ལྕགས་རིགས་སྣ་ཚོགས་བསྲེས་ཏེ་བཟོས་པའི་དངོས་པོ་ལ་ཟེར་ཞིང་། ལི་ལ་ནང་གསེས་ཀྱིས་ཕྱེ་ན་རང་བྱུང་དང་བཅོས་མ་རིགས་གཉིས་ཡོད། བོད་ཀྱི་མཁས་པ་སྔ་མ་ཚོས་མཛད་པའི《རིན་ཆེན་བརྟག་པ》ཞེས་པའི་ནང་འཁོད་པ་ལྟར་ན། རང་བྱུང་གི་ལི་ནི་རྒྱ་ཁར་དང་། སིངྒ་ལ་དང་བལ་ཡུལ། ལི་ཡུལ་བཅས་ནས་ཐོན་གྱི་ཡོད་པ་དང་། བཅོས་མའི་ལི་ནི་ལྕགས་རིགས་ཀྱི་རིན་པོ་ཆེ་སྣ་དགུ་བསྲེས་ནས་བཟོས་པ་སྟེ། གསེར། དངུལ། ཟངས། ལྕགས། གཤའ་དཀར། ཏི་ཚ། ཟི་ལ། ཁྲོ། ཞ་ཉེ་བཅས་བསྲེས་ཡོད་ཅིང་། དེ་ལ་ཡང་ལྕགས་རིགས་སྣ་ཚོགས་ཆ་མཉམ་དུ་བསྲེས་པ་དང་འགའ་ཞིག་གཙོ་བོ་དང་། འགའ་ཞིག་ཡན་ལག་གི་ཚུལ་དུ་བྱས་ནས་བསྲེས་པ་བཅས་རིགས་མི་འདྲ་བ་ཡོད། གཞན་ཡང་ལི་ལ་མདོག་ལི་ཞེས་པ་ནི། མདོག་མི་འདྲ་བའི་དབང་དུ་བྱས་ནས་བཏགས་པ་སྟེ། ལི་དཀར། ལི་སྨྱུག ལི་དམར། ལི་ནག ལི་ཁྲ་བཅས་ལྔ་པོ་དེ་ནི་ལྕགས་རིགས་སྣ་དགུའི་ནང་ནས་གང་མང་བ་བསྲེས་ན་དེའི་མདོག་འབྱུང་བས་མིང་དེ་འདྲ་བཏགས་པ་ཡིན། སྐད་ལི་ཟེར་བ་ནི། སྐད་སྙན་ཞིང་འཁྲོལ་བའི་ལི་རིགས་ཤིག་སྟེ། དེ་ནི་ལྕགས་རིགས་སྣ་དགུ་བསྲེས་སྐབས་ཟི་ལ་མང་ཙམ་བསྲེས་པ་ལ་བརྟེན་ནས་བྱུང་། ལི་ལ་བཟོ་རྩལ་མི་འདྲ་བ་དབྱེ་ན། རྒྱ་ནག་ཧན་དང་སུས་ཀྱི་སྐབས་སུ་བཟོས་པའི་རྒྱ་ནག་ལི་རྙིང་དང་། མིང་རྒྱལ་རབས་ཀྱི་སྐབས་སུ་བཟོས་པའི་ཏཱ་མིང་ལི་མ། རྒྱ་གར་ཡུལ་དབུས་མ་གྷ་ངྷ་ནས་བྱུང་བའི་དབུས་ལི། རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་ཁག་ནས་བྱུང་བ་ཤར་ལི། རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་འགའ་ཞིག་ནས་བྱུང་བའི་ནུབ་ལི། བོད་ཀྱི་བཙན་པོ་རིམ་བྱོན་སྐབས་སུ་བྱུང་བའི་ཆོས་རྒྱལ་ལི་མ་རྙིང་མ། རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་གི་སྐབས་སུ་བྱུང་བའི་ཆོས་རྒྱལ་ལི་མ་གསར་མ། ཇོ་བོ་རྗེ་ཨ་ཏི་ཤཱ་ནས་དངོས་སློབ་རིམ་པའི་སྐབས་སུ་བྱུང་བའི་བཀའ་གདམས་ལི་མ། ཏཱ་ལའི་བླ་མ་སྐུ་འཕྲེང་ལྔ་པའི་འདོད་དཔལ་ལི་མ་བཅས་ཡོད། དེ་དག་གི་བཟོ་ཁྱད་དང་། དབྱེ་འབྱེད་བྱ་ཚུལ་བཅས་ཞིབ་པར་ཀརྨ་ཆག་མེད་ར་ན་ཨ་སྱ་དང་། ཀུན་མཁྱེན་འཇིགས་མེད་གླིང་པ་གཉིས་ཀྱིས་མཛད་པའི《རིན་པོ་ཆེ་བརྟག་ཐབས》ནང་གསལ་བས་དེར་གཟིགས་པར་ཞུ།།