སེར་ཤུལ་རྫོང་གསང་གི་མ་ཎི་རྡོ་མཁར།
སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁོངས་ཀྱི་རྩྭ་ཐང་ཆེན་མོ་ཞིག་ཏུ་་ཆེས་མཐོང་དཀོན་པའི་ངོ་མཚར་དང་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་སྟེ་སྟེང་དུ་ནང་ཆོས་དང་མ་ཎི། ལྷ་སྐུ་སོགས་བརྐོས་པའི་གསང་གི་མ་ཎི་རྡོ་མཁར་མཆིས།
གསང་གི་མ་ཎི་རྡོ་མཁར་ནི་གནས་འདིའི་མིང་ལ་གསང་དུ་འབོད་པས་གསང་གི་མ་ཎི་ཞེས་ཐོགས། མཁར་འདིའི་དབྱིབས་ནི་གྲུ་བཞི་ནར་མོ་ཞིག་ཡིན་ཞིང་། ཤར་ནུབ་རིང་ཚད་ལ་སྨི་37དང་། ལྷོ་བྱང་ཞེང་ཚད་ལ་སྨི་47། མཁར་གྱང་མཐོ་ཚད་ལ་སྨི་9ཡས་མས་བཅས་འདུག དེ་མིན་མཁར་གྱང་ཕྱོགས་བཞིའི་ཕྱི་གྱང་སྟེང་གའུ་མང་པོ་བཤམས་འདུག་ཅིང་། དེའི་ནང་དུ་ཡིད་དུ་འོང་བའི་ཚོན་ལྡན་རྡོ་བརྐོས་ལྷ་སྐུ་སྣ་ཚོགས་བཞུགས་སུ་གསོལ་ཡོད། རྒྱུས་ལོན་པ་ལྟར་ན། མ་ཎི་རྡོ་མཁར་ཕྱི་ངོས་མཁར་གྱང་སྟེང་མཆོད་གཤོམ་383བཤམས་ཡོད་ཅིང་། དེ་ལས་ཁ་གཏད་གྱང་ངོས་སུ་མཆོད་གཤོམ་204། ཤར་ངོས་གྱང་ལྡེབས་སུ་མཆོད་གཤོམ་62། རྒྱབ་ངོས་གྱང་ལྡེབས་སུ་མཆོད་གཤོམ་49བཅས་འདུག དེ་མིན་མཁར་ནང་དུའང་གའུ་གང་མང་ཡོད་ཅིང་ལྷ་སྐུ་རྡོ་བརྐོས་ཀྱི་རིགས་དང་བཟོ་རྩལ་ཐད་ནས་བརྗོད་ན་གསང་གི་མ་ཎི་རྡོ་མཁར་ནི་རྩྭ་ཐང་རྡོ་བརྐོས་སྒྱུ་རྩལ་བཤམས་སྟོན་གླིང་དུ་གྲགས་ཆོག་ཆོག་རེད།
མཁར་འདིའི་ཤར་ཕྱོགས་སུ་མ་ཎི་རྡོ་བརྐོས་ལས་བཞེངས་པའི་མཆོད་རྟེན་ཞིག་ཡོད་ཅིང་མཐོ་ཚད་ལ་སྨི་5ནས་སྨི་6ཡིན། མཁར་ནང་དུ་ཆེས་ངོ་མཚར་ཆེ་བ་ནི་ཆེ་ཆུང་མི་འདྲ་བའི་རྡོ་ཟླུམ༥རིམ་པ་ལྟར་བསྒྲིགས་པའི་དོང་མིག་ཅིག་ཡོད་པ་དེ་ཡིན། གོ་ཐོས་ལྟར་ན་དོང་མིག་འདི་ནི་མཁར་གྱི་དཀྱིལ་དབུས་སུ་ཡོད་ཅིང་མ་ཎི་རྡོ་མཁར་གྱི་སྙིང་ལྟ་བུ་ཡིན་ཟེར། རྡོ་ཟླུམ་5བསྒྲིགས་པའི་སྟེང་མ་ཎི་རྡོ་བརྐོས་ཤིག་བཀབ་འདུག་པ་དང་། དེ་ཁ་ཕྱེ་ཚེ་རྡོ་ཟླུམ་གྱི་དཀྱིལ་དབུས་སུ་གཏིང་མཐའ་མཐོང་དཀའ་ཞིང་སྐད་སྒྲ་སྣ་ཚོགས་ཏེ་དགོན་པའི་དུང་སྒྲ་དང་རྔ་སྒྲ མཐའ་ན་རྟའི་རྨིག་སྒྲ་སོགས་ཐོས་ཐུབ་པའི་དོང་མིག་ཅིག་ཡོད་པར་བཤད།
སེར་ཤུལ་རྫོང་གསང་གི་མ་ཎི་རྡོ་མཁར།
སེར་ཤུལ་རྫོང་གསང་གི་མ་ཎི་རྡོ་མཁར།
མ་ཎི་རྡོ་མཁར་འཛུགས་སྐྲུན་གྱི་ལོ་དུས་དང་བྱུང་བའི་ཐད་ནས་དཔྱད་ཡིག་གཉིས་ཏེ། གཅིག་ནི་མ་ཎི་རྡོ་མཁར་གྱི་གནས་དེར་བཤད་རྒྱུན་ཞིག་ཡོད་པ་ནི་སྔོན་གེ་སར་རྒྱལ་པོའི་དུས་སྐབས་སུ་དགྲ་ཕྱོགས་དང་གཡུལ་འཐབ་ཆེན་པོ་ཞིག་བྱས་ཏེ་དམག་མང་པོ་གཡུལ་ལས་བཀྲོངས་པས་ཤི་བོའི་རྣམ་ཤེས་འདྲེན་པར་གནས་འདིར་མ་ཎི་རྡོ་མཁར་བཞེངས་ཤིང་། རྗེས་སུ་ས་གནས་མི་དམངས་ཀྱིས་གེ་སར་རྒྱལ་པོའི་མཛད་རྗེས་བསམ་ནས་གནས་འདིར་མཇལ་སྐོར་བྱས་ཏེ་མ་ཎི་རྡོ་བརྐོས་མཐོ་ནས་མཐོ་རུ་ཆགས་མཐར་གཞི་ནས་ད་ལྟའི་མ་ཎི་རྡོ་མཁར་འདི་ཉིད་གྲུབ་པར་གྲགས།
གཉིས་པ་ནི་ལོ་འགའི་སྔོན་དུ་སེར་ཤུལ་རྫོང་རིག་དངོས་སྡེ་ཁག་གིས་གསང་གི་མ་ཎི་རྡོ་མཁར་གྱི་རྨང་འདིང་སར་གཏིང་ཚད་ལ་སྨི་1.5ཅན་གྱི་དོང་ཞིག་བརྐོས་ཏེ་ནང་གི་མ་ཎི་རྡོ་བརྐོས་སྟེང་གི་ནང་ཆོས་ནི་ལེགས་སྦྱར་གྱི་སྐད་དམ་སཾ་སྐྲྀ་ཏའི་སྐད་ཡིན་པར་བཤད་ཅིང་། གལ་སྲིད་དེ་ནི་བདེན་པར་སྣང་ན་དེའི་འཛུགས་སྐྲུན་གྱི་ལོ་དུས་གཏན་འཁེལ་བྱེད་པར་ཁོངས་སྣེ་གལ་ཆེན་ཞིག་ཡིན་པ་དང་། དེ་ཡང་ལེགས་སྦྱར་གྱི་སྐད་དེ་གཙོ་བོ་བསྟན་པ་སྔ་དར་ཏེ་བཙན་པོའི་རྒྱལ་རབས་སྐབས་སུ་དར་བ་ཡིན་ཞིང་། སྤྱི་ལོ་842ར་བཙན་པོ་འུ་དུམ་བཙན་པོས་བསྟན་པ་བསྣུབས་ཏེ་ནང་བསྟན་མདོ་ཁམས་སྨད་དུ་ཁྱབ། དེ་ནས་ལོ་100ལྷག་འགོར་ཏེ་དུས་རབས་བཅུ་བའི་རྗེས་སུ་བསྟན་པ་མདོ་ཁམས་སྨད་ནས་དབུས་གཙང་ཕྱོགས་སུ་དར་བ་དང་། སྐབས་དེར་སེར་ཤུལ་དང་སྡེ་དགེ དཔལ་ཡུལ་རྫོང་སོགས་ཀྱི་རྒྱལ་མོ་དངུལ་ཆུའི་འགྲམ་རྒྱུད་ནི་འདུལ་བ་སྨད་དར་གྱི་ས་ཁུལ་གལ་ཆེ་ཤོས་ཡིན་ཞིང་། བཀའ་རྒྱུད་དང་རྙིང་མ་གྲུབ་མཐའི་བླ་ཆེན་གང་མང་སྟེ་དུས་གསུམ་མཁྱེན་པ་དང་། རིན་ཆེན་དཔལ། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་རྣམས་ནི་གནས་འདིར་འཁྲུངས་པར་བརྟེན། ལོ་རྒྱུས་རྒྱབ་ལྗོངས་ཀྱི་ཐད་ནས་བརྗོད་ནའང་ལེགས་སྦྱར་གྱི་སྐད་དེ་སེར་ཤུལ་ས་ཁུལ་དུ་སྤྱོད་པའི་དུས་ཚོད་ཅུང་སྔ་ཞིང་བསྟན་པ་ཕྱི་དར་གྱི་དུས་མགོ་སྟེ་དུས་རབས་11ནས་དུས་རབས་22བར་ཡིན་སྲིད།
མ་ཎི་རྡོ་བརྐོས་ནི་བོད་ཁུལ་གྱི་ཁྱད་དུ་འཕགས་པའི་དམངས་ཁྲོད་རིག་གནས་ཤིག་ཡིན་ཞིང་དགོན་པའི་རིག་གནས་དང་འབྲེལ་བ་ངེས་ཅན་ཡོད་ནའང་གཙོ་བོ་དམངས་ཁྲོད་དད་མོ་ལ་བརྟེན་པ་དང་། བོད་ཁུལ་རོང་འབྲོག་མང་ཚོགས་ཀྱི་རང་དབང་དད་མོས་མཚོན་ཐབས་ཤིག་རེད། སྒོས་སུ་རྩྭ་ཐང་ཆེན་མོར་གནས་པའི་འབྲོག་ཁུལ་དུ་དགོན་པ་ཉུང་ཞིང་ལམ་ཐག་རིང་བའི་ཁར། མ་ཎི་རྡོ་བརྐོས་ནི་འབྲོག་དམངས་རྣམས་ཀྱིས་དད་མོས་བྱེད་པའི་ཡུལ་གཙོ་བོར་ངེས།
མ་ཎི་རྡོ་བརྐོས་ཀྱི་རིག་གནས་འདི་སེར་ཤུལ་རྫོང་དང་མཚོ་སྔོན་ཡུལ་ཤུལ། བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་བྱང་ཕྱོགས་དང་བོད་ལྗོངས་བྱང་ཐང་འབྲོག་ཁུལ་སོགས་སུ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་མ་ཟད་གཞི་རྒྱ་ཤིན་ཏུ་ཆེ་ཞིང་ལོ་རྒྱུས་བྱུང་བ་རིང་མོ་ལྡན་དེ་ལས་ཁ་ཤས་ནི་བོད་བཙན་པོའི་རྒྱལ་རབས་སྐབས་སུ་ཡིན་པར་གྲགས།