབས། ཧྥ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་དང་བརྗེ་རེས་རྒྱུན་འཁྱོངས་བྱས་ཏེ་བཟོ་ཚོང་དང་དངུལ་འཇོག ནུས་ཁུངས། ཡུལ་སྐོར། མི་ཆོས་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བཞིན་འདུག ཀྲུང་ཧྥ་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་སྙན་ཚོགས་ཀྱི་རྒྱུན་འཛིན་རྒྱལ་ཁབ་གཉིས་ཡིན་པའི་ཆ་ནས་རྒྱལ་སྤྱིའི་ལས་དོན་མང་པོའི་ཁྲོད་དུ་ཐུན་མོང་གི་ལྟ་ཚུལ་དང་ཁེ་ཕན་ཡོད་པ་རེད། ཧྥ་རན་སིའི་ཕྱོགས་ནས་ཀྲུང་གོ་དང་མཉམ་འབྲེལ་བྱས་ཏེ་པཱ་ལིན་གནམ་གཤིས་འགྱུར་ལྡོག་ཚོགས་འདུའི་སྟེང་བླངས་པའི་གྲུབ་འབྲས་ལ་སྐུལ་འདེད་གཏང་ངེས། དེ་མིན་ཀྲུང་གོས་སང་ལོར་རྒྱལ་ཁབ་བཅུ་གཉིས་ཀྱི་ཚོགས་པའི་མཐོ་རིམ་གྲོས་ཚོགས་བསྒྲུབ་པ་དང་རྒྱལ་སྤྱིའི་དངུལ་རྩའི་སྡེ་ཁག་གི་བཅོས་བསྒྱུར་ལ་རྒྱབ་སྐྱོར་བྱ་ངེས་ཞེས་བསྟན།།
གྲོས་མོལ་མཇུག་རྫོགས་རྗེས་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ཀྱི་མཉམ་དུ་《ཀྲུང་གོ་དང་ཧྥ་རན་སིའི་གནམ་གཤིས་འགྱུར་ལྡོག་གི་མཉམ་འབྲེལ་གསལ་བསྒྲགས།》ཞེས་པ་སྤེལ་ཞིང་བཟོ་ཚོང་དང་དངུལ་རྩ། ནུས་ཁོངས། ཁོར་སྲུང་། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ཡིག་ཆར་མིང་རྟགས་བཀོད།
ཞི་ཅིན་ཕིང་དང་ཨོ་ལང་ཏི་རྣམ་གཉིས་ཀྱིས་གསར་འགོད་པར་མཇལ་འཕྲད་གནང་པར་མ་ཟད་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དང་ནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།
གྲོས་མོལ་འགོ་མ་ཚུགས་པའི་སྔོན་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་བའི་མཛད་སྒོ་སྤེལ།།