༄༅།། མུ་ཏིག་གི་གསང་བ།

ལྟག་ཨོ་རྒྱན་ཆོས་འཕེལ། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-12


ལྷ་ལྡན་གཙུག་ལག་ཁག་གི་ཇོ་བོའི་སྐུ་བརྙན་གྱི་མུ་ཏིག་ཕྲ་ཚོམ།

  རིན་ཆེན་མུ་ཏིག་འདི་མི་ཡི་རིགས་ཀྱི་དགའ་མགུ་དང་ངོས་འཛིན་ཐུབ་པའི་ལོ་རབས་ཧ་ཅང་སྔ། ཕལ་ཆེར་ལོ་ངོ་ལྔ་སྟོང་གི་གོང་དུ་ཡིན་ཞེས་སྨྲས་ཐུབ། འདི་ནུབ་ཕྱོགས་པའི་ལྷ་སྒྲུང་དུ་འཁོད་པར་ལྟར་ན། རིན་ཆེན་མུ་ཏིག་འདི་ལྷ་མི་འིལ་ནཱ་སིའི་མིག་ཆུ་ཡིན་ཞེས་སྐྲ་སེར་མང་པོས་ཆོས་ཕྱོགས་ཀྱི་དད་པ་བསྐུལ་བཞིན་དགའ་ཞེན་ཚད་མེད་བཅངས། དེ་ཡང་ཏ་ཟིག་དང་རྒྱ་གར་གྱི་རིག་བྱེད་དུ་བཀོད་ལུགས་བཤེར་ན་མུ་ཏིག་སྦུག་སྐྱེས་འདི་རྒྱ་མཚོ་ཆེན་མོའི་སྲས་ཡིན་པར་སྨྲ། རྒྱ་ནག་པས་ཐོག་མོའི་རྗེ་བོ་ཧྲོན་ཞེས་པ་དེ་སྲིན་པོའི་ཡུལ་དུ་བདུད་བཅོམ་པར་ཕེབས་སྐབས། རིང་ཉིད་བདུད་དང་ལྷན་དུ་གྲོངས་པས་མི་མང་ནས་རྗེ་བོ་དེ་ཡི་སྐུ་དྲིན་གསབ་ཆེད་མི་བོ་དེ་ལ་རིན་ཆེན་མུ་ཏིག་སྤུངས་པའི་བང་སོ་བརྩིགས་པར་བཤད། གངས་ཅན་པའི་ཆུའི་འབྲས་བུ་འདི་ལྷ་ཀླུ་གཉན་གསུམ་གྱི་རྣམ་གཞག་བཀོད་པའི་ཁྲོད་ཀླུ་ཡི་གནང་བ་ཡིན་པར་ཁས་ལེན་བྱ་ཡིས། ཀླུ་རྣམས་རྫུ་འཕྲུལ་ལས་སྐྱེས་ཞེས་སྦུག་སྐྱེས་འདི་ཡང་ཉ་ཕྱིས་ཀྱི་ཁོག་ཏུ་རྫུ་འཕྲུལ་ལྟར་འཁྲུངས་པས། ཤིན་ཏུ་ངོ་མཚར་བའི་གཡང་ནོར་དུ་འཇོག་ཡོད། མུ་ཏིག་འདི་ཉིད་རིན་པོ་ཆེ་ཡི་རིགས་ཚང་མ་དང་མ་འདྲ་པ་ཞིག་ཡིན། རིན་ཆེན་གཞན་གང་པོ་དེ་གཏེར་རྡོ་ལས་བྱུང་། ཡིན་ནའང་། མི་ཏིག་འདི་ཆུ་གནས་སྲོག་ཆགས་ཉ་ཕྱིས་ཀྱི་ཁོག་ཏུ་སྐྱེས་པས། ཆེས་དམིགས་བསལ་གྱི་རིན་པོ་ཆེ་དེ་ཡིན།

1 མུ་ཏིག་གི་མུ་ཁྱུད།

  སྟོན་པ་གཤེན་རབ་མི་བོ་ཆེ་དེ་ཡིས། གཡུང་དྲུང་བཀོད་པའི་གླིང་དུ། དཀྱིལ་འཁོར་བཀྲ་གསལ་འོལ་མོ་བདེར་གཤེགས་ཕོ་བྲང་གི་བཀོད་པ་མཛད་པའི་སྐབས་སུ། མུ་ཏིག་དྲ་བ་དྲ་ཕྱེད་རིིན་ཆེན་འཕྲེང་ཞེས་མུ་ཏིག་གྲོལ་བ་ཅན་ཕོ་བྲང་དེ་ཡི་རྒྱན་དུ་བཀོལ་སྟངས་བལྟས་ན། ཧི་མ་ལ་ཡའི་རིག་གཞུང་དུ་མུ་ཏིག་སླེབས་པའི་གཏམ་དེ་ཆེས་སྔ་བར་བསམ། འདི་ནས་དཔོག་གྱུར་ན་གངས་ཅན་ཁ་བ་རི་པའི་ཡུལ་དུ་མུ་ཏིག་གི་འོད་མདངས་འཕྲོ་ནས་ལོ་ངོ་བཞི་སྟོང་ཡས་མས་མཚམས་སུ་འཇོག་ཐུབ། ཁྱད་པར་དུ་ཞང་ཞུང་གི་ཡུལ་ལུང་ཁག་ཏུ་རིན་ཆེན་མུ་ཏིག་ལ་དམིགས་བསལ་གྱི་དགའ་ཞེན་དང་དོ་སྣང་མཛད་ལུགས་སུ། དུས་ད་བར་དུ་མངའ་རིས་ཀྱི་རྒྱན་ཆ་རུ་མུ་ཏིག་གི་ཐོབ་ཐང་ཆེ་ཙམ་འཛིན་ཡོད། དུས་རབས་བཅུ་པ་ནས་འཛམ་གླིང་གེ་སར་རྒྱལ་པོས་བདུད་བཞི་འདུལ་ལ་རྫོང་ཆེ་ཆུང་དུ་མ་ཕབ་པའི་སྒྲུང་དུ་ཞང་ཞུང་མུ་ཏིག་གི་རྫོང་འདི་རྫོང་ཆེན་གྱི་གྲལ། འདི་ནས་ཀྱང་སྔ་རབས་གདོང་དམར་པས་མུ་ཏིག་དག་ལ་བརྩི་བཀུར་དང་ཡིད་སྨོན་བཅངས་པས་མུ་ཏིག་འདི་འོག་ཀླུ་ཡུལ་གྱི་གཡང་ནོར་ཞིག་ཏུ་ངོས་འཛིན་བྱས་ཡོད་དོ། །བོད་བཙན་པོའི་སྐབས་སུ་ཡིག་མཁན་དག་ནས་མུ་ཏིག་བསྟར་ལ་བརྒྱུས་པ་ཞེས་པའི་ཡིག་གཟུགས་མཛད། ཡིག་གཟུགས་འདི་ཉིད་དེ་རྡོ་རིང་དག་གི་ངོས་སུ་མུ་ཏིག་གི་མཆོད་པ་འབུལ་བཞིན་པ་སོགས་ཀྱི་གནས་ལུགས་གསལ་པོར་མཁྱེན་ནུས། བཙན་པོའི་སྐབས་སུ་བོད་པས་མུ་ཏིག་ལ་དོ་སྣང་ཆེ་འཛིན་དང་དགའ་ཞེན་དྲག་པོ་ཡོད་པ་ཤུགས་སུ་རྟོགས།

2 མུ་ཏིག་གི་རིགས། 

  སྤྱིར་མུ་ཏིག་ལ་དབྱེ་ན་རིགས་གཉིས། ཚྭ་ཆུའི་མུ་ཏིག་དང་རྒྱུག་ཆུ་ཡི་མུ་ཏིག འདི་རྒྱ་མཚོ་ལྟ་བུའི་ཚྭ་ཆུ་ནས་བྱུང་བའི་མུ་ཏིག་དེ་མུ་ཏིག་གཙང་མ་ཞེས། གཟུགས་དབྱིབས་དག་ལ་མིག་མེད་འོད་མདངས་ཅན། ནང་ཆ་དང་བཅས་པ་ཞིག་ཡིན། རྒྱུག་ཆུའི་མུ་ཏིག་དེ་གཟུགས་དབྱིབས་མིག་གམ་རི་མོ་བརྩེགས་ཅན་དང་། ངོས་གཙང་བ་དང་། ཁོག་སྟོང་པ་བཅས། གངས་ཅན་པས་རིགས་འདི་གཉིས་ལ་མུ་ཏིག་ཕོ་མོ་གཉིས་ཞེས། མིག་མེད་པ་ཚྭ་ཆུའི་མུ་ཏིག་དེ་ཕོ། ཤུན་པ་མང་ཞིང་ཁོག་སྟོང་དེ་ནི་མོའོ།།

  སྔ་རབས་བོད་དུ་མུ་ཏིག་གི་རིགས་དབྱེ་སྟངས་དེ། ཕལ་ཆེར་མུ་ཏིག་གི་མདོག་དང་བསྟུན་དེ་བྱས་འདུག མུ་ཏིག་ལ་རིགས་དྲུག མུ་ཏིག་དམར་པོ། གླང་པོའི་མུ་ཏིག བ་ལུ་མུ་ཏིག རམ་པ་མུ་ཏིག སརྦ་མུ་ཏིག ཤི་སམ་ཀ་མུ་ཏིག་བཅས། མདོག་དམར་པོ་ཅན་དང་སྔོན་པོ། དཀར་པོ་དང་། ཐལ་མདོག་དང་། སྨུག་པོ་སོགས་སོ། །

 

མུ་ཏིག་ལས་གྲུབ་པའི་ཐང་ག

3 མུ་ཏིག་གི་ཁ་དོག

  མུ་ཏིག་འདི་འབྱུང་ཁུངས་མ་གཅིག་པས་དེ་ཡི་ཁ་དོག་ལ་ཁྱད་པར་མངའ། མུ་ཏིག་གི་ཁ་དོག་ལ་དབྱེ་ན། དཀར་པོ་དང་། དམར་པོ། སྔོན་པོ། ནག་པོ། སྨུག་པོ། ཐལ་མདོག ལྗང་གུ་བཅས། འདི་དག་ལས་མཐོང་མང་བ་དེ་ཁ་དོག་དཀར་པོ་ཡིན་ཡང་ཆེས་ལེགས་ཤོས་དེ་ཁ་དོག་དམར་པོ་དང་ནག་པོ་གཉིས་ཡིན། མཆོག་ཏུ་གྱུར་པའི་མུ་ཏིག་དེ་མདོག་ནག་པོ། གཟུགས་དབྱིབས་རིལ་མ་བྱ་སྒོང་ཙམ། སྲིད་ན་དཀོན་པའི་མུ་ཏིག་དེ་མདོག་དམར་སེར། དབྱིབས་གཟུགས་རིལ་མ་ལུག་མགོ་ཙམ། བོད་ཡུལ་དུ་ནང་ཆོས་དར་བ་ནས་བཟུང་གཏམ་རྒྱུད་དང་མཉམ་དུ་མུ་ཏིག་དམར་པོ་དེ་ལ་དགའ་ཞེན་ཆེན་པོར་གནང་། མུ་ཏིག་དམར་པོ་དེ་བྱང་ཆུབ་སེམས་དཔའི་སྤྲུལ་པ་རུ་ངོས་འཛིན་བགྱིད་དེ་སྲིད་ན་དཀོན་པའི་ཁྲི་ལ་བཀོད། དེ་ཡང་ཀློང་བརྡོལ་བླ་མའི་རིན་ཆེན་བརྟག་ཐབས་སོགས་སུ་གསུངས་ཡོད། 

4 མུ་ཏིག་གི་གཟུགས་དབྱིབས་དང་ཆེ་ཆུང་། 

  སྦུག་སྐྱེས་འདི་འབྱུང་བ་ནས་རྐྱེན་པས་དབྱིབས་གཟུགས་དེ་རིལ་རིལ་ཅན། ལེབ་མ་ཅན། ཅུང་ནར་ནར་ཅན། ཀྱག་ཀྱོག་ཅན། འཁོར་ལོ་ཅན་སོགས་གང་མང་ལྡན། ཆེ་ཆུང་དེ་ཡང་ཡུངས་འབྲུ་ཙམ་ནས་སྲན་མ་ཙམ། ར་ཡི་རིལ་མ་ཙམ། བྱིའུ་ཡི་སྒོ་ང་ཙམ། བྱ་སྒོང་ཙམ། ལུག་གི་མགོ་ཙམ། རྟ་ཡི་མགོ་ཙམ་སོགས་ཆེ་ཆུང་ཅི་རིགས་མངའ། 

5 མུ་ཏིག་གི་བྱུང་བ། 

  རིན་ཆེན་མུ་ཏིག་འདི་གཙོ་བོ་རྒྱ་མཚོ་ཆེན་མོ་དང་རྒྱུག་ཆུའི་ཉ་ཕྱིས་ཁོག་ལས་འཁྲུངས་ཤིང་། ཡིན་ན། མུ་ཏིག་ཁ་ཤས་དེ་སྦྲུལ་གྱི་ཀླད་པ་དང་། གླང་པོ་ཆེའི་སྤྱི་བོའམ་མཆེ་བ་ལས་འབྱུང་བ། ལྗོན་པ་ཡ་མཚན་ཅན་ལས་འབྱུང་བ་སྟེ། ཡང་ན། བྱ་ཡི་ཁོག་ཏུ་སྐྱེས་བཞིན་ཁ་ནས་སྐྱུགས་པ། འདི་ཡང་བོད་སྔ་རབས་ཀྱི་སྒྲུང་བློན་པོ་མུ་ཏིག་སྐྱུག་གི་གཏམ་རྒྱུད་ཞེས་པ་དེའང་འདི་མཚུངས་བསམ་གཞིག་དགོས་ན་སེམས། དུས་རབས་བཅུ་གཅིག་པ་ནས་བཅུ་གསུམ་བར་གྱི་བོད་ཀྱི་རི་མོ་དང་རྒྱལ་བའི་སྐུ་བརྙན་གྱི་རྒྱབ་ཡོལ་འགར་བྱ་མུ་ཏིག་སྐྱུག་དེ་བཀོད་པ་གསལ་པོར་མཐོང་གྱུར་པས། འདི་ལུགས་ནས་ངེད་གངས་ཅན་པ་དག་གིས་གནའ་སྔ་མོ་ཞིག་ནས་བྱ་ཞིག་གི་ཁོག་ནས་ལྷུང་བའི་མུ་ཏིག་ལ་དགའ་སྣང་ཡོད་པ་གསལ་པོར་མཁྱེན་ཐུབ། 

6 མུ་ཏིག་གི་ཕན་ནུས། 

  ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་སྨན་གཞུང་དུ། མུ་ཏིག་དུག་སེལ་ཀླད་པ་གསོ་ཞེས་གསུངས་པ་ལྟར། མུ་ཏིག་གི་ཀླད་སྐྱོན་གསོ་བ་དང་རྩ་དཀར་གྱི་ནད་སེལ། དུག་འཇོམས་པ་དང་མིག་འགྲིབ་སེལ། རྨ་གསོ་ཞེས་བོད་བརྒྱུད་གསོ་རིག་དུ་བཤད། དེར་བརྟེན། བོད་སྨན་དུ་མུ་ཏིག་ཉེར་ལྔ། ཉ་ཕྱིས་རིལ་བུ་སོགས། དེང་སང་ཡོངས་གྲགས་ཀྱི་བཤད་ལུགས་ལྟར་མུ་ཏིག་མགུལ་རྒྱན་བཀལ་ན་མགྲིན་པ་དང་དེའི་གཉན་ནད་འཁྱམ་པོ་ལ་ཕན་པ་སྨྲས། བུད་མེད་དག་ལ་དེ་བས་ཕན་ཤུགས་ཆེ། དེས་ན་འཛམ་གླིང་ས་ཕྱོགས་ཀུན་ཏུ་མུ་ཏིག་གི་སྐེ་རྒྱན་འདོགས་མཁན་ཆེས་མང་། གཞན་དུ་མུ་ཏིག་ནས་སྡེབ་སྦྱོར་གནང་བའི་སྨན་རྫས་ཀྱང་གང་མང་ཞིག་ཡོད་དོ། །

7 མུ་ཏིག་གི་ཐོན་ཁུངས།

  འཛམ་གླིང་ཡུལ་ལུང་ཁག་ཏུ་རྒྱ་མཚོས་ཁྱུད་པའི་གནས་མང་ནའང། རིན་ཆེན་མུ་ཏིག་གི་གཏེར་འདིའི་ཐོན་ཁུངས་གཙོ་བོ་ནི་རྒྱ་ནག་གི་ཤར་ལྷོ་གཉིས། ཤར་རྒྱུག་ཆུའི་མུ་ཏིག་དང་ལྷོ་རྒྱ་མཚོའི་མུ་ཏིག་གཉིས། གཞན་རྒྱ་གར་ལྷོ་དང་སྟག་གཟིག་སེང་ག་ལའི་གླིང་སོགས་ཡིན།

 

ལྷོ་ཁའི་ཁྲ་འབྲུག་དགོན་པའི་མུ་ཏིག་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་ཐང་ག

8 མུ་ཏིག་གི་རིན་ཐང་། 

  དུས་རབས་བདུན་པ་ཙམ་ནས་དུས་རབས་བཅུ་བདུན་བར་དུ། འཛམ་གླིང་ཡུལ་གྲུ་མ་ལུས་པ་རིན་པོ་ཆེའི་རྩེ་དང་ཐོག་མ་དེ་མུ་ཏིག་འདི་ཉིད་ཡིན། རྒྱ་དཀར་ནག་ཧོར་དང་སྟག་གཟིག་དང་། ནུབ་དབྱིན་ཇི་དང་སུ་པན་ནིའི་སུ་དང་། ཧྥ་རན་ཆི་དང་ཧོའོ་ལན་སོགས་ཀྱི་རྒྱལ་པོ་རྒྱལ་མོ་ཚང་མའི་ཅོད་པན་ལ་ངེས་པར་དུ་མུ་ཏིག་དཀར་དམར་ནག་གིས་རྒྱན་ཡོད། ཁྱད་པར་དུ་དབྱིན་ཇི་རྒྱལ་མོའི་ཅོད་པན་རྩེ་རུ་གཟི་བརྗིད་ཅན་གྱི་མུ་ཏིག་སྣ་ཚོགས་བཀོད་ཡོད། ཡིན་ནའང་། དུས་རབས་བཅུ་བདུན་གྱི་སྐེད་ཙམ་དུ་འཛམ་གླིང་ཡུལ་གྲུ་ཁག་གི་མུ་ཏིག་ཐོན་རྫས་ལེན་དྲགས་པའི་དབང་གིས་མུ་ཏིག་གི་གྲངས་ཀ་ཇེ་ཉུང་དུ་ཕྱིན། རིན་པར་མུ་ཏིག་རྙེད་ཟོན་མེད་པར་ཆགས་གྱུར་ཏེ་རྡོ་རྗེ་ཕ་ལམ་ནས་མུ་ཏིག་གི་གོ་ས་ཡོངས་སུ་འཕྲོག འདི་བརྒྱུད་ནས་མུ་ཏིག་གི་རིག་གནས་དང་དེ་ཡི་རིན་ཐང་མིའི་རིགས་ཀྱི་མཐོང་ཐོས་ཀྱི་ཡུལ་ལས་རྒྱང་རིང་དུ་ཤོར། དེང་སང་མུ་ཏིག་མང་ཤོས་དེ་ཆེད་དུ་གསོས་པའི་ཉ་ཕྱིས་ལས་འབྱུང་བས། རིན་ཐང་དང་ཕན་ནུས་ཀྱང་ཉམས་ཟིན།

9 མུ་ཏིག་དང་རྒྱན་ཆ།

  བོད་གངས་ཅན་པས་ཆེས་གནའ་ཞིག་ནས་མུ་ཏིག་ངོ་ཤེས་པ་དང་། དེའི་ཆེ་བ་དང་ཕན་ནུས་ལ་གོམས། དེ་ནས་ལོ་ངོ་སྟོང་ཕྲག་བརྒྱུད་དེ་ད་བར་དུ་བོད་པས་མུ་མཐུད་དུ་མུ་ཏིག་ལ་དགའ་ཚོར་དང་དོ་སྣང་བྱས། ལྷག་པར་དུ་སྨན་བུ་མོའི་རྒྱན་ཆ་ལ་མུ་ཏིག་གི་ཕྲེང་བ་དང་ཕྲ་བཀོད་པའི་ནོར་བུ་སོགས་ཅི་མང་འགོད། དམིགས་སུ་ལབ་གྱུར་ན་བོད་ཀྱི་ལྕམ་གྱི་མགོ་རྒྱན་སྤུ་ཕྲུག་ལྟ་བུ། གཙུག་གཡུའི་གཞི་གདན་ལ་མུ་ཏིག་སྐུད་པར་བརྒྱུས་ཏེ་སྒྲོག་འཚེམ་དང་དེའི་ཐོད་ཁེབས་ལ་མུ་ཏིག་ཆིག་ཁྲི་ལྔ་སྟོང་ཙམ་གྱིས་བསྐོར་བ། དེ་དང་མཐུན་པའི་རྣ་རྒྱན་དང་མགུལ་རྒྱན། གའུ། མུ་ཏིག་གི་ཕྲེང་བ་སོགས་ཅི་དགར་ཡོད།

10 མུ་ཏིག་གི་ཐང་ག

  མུ་ཏིག་བཟང་པོ་དེ་རིན་པོ་ཆེ་ཡི་འགོ་མ། དེ་ནས་བསྐྲུན་པའི་ཅི་འདོད་ནོར་གྱི་ཆ་བྱད་སོགས་འཇིག་རྟེན་འདིའི་བསོད་ནམས་ཉག་གཅིག ལྷོ་ཁ་ཁྲ་འབྲུག་དགོན་གྱི་རྟེན་གཞི་གཙོ་བོ་མུ་ཏིག་གི་ཐང་ག་འདི་ངེད་བོད་པ་སྤྱིའི་གཅེས་ནོར། མུ་ཏིག་གྲངས་ལས་འདས་པ་སྤུངས་བཞིན་འཚེམ་གྲུབ་གནང་བས། ནང་དོན་སྤྱན་རས་གཟིགས་སེམས་ཉིད་ངལ་གསོ། འདི་དང་བཅར་བས་མུ་ཏིག་གི་མཎྜལ་དང། མུ་ཏིག་གི་དཀྱིལ་འཁོར། མུ་ཏིག་གི་སྣམ་སྦྱར། མུ་ཏིག་གི་རྟེན་ཁེབས། མུ་ཏིག་གི་སྒམ་ཅོག མུ་ཏིག་གི་ལབ་ཤན་སོགས་བསིལ་ལྡན་ལྗོངས་ཀྱི་ཁྱད་ནོར་འཛམ་གླིང་གཡོན་བཞག་ཁོ་ནའོ།

  མཇུག་ཏུ་ཞང་ཞུང་མུ་ཏིག་རྫོང་གི་ཚིག་བཟང་གཡར་ནས་རེས་འདིའི་མུ་ཏིག་གི་གཏམ་བཤད་རྫོགས་གྱུར་ན། །

འུར་མོ་ལུང་ཆེན་གོང་མ་ན། །

བྲག་དམར་སེང་གེ་འགྱིང་རྫོང་འོག །

རིན་ཆེན་མུ་ཏིག་གཏེར་རྫས་ཡོད། །

དེ་ཚོ་སྐྱེས་བུ་དགོངས་པ་བཞེས། །


མུ་ཏིག་བྲག་སྒོ་ཕྱེ་བའི་རྟེན་འབྲེལ་དུ། །

རིན་ཆེན་ནོར་བུའི་རིགས་དེ་བསམ་མི་ཁྱབ། །

རིན་ཆེན་མུ་ཏིག་གང་བ་བཟང་པོ་དང་། །

མུ་ཏིག་གསེར་གྱི་འོད་ལྡན་བཀྲ་ཤིས་བདུན། །


མུ་ཏིག་ཆེ་བ་ལུག་གི་མགོ །

དེ་ལས་ཆེ་བ་རྟ་ཡི་མགོ །

མུ་ཏིག་ཆུང་བ་རིམ་མ་ཙམ། །

དེ་ལས་ཆུང་བ་སྲན་མ་ཙམ། །


མུ་ཏིག་དཀར་པོ་འོད་ལྡན་འདི། །

ལྷ་ཡི་དབང་པོ་ཚངས་པར་ཕུལ། །

མུ་ཏིག་དམར་པོ་བྱུ་རུའི་མདངས། །

གཉན་སྐུ་ལྷ་ལ་ཕུལ་བར་མཛད། །

མུ་ཏིག་སྔོན་མོ་ཆུ་ཤེལ་མདོག །

ཀླུ་རྒྱལ་གཙུག་ན་ཅན་ལ་ཕུལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1