༄༅།། མེས་པོ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-21
གཅིག
1
ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་ལོ་ངོ་བཞི་བཅུའི་རིང་ལ་མདོ་དབུས་མཐོ་སྒང་དུ་ཁྲག་དང་མིག་ཆུ་སྐམ་དུ་མ་བཅུག་པའི་མྰ་ཇག་ཚང་ཐལ་བའི་རྡུལ་དུ་བརླགས་རྗེས་རྩེ་གཞུང་རྩྭ་ཐང་དུ་ཐེངས་དང་པོར་དངོས་འདྲུད་རླངས་འཁོར་བསྐོར་ཡོང་དུས་ས་འདིའི་མི་རྣམས་རང་རང་གི་སྦྲ་སྒོ་ནས་ཡུན་རིང་བར་དུ་ཧ་ལས་འདུག སྐབས་ཤིག་བྱིས་པ་པྲ་ཚག་ཅིག་གིས་ཟོག་ལ་འདྲོག་སློང་བའི་ཚུལ་གྱིས་སློག་པ་མགོ་ལ་འཕྱར་ཞོར་མགྲིན་སྒྲ་ཞིག་བསྒྲགས་པ་ན་རླངས་འཁོར་ཁ་ལོ་བས་ཀྱང་ཧ་ཅང་མཛའ་བརྩེའི་ཚུལ་གྱིས་ཕྱིར་དུང་སྒྲ་ཞིག་བཏང་བ་དེས་མི་རྣམས་སྐྲག་ཐག་ཆོད་དེ་སྦྲ་སྒོ་འཕྲོག་རྩོད་བྱེད་བཞིན་ཁྱིམ་དུ་བྲོས་པ་དང་། ནོར་གནག་གིས་རྔ་མ་དྲུག་སྟེང་དུ་བཟུང་ནས་སྲོག་བསྡོས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་དུ་བྲོས་པ་དེས་ལོ་མང་པོའི་སྔོན་དུ་ཁོ་ཚོ་ཐོག་མར་ས་རྩེ་གཞུང་ལ་སླེབས་དུས་ཀྱི་སྣང་ཚུལ་དེ་དབང་མེད་དུ་དྲན་པར་བྱེད་སྲིད་དེ། དེ་དུས་ཁོ་ཚོ་འབྲོག་ཁྱིམ་བརྒྱ་ལྷག་གིས་ཆུ་ཕྲན་གྲངས་མེད་བཅད། ཡངས་པའི་དབེན་ཐང་བརྒྱུད། ལ་ལུང་མང་པོ་བརྒལ་ནས་ས་རྩེ་གཞུང་ལ་སླེབས་དུས་བོད་ཟླ་བཞི་བ་ཡིན་པ་དང་། སྔོ་རྩྭ་སོར་བཞི་ཙམ་སྐྱེས་ཡོད་ནའང་ལོ་སྔོན་མའི་རྩྭ་སྐྱའི་གསེབ་ནས་ད་རུང་ཕྱིར་བུད་མེད་པས་མུ་མཐའ་བྲལ་བའི་རྩེ་གཞུང་ཡོངས་རྫོགས་སྐྱ་ཐང་ངེར་འདུག རྩྭ་སྐྱའི་གསེབ་ན་གཞེས་ནིང་ངམ་ཡང་ན་ལོ་དུ་མའི་སྔོན་གྱི་རུལ་ནས་ནག་པོར་གྱུར་པའི་རྩྭ་རོའང་ཡོད་པས་འདི་རུ་མི་ཕྱུགས་གཅིག་ཀྱང་བསྡད་མ་མྱོང་བ་ཤེས་ཐུབ། དགོ་དང་ཁ་ཤྭ་སོགས་རི་དྭགས་སྣ་ཚོགས་སྐོར་ཁྱུ་སྐོར་ཁྱུ་བྱས་ནས་ཁ་ཤུ་འདེབས་བཞིན་ཕྱུགས་ཟོག་དང་ཁལ་མ་དེད་ནས་འགྲོ་བཞིན་པའི་མི་རྣམས་ལ་ཐག་མི་རིང་བའི་ས་ནས་མཛའ་བརྩེ་དང་ཡ་མཚར་བའི་མིག་མདངས་ཀྱིས་ལྟ་བ་དང་། འཕྱི་བ་རྣམས་རང་རང་གི་ཁུང་བུའི་སྒོ་ཁའི་ས་འབུར་སྟེང་ན་ལག་ཟུང་བྲང་ཁར་བཟུང་ཞིང་ཤིན་ཏུ་ཚོན་པོའི་ལུས་པོ་རྐང་པ་ཟུང་དང་ཨོང་ཤར་བརྟེན་ནས་ཡར་ལངས་ཏེ་ཧ་ལས་ནས་འདུག
སྒོ་ཁྱི་ཚོས་ཁལ་དེད་ཀྱི་རྗེས་ན་ཕན་ཚུན་རྩེད་མོ་བྱེད་པ་དང་། ལམ་ཁའི་ས་འབུར་ཡོད་ཚད་ཀྱི་མགོ་ལ་རྐང་ཡ་ཡར་བཀྱགས་ཏེ་གཅིན་ཐིགས་རེ་གཏོར་ནས་འགྲོ་བཞིན་འདུག འདི་ནི་ཁོ་ཚོས་གཟས་ནས་འཇི་རྟེན་ཁམས་ལ་བསམ་གནག་བྱེད་པ་ཡིན་ནམ་ཡང་ན་རང་གཤིས་ཁོ་ན་ཡིན་པ་མི་ཤེས་མོད། གང་ལྟར་ས་ངོས་ལས་མཐོ་བའི་དངོས་པོ་ཡོད་ཚད་ལ་དཀར་ཐིགས་རེ་འབུལ་སྲིད་ལ། དེས་ན་ལོ་མང་པོའི་རྗེས་ཀྱི་མིང་གྲགས་ལྡན་པའི་ཁྱི་གསོད་འགུལ་སྐྱོད་དེའང་ཁོ་ཚོའི་གོམས་སྲོལ་འདི་དང་འབྲེལ་བ་ཉག་ཙམ་མེད་པ་ཞིག་ག་ལ་ཡིན། དེ་དུས་རྩེ་གཞུང་སྡེ་བའི་འཕྲིན་ལས་ཁ་ཤོའི་སྐྲ་ལོ་དུང་ལྟར་དཀར་བ་དང་མགོ་བོ་ཌྰ་རུ་གཡུག་གཡུག་བྱེད་ཀྱིན་ཡོད་ནའང་དཔུང་རྟགས་དམར་པོ་ཞིག་བཏགས་ནས་ཟླ་གཅིག་ལ་ཧུར་བརྩོན་ལྷོད་མེད་བྱས་མཐར་ཁོ་རང་དང་འདྲ་བར་རྒས་འཁོགས་སུ་གྱུར་འདུག་པའི་ཁྱི་མོ་ཞིག་བསད་པས་གོང་རིམ་གྱིས་ཁྱི་གསོད་དཔའ་བོ་ཞེས་པའི་མཚན་སྙན་གནང་མྱོང་།
་ཁྱོད་ཚོ་བདེ་མོ་ཟེར་བ་ཡིན་ནམ་ཡང་ན་བྲེད་སྐད་ཤོར་བ་གང་ཡིན་མི་ཤེས་མོད། གང་ལྟར་འཕྱི་བ་ཞིག་གིས་གློ་བུར་དུ་ཅག་ཅག་ཅག……ཅེས་སྐད་སྒྲ་ཞིག་སྒྲོག་པ་ན་འཕྱི་བ་གཞན་པ་ཡོད་ཚད་ཀྱིས་ཀྱང་ཅག་ཅག་ཅག…………་ཅེས་བསྒྲགས། རྩེ་གཞུང་ཡོངས་རྫོགས་ཅག་ཅག་ཅག…………་གིས་ཁྱབ་སོང་།
ཀི—སུ་ཞིག་གིས་ཅི་བསམ་ཆ་མེད་ཀྱིས་ཀི་སྐད་ཅིག་ཤོར་བ་དང་མཉམ་དུ་ཁྱི་རྣམས་ཀྱིས་ཀྱང་མཆེ་བ་གཙིགས་ཤིང་ཟུག་སྐད་རྒྱག་ཞོར་ཕྱོགས་བཞིར་བརྒྱུགས་པ་ན་འཕྱི་བ་རྣམས་ཀྱིས་ད་གཟོད་མ་བོས་མགྲོན་པོ་འདི་ཚོའི་དམིགས་ཡུལ་མི་བཟང་བ་ཤེས་ན་དེ་མ་ཐག་འཇའ་ཡལ་བ་ལྟར་ཁུང་བུར་འཛུལ་བ་དང་། མཐའ་ཁོར་གྱི་རི་དྭགས་རྣམས་ཀྱིས་ཀྱང་དོགས་ཟོན་གྱི་ཕྱི་མིག་ལྟ་ཞོར་དབེན་པའི་རི་རྩེར་བྲོས།
བཞོན་པ་དང་ཁལ་མའི་ཁ་ནང་ནས་ལྕེ་རིང་པོ་རེ་བསྣར་ཞིང་ཐང་ཆད་པའི་འཁུན་སྒྲ་སྒྲོག་པ་དང་། ཁལ་སྒའི་བར་ནས་གདངས་མཚམས་གསལ་བའི་ཙིར་ཙིར་གྱི་སྒྲ་གྲག་བཞིན་མུ་མཐུད་དུ་མདུན་སྐྱོད་བྱས། འདི་ནི་རང་གའི་རུ་སྤོར་བ་ཞིག་མིན་པས་ཁོ་ཚོའི་དམིགས་ཡུལ་དངོས་དེ་གང་ཡིན་རང་གིས་ཀྱང་མི་ཤེས་ལ་ཐོན་ས་དེ་ནས་ག་ཚོད་གནས་ཐུབ་པའང་མི་ཤེས། ཡིན་ནའང་ཁོ་ཚོ་མུ་མཐུད་ནས་མདུན་དུ་སྐྱོད།
ཁོ་ཚོ་རྩེ་ཆུའི་འགྲམ་ལ་སླེབས་པ་ན་བཞོན་པའི་འཕོང་ལ་ཞོན་པའི་བྱིས་པ་ཞིག་གིས་གློ་བུར་དུ་ཨ་མ། ཨ་མ། ལྟོས་དང——ཁྱི་གུ་མང་པོ་ཞིག་ཟེར་ཞོར་ཆུའི་ཕ་རོལ་གྱི་གད་ངོས་ཤིག་ལ་མཛུབ་སྟོན་བྱས། བུད་མེད་འགའ་ཞིག་གིས་དེའི་ཕྱོགས་སུ་ལྟ་བཞིན་མགྲིན་གཅིག་ཏུ་སྲམ་། སྲམ། ཨ་རོགས་ཚོ། སྲམ། ་ཞེས་སྐད་བརྒྱབ། ཤིན་ཏུ་ཆེ་བའི་ཆུ་སྲམ་བདུན་གཅིག་རྗེས་གཉིས་མཐུད་ཀྱིས་ཆུ་ནང་དུ་ལྡིང་། འབྲུག་ཐར་གཙོ་བྱས་པའི་སྐྱེས་པ་འགའ་དེ་མ་ཐག་མ་གྲོས་རང་མཐུན་གྱིས་གད་ཁ་དེར་འདུས་ནས་རེ་རེས་རང་ལག་གི་ནོར་བུ་མཚོ་ནང་ལ་ལྷུང་བ་ལྟར་མིག་ཅེར་ནས་ཆུ་ནང་ལ་བལྟས་འདུགཐ་ན་ཉིན་གང་བོར་མ་ཎི་འདོན་པ་ལས་ཁ་མི་གྲགས་པའི་གྲྭ་པ་འཇམ་དབྱངས་ཤེས་རབ་ཀྱིས་ཀྱང་བཙུན་ཉམས་བསྐྱུར་ནས་ཨ་ཙི་ཨ་ཙི་ཟེར་བཞིན་ཆུ་ནང་ལ་བལྟས་འདུག
ཁོ་ཚོས་ཕྱུགས་ཟོག་དང་ཁལ་མ། ཞོན་པ་བཅས་ལ་ཆུ་ཡིད་ཚིམས་པ་རེ་འཐུང་དུ་བཅུག་རྩེ་ཆུར་བརྒལ་ཏེ་མུ་མཐུད་ནས་མདུན་སྐྱོད་རྩིས་བྱས།
ཨ་མྱེས་ཡི་དམ་འབྲུག་ཐར་ཡི་དམ་གྱི་གམ་ལ་ཡོང་ནས་འདི་རུ་རྩྭ་ཆུ་བཟང་བས་ཉིན་འགར་བསྡད་ན་མི་བཟང་ངམ——མ་མཐའ་ཡང་དེ་རིང་ཟེར་བཞིན་ཡི་དམ་གྱི་གདོང་ལ་བལྟས་ནས་འདུག
དེ་ཡང་མི་ཆོག་རྒྱུ་མེད་ཡི་དམ་གྱིས་རྐང་པ་གཉིས་ཡོབ་ཆེན་ལ་བརྟེན་ཏེ་ཨོང་ཤ་སྒ་སྟེང་ནས་ཡར་བཀྱགས་ཏེ་དམག་དཔུང་ཆེན་པོ་ཞིག་ལ་བཀོད་འདོམས་བྱེད་པ་ལྟར་སྐད་མཐོན་པོས་ཨ་རོགས་ཚོ། སྡོད། སྡོད། དེ་རིང་འདི་རུ་འདུག་ཟེར།
འབྲུག་ཐར་གྱིས་ཁལ་མའི་རྒྱབ་ཀྱི་དངོས་པོ་ལེན་སྐབས་མིག་གིས་ལྟ་ས་ནི་སྲམ་ཡོད་ས་ཡིན་པ་དང་སྦྲ་འབུབ་སྐབས་ཀྱང་དེའི་ཕྱོགས་སུ་མིག་ཤོར་འདུགཇ་ཁོལ་ནས་ཆུམ་མ་འཚམས་སྐྱིད་ཀྱིས་ཇ་མཆོད་འཕེན་སྐབས་མིག་གིས་སྲམ་ཡོད་སར་བལྟས་ཡོད་པ་དང་། མེས་པོར་ཇ་འདྲེན་སྐབས་ཀྱི་ཞེའམ་མིག་ནི་སྲམ་ཡོད་སར་གཏད་འདུགགང་ལྟར་ཤིན་ཏུ་ཆེ་ཞིང་སྤུ་སྟེང་ལ་འོད་འཕྲོ་བའི་སྲམ་དེ་དག་ནི་འབྲུག་ཐར་གྱི་མིག་ལམ་ནས་ཡལ་ཐབས་བྲལ་བས་ཁོས་རྩམ་པ་ཞིག་ཟོས་ནས་ཇ་ཅ་ནེ་གང་ཙམ་འཐུང་རྗེས་རྩེ་ཆུའི་འགྲམ་ལ་བརྒྱུགས་ཏེ་ས་དཔྱད་མཁས་པ་ཞིག་དང་འདྲ་བར་དེ་གའི་གད་པ་དང་ཁུང་བུ། ཆུ་འགྲམ་སོགས་ལ་ཞིབ་ལྟ་ཡུན་རིང་བྱས་མཐར། གཞི་གནས་ནང་ལ་ཉ་རུས་འདྲེས་པའི་སྲམ་གྱི་སྐྱག་པ་འགའ་རྙེད་པས་སྲམ་དེ་དག་ནི་ལམ་འགྲོ་བ་ཞིག་མིན་པར་འདི་རུ་གཞི་སྡོད་བྱས་ཡོད་པ་ར་སྤྲོད་ཐོབ། ས་སྲོས་དུས་སུ་འབྲུག་ཐར་གྱིས་སླར་ཡང་སྲམ་ཞིག་ཆུ་འགྲམ་དུ་ཡོང་བ་དང་ཁོ་མཐོང་མ་ཐག་ཕྱིར་ཆུ་ནང་དུ་འཛུལ་བ་མཐོང་། ཕངས་པ་ཞིག་ལ་དེ་ནས་ཅང་མ་འགོར་བར་ས་ཡོངས་སུ་རུབ་སོང་བས་ཁོ་རང་ཕྱིར་ཁྱིམ་དུ་མི་ལོག་ཐབས་མེད་བྱུང་།
ཕྱི་ཉིན་སྐྱ་རེངས་ཤར་དུས་འབྲུག་ཐར་གྱི་ལག་ལ་ལྕགས་ཁེམ་ཞིག་བཟུང་ནས་ཁ་སང་གི་སྲམ་ཡོད་སའི་གད་ཁ་དེ་ན་བསྡད་ཡོད། ཉི་རྩེ་ཤར་མ་ཐག་ཆུ་འགྲམ་གྱི་ཁུང་བུ་ཞིག་གི་ནང་ནས་སྲམ་གཉིས་སྔ་རྗེས་སུ་སྒོར་བུད་པ་དང་འབྲུག་ཐར་ཡར་ལངས་པ་ན་དེ་གཉིས་ཀྱིས་ཁོ་ལ་ཡ་མཚར་བའི་མིག་མདངས་ཀྱིས་ལྟ་ཞོར་ཕྱིར་ཁུང་བུར་འཛུལ་སོང་། དེ་ནི་ཁོ་ཚོར་བློ་རིག་བཀྲ་བའམ་ཡང་ན་ཉམས་མྱོང་ལྡན་པས་མིན་པར་ཏག་ཏག་ལྷན་སྐྱེས་ཀྱི་རང་བཞིན་ཡིན་པ་འདྲ། རྒྱུ་མཚན་ནི་ཁོ་ཚོ་སྐྱེས་པ་ནས་སམ་ཐ་ན་ཕ་མེས་ཡང་མེས་རིང་ནས་མིའི་རིགས་ཀྱི་གནོད་འཚེ་དང་འཇིགས་སྣང་ཁེལ་མྱོང་ལ། ཐ་ན་ཁོ་ཚོས་མི་ཞིག་མཐོང་བའང་ད་ལྟ་ཐེངས་གཉིས་པ་རེད། དེ་བས་ཁོ་ཚོས་མིའི་རིགས་ནི་འཇིག་རྟེན་འདིའི་དབང་སྒྱུར་མཁན་གཅིག་པུ་ཡིན་པའང་གཏན་ནས་མི་ཤེས།
འབྲུག་ཐར་མྱུར་དུ་བརྒྱུགས་ནས་ཁུང་བུ་དེའི་ཁ་དམ་པོར་བཅད་རྗེས་ལྕགས་ཁེམ་སྒོ་ཁར་བཙུགས་པ་དང་ཕྱིར་ཁྱིམ་ལ་ལོག་ནས་ཨོང་པ་ཐུ་བ་གང་དང་ར་ལྤགས་ཀྱི་སྦུད་པ་ཞིག་བཟུང་སྟེ་སླར་ཡང་ཁུང་སྒོ་དེར་ཡོང་ནས་ཁུང་སྒོ་གཅོད་བྱེད་ཀྱི་རྡོ་དང་ས་རྡོག་རྣམས་ཕྱིར་འབྱིན་བྱས་ནས། རྡོ་བ་ཆེན་པོ་ཞིག་བཟུང་ནས་ཁུང་བུའི་ནང་དཔུང་བའི་བར་དུ་བསྲིངས་ནས་བཞགདེའི་འཕྲོར་ཨོང་བ་བླུགས་ཏེ་རུམ་ནས་མེ་ཆ་བླངས་ནས་མེ་རྡོ་སེན་མོ་འདྲ་བ་ཞིག་གི་སྟེང་ལ་སྤྲ་བ་སེན་མོ་འདྲ་བ་ཞིག་བཞག་སྟེ་གཡོན་ལག་གི་གོང་མཛུབ་དང་མཐེ་བོང་བར་ལ་བཟུང་རྗེས་གཡས་ལག་གིས་མེ་ཆ་བཟུང་ནས་མེ་རྡོའི་ཟུར་ལ་འབྱིད་ཙམ་བྱས་པ་ན་དུ་བ་ཕྲ་མོ་ཞིག་སྔོ་ལོག་གེར་ལངས་བྱུང་། དེར་ཕུ་རྒྱག་ཞོར་ཨོང་བའི་དཀྱིལ་ལ་བཞག་ནས་སྦུད་པའི་ལྕགས་སྦུག་གི་ཁ་དེར་གཏུགས་ནས་དལ་མོས་བརྒྱབ་པ་ན་དུ་བ་རིམ་བཞིན་ཇེ་ཆེར་སོང་བ་དང་སྤུད་པ་རྒྱག་ཚད་ཀྱང་ཇེ་མྱུར་དུ་བཏང་།
ཁོའི་ཡིད་སེམས་ཏེ་ལྟོས་ཀྱི་དགའ་སྤྲོས་ཁེངས་བཞིན་ཁུང་རྒྱུད་དེད་ནས་ལྕགས་ཁེམ་གྱིས་ས་བརྐོས། ཁོའི་མིག་ལམ་དུ་རང་གིས་བཞག་པའི་རྡོ་ལོག་དེའི་འཕྲོ་ན་སྲམ་རྒན་ཁྱི་རོ་འདྲ་བ་གཅིག་དང་ཡང་གཅིག་གིས་དེའི་རྐུབ་ལ་མཆུ་བཞག་ནས་ཤི་ཡོད་པ་མངོན་སུམ་བཞིན་དུ་ཤར། ཁོས་ངལ་བའང་མ་ཚོར་བར་དབུགས་ཐེངས་གཅིག་གིས་བརྐོས་ནས་རང་གིས་བཞག་པའི་རྡོ་རྒན་དེར་འཕྲད། ཡིན་ནའང་དེའི་འཕྲོ་ན་སྲམ་ཞིག་གི་གྲིབ་གཟུགས་ཙམ་ཡང་མི་མཐོང་ནའང་ཁོ་རང་དངོས་ཡོད་འདིར་གཏན་ནས་ཡིད་མ་ཆེས་པར་མུ་མཐུད་དུ་བརྐོས། ཁོ་རང་དངོས་གནས་ཐང་ཆད་དེ་མིག་ལམ་ལ་སྐར་མ་འཆར་བཞིན་ཡོད་ནའང་མུ་མཐུད་དུ་བརྐོས་ཏེ་གཞི་ནས་ཁུང་བུའི་ཕུགས་ལ་གཏུག་དུས་ཉ་རུས་འདྲེས་མའི་སྲམ་སྐྱག་ཅིག་ལས་གཞན་ཅི་ཡང་མེད་པ་མཐོང་།
་ཁུང་བུ་འདིར་འཛུལ་བ་རང་གིས་དངོས་སུ་མིག་གིས་མཐོང་། ཁུང་བུ་བུ་ནོར་སོང་ཟེར་ན་འདིའི་མཐའ་འཁོར་ན་ཁུང་བུ་གཞན་པ་ཡང་མི་འདུགའདི་ཅི་ཞིག་ཡིན་ནམ་ཁོས་ཁེར་བཤད་རྒྱུག་ཞོར་ལག་གཡས་གཡོན་གྱིས་ལྕགས་ཁེམ་དང་སྦུད་པ་དྲུད་ནས་ཤིན་ཏུ་ལྗིད་པའི་གོམ་པ་སྤོ་བཞིན་ཕྱིར་ལོག་དུས་ཉི་མ་མཐོ་རུ་འཕགས་ཡོད་ནའང་མི་རྣམས་ད་རུང་ལམ་ཆས་རྩིས་བྱེད་ཀྱིན་མེད།
2
དེ་རིང་གནམ་གཤིས་ཧ་ཅང་ལེགས་པས་འབྲུག་ཐར་དང་འཚམས་སྐྱིད་གཉིས་ཀས་མེས་པོ་སྤྲ་སྒོར་ཁྱེར་ཡོང་ནས་ཉི་མར་ལྡེ་རུ་བཅུག་རྗེས་འབྲུག་ཐར་གྱིས་འཚམས་སྐྱིད་ལ་ཡ་མཚར་བའི་སྲམ་ཁུང་གི་དོན་དག་དེ་ཧ་ཅང་གཟབ་གནན་གྱིས་བཤད། འོན་ཀྱང་འཚམས་སྐྱིད་ཀྱིས་དེ་འདྲ་མིན་ནམ་ཟེར་བས་ལས་སྣང་དོགས་སྤུ་ཙམ་ཡང་མི་བྱེད།
འབྲུག་ཐར་ཡར་ལངས་ནས་ཡི་དམ་གྱི་སར་སོང་བ་ན་བྱིས་པ་ཞིག་གིས་ཤིང་ཐོམ་ཞིག་བཟུང་ནས་ཡི་དམ་གྱི་ལག་པའི་སྟེང་ལ་ཆུ་ལྡུག་གིན་འདུགསྤྱིར་ཡི་དམ་གྱིས་ནམ་ཡང་ཁ་ངོ་བཀྲུ་བ་དང་ཐ་ན་སྐམ་ལུག་བཤས་རྗེས་ཀྱང་ལག་པ་མི་འཁྲུད་མོད། མེས་པོར་ཟ་མ་འདྲེན་པའམ་ཡང་ན་མེས་པོར་རེག་དགོས་བྱུང་ཚེ་ད་གཟོད་ལག་པ་གཙང་མར་འཁྲུད་སྲིད།
ཡི་དམ་ཚང་གི་མེས་པོའང་འབྲུག་ཐར་ཚང་གི་མེས་པོ་དང་འདྲ་བར་ཧ་ཅང་རྒས་འཁོགས་སུ་གྱུར་ཡོད་པ་ལས་ཁོ་རང་དངོས་གནས་ལོ་ཅི་ཙམ་ཡིན་པ་སུས་ཀྱང་མི་ཤེས་ལ། ཐ་ན་ཕོ་མོ་གང་ཡིན་ཀྱང་མི་ཤེས། སྡེ་བའི་ནང་གི་ལོ་ན་ཆེས་མཐོ་བའི་བགྲེས་སོང་ཡི་དམ་ཁོ་རང་གིས་བཤད་ཚུལ་ལྟར་ན་ཁོ་རང་བྱིས་པའི་དུས་ནས་བཟུང་མེས་པོ་རྣམས་དེང་གི་འདི་ལྟར་འགུལ་སྐྱོད་མི་ནུས་པ་དང་བཟང་འཐུང་ནུས་པ། སྒྲ་མི་ཐོན་པའི་མ་ཎིའམ་ཅི་ཞིག་འདོན་པ། སུ་ཞིག་གིས་དེག་བ་བསྒྲུབ་ན་འཛུམ་རེ་སྟོན་པ་དང་སྡིག་པ་བྱས་ན་ཁྲོ་ཉམས་སྟོན་པ། གཞན་ཡོང་གི་མི་དང་དངོས་པོ་མཐོང་ནའང་ཁྲོ་ཉམས་སྟོན་པ། སུ་ཞིག་ལ་དངོས་རྫས་གསར་བ་ཞིག་ཐོབ་པའམ་ཡང་ན་ཕྱུག་པོར་གྱུར་ན་གཏན་ནས་མི་དགའ་བ་ཞིག་ཡིན་ཞིང་། མི་རྣམས་ཀྱིས་འདི་ནི་རང་གི་ཕ་འི་གཉེན་ཉེ་ཡིན་ནམ་མའི་གཉེན་ཉེ་ཡིན་པའང་མི་ཤེས་ན་ཡང་ཕ་མ་ལས་ཀྱང་བཀུར་བསྟི་བྱེད་པ། དཀའ་ངལ་གྱི་ལོ་ཟླ་གྲངས་མེད་ཀྱི་ཁྲོད་དུ་རང་ཉིད་མུ་གེར་ཤི་རུང་མེས་པོར་ལྟོགས་སྐོམ་མྱོང་དུ་མི་འཇུག་ཟེར།
འབྲུག་ཐར་གྱིས་ཡི་དམ་ལ་མེས་པོ་སྒོར་ཁྱེར་རོགས་བྱས་རྗེས། ཁོང་གཉིས་ཀྱིས་ཀྱང་སྦྲ་གམ་ནས་ཉི་མར་ལྡེ་བཞིན་འདུག་པའི་ཚེ་འབྲུག་ཐར་གྱིས་དེ་རིང་མི་འགྲོའམ་ཟེར། སྲམ་གྱི་རྨི་ལམ་སྟོང་བར་གྱུར་པར་མ་ཟད་ཁོའི་སེམས་ལ་དོགས་པ་ཞིག་ཀྱང་བསླངས་བྱུང་བས་ད་ལྟ་ཁོ་རང་འདི་རུ་དེ་འདྲའི་འདུག་འདོད་མེད།
འདི་ངོ་མ་ས་ཆ་སྐྱིད་པོ་ཞིག་རེད། ཁྱོད་ཀྱིས་ལྟོས་དང་ཟེར་ནས་ཡི་དམ་གྱིས་མགོ་བོ་དལ་མོས་འཁོར་ཞོར་ཡིད་སྨོན་གྱི་མིག་ཟུང་གིས་ཕྱོགས་བཞིའི་རྒྱང་རིང་དུ་བལྟས།
འབྲུག་ཐར་ཡི་དམ་གྱི་གམ་ལ་བཅར་ཙམ་བྱས་ནས་ཡ་མཚར་བའི་སྲམ་ཁུང་གི་གསང་བ་དེ་ཤིན་ཏུ་རྒྱས་པར་བཤད། འོན་ཀྱང་ཡི་དམ་གྱིས་ཅི་འདྲའི་ས་ཆ་སྐྱིད་པོ་ཞིག་རེད་ཨང། ད་རུང་ཉིན་འགར་བསྡད་ན་མི་བཟང་རྒྱུ་མེད་ཟེར་བ་ལས་འབྲུག་ཐར་གྱི་ཁ་བརྡར་གཏན་ནས་དོ་སྣང་མ་བྱས་པས། ཁོང་ཡང་བསྐྱར་སྲམ་ཁུང་གི་གཏམ་རྒྱུད་དེ་མགོ་ནས་མཇུག་བར་ཐེངས་གཅིག་བཤད་པ་ན་ཡི་དམ་གྱིས་གཞི་ནས་དེ་འདྲ་ཡིན་ནམ་ཟེར་བ་ཙམ་ལས་སྔར་ལྟར་སྣང་དོགས་སྤུ་ཙམ་ཡང་མ་བྱས་པས་འབྲུག་ཐར་ཡིད་ཆད་དེ་ཕྱིར་ལོགའཚམས་སྐྱིད་ཀྱིས་ཕུ་ཐུང་གཉིས་ཀ་སྐེད་པར་དཀྲིས་ནས<<སྒྲོལ་དཀར་གྱི་བསྟོད་པ>>འདོན་ཞོར་ཕྱག་འཚལ་གྱིན་ཡོད་ལ་འབྲུག་ཐར་མོའི་གམ་དུ་སླེབས་པ་ན་མོས་ཀྱང་ཕྱག་བརྒྱ་འཚལ་ཚར་ནས་ཙོར་པོར་བསྡད་བྱུང་། ཁོ་མོའི་མདུན་དུ་རྐང་མགོ་དང་པུ་མོ། ལག་ཟུང་ཁེལ་བའི་ཤུལ་ན་ལོ་འགའི་རིང་གི་རྩྭ་སྐྱ་གཡས་གཡོན་དུ་དེད་ནས་རྩྭ་སྔོན་ཆུན་པོ་རེ་ལྗང་ལྡེམ་མེར་མངོན་འདུག་པ་དང་། ཆེ་ཞིང་མཁྲེགས་པའི་ནུ་ཟུང་དང་ཐོད་པ་ཁེལ་ཤུལ་ན་རྩྭ་སྐྱ་མར་མནན་ནས་བྱེའུ་ཚང་དང་འདྲ་བའི་དོང་རེ་བཟོས་ཡོད།
འབྲུག་ཐར་མར་བསྡད་ནས་སླར་ཡང་སྲམ་ཁུང་གི་གཏམ་རྒྱུད་དེ་ཐེངས་གཅིག་བཤད།
དེ་འདྲ་ཡིན་ནམ་འཚམས་སྐྱིད་ཀྱིས་སྔར་བཞིན་ཅི་མི་སྙམ་པར་ལག་གི་ཕྲེང་བ་དེད་ནས་འདུག
དེ་འདྲ་མ་རེད་འདི་འདྲ་རེད་འབྲུག་ཐར་གྱིས་འཚམས་སྐྱིད་ལ་ཤུགས་ཀྱིས་འགྲམ་ལྕག་ཅིག་གཞུས་ནས་གཡས་སུ་བསྒྱེལ་པ་དང་མཉམ་དུ་ཡར་ལངས་ནས་རྩེ་ཆུའི་ཁོར་སོང་།
ད་ལྟ་ཁོ་པ་རང་གིས་མཐོང་བཞིན་ཁུང་བུར་འཛུལ་བའི་སྲམ་དེ་གཉིས་མི་སྣང་བར་གྱུར་པ་དེར་ཡ་མཚར་གྱི་མེད་ལ། མི་རྣམས་དོན་དག་འདིར་ཡ་མི་མཚར་བའི་ཚུལ་དེར་ཡ་མཚར་གྱིན་འདུག
ས་རུབ་ལ་ཉེ་དུས་ཁོས་སླར་ཡང་སྲམ་ཞིག་ཆུ་ཁར་བུད་པ་དང་། ཁོ་མཐོང་བ་ན་ཕྱིར་ཆུ་ནང་དུ་འཛུལ་བ་མཐོང་། ཁོ་རང་ཕྱིར་ཁྱིམ་ལ་ཡོང་དུས་འཚམས་སྐྱིད་ཀྱིས་མེས་པོར་དགོང་ཟས་སྟེར་གྱིན་འདུགཁོས་འཚམས་སྐྱིད་ཆུང་མར་བླངས་ནས་ཁྱིམ་གཞི་འདི་བཙུགས་པ་ནས་བཟུང་འཚམས་སྐྱིད་ཀྱི་གཉེན་ཉེ་ཡིན་ནམ་རང་གི་གཉེན་ཉེ་ཡིན་པ་ཡང་མི་ཤེས་པའི་མེས་པོ་འདི་ཡོད་པ་དང་། འཚམས་སྐྱིད་ཀྱིས་ཁོ་རང་མགོའི་ཞྭ་ལྟར་བཀུར་བ་དང་མེས་པོ་ལདེ་བས་ཀྱང་བཀུར་བསྟི་བྱེད།
ཁོ་ཉིན་གུང་གི་འགྲམ་ལྕག་དེར་འགྱོད་པ་ཞིག་སྐྱེ་ཞོར་དཀྱིལ་ཀྲུང་དུ་བསྡད་པ་ན་འཚམས་སྐྱིད་ཀྱིས་ཁོའི་ལག་པ་ཅ་ནེ་འཇོག་ཞོར་ས་རུབ་ནའང་ཕྱིར་མི་ཡོང་བར་གང་ལ་སོང་ཡིན་ཟེར།
ཕར་བལྟས་ན་ཁོ་མོས་འགྲམ་ལྕག་དེ་རྩ་བ་ནས་བརྗེད་ཟིན་པའམ་ཡང་ན་སྔར་ནས་ལོབས་ཡོད་པ་འདྲ།
ངས་ད་སོ་མ་ཡང་སྲམ་གཅིག་མཐོང་བྱུང་་
ཨོ། ཇ་ཐུངས་དང་རེམ་པར་ཉལ། ་
འབྲུག་ཐར་གྱིས་ཆེ་ཞིང་དུ་དྲི་འཐུལ་བའི་ལག་པས་འཚམས་སྐྱིད་ཀྱི་འགྲམ་པར་བྱིལ་བྱིལ་བྱེད་ཞོར་ཨེ——ངས་ཀྱང་ལག་པ་ཅི་ལྟར་གཡུག་པའང་མ་ཤེས་ཟེར།
་ལྕག་དང་ཁུ་ཚུར་ལ་བསྡུར་ན་འགྲམ་ལྕག་ཅིག་ཅི་ལ་རྩི་
འབྲུག་ཐར་གྱི་ཁ་ནང་ནས་ཤིན་ཏུ་སྟུག་པའི་དུ་དྲི་ཞིག་འཐུལ་ཡོང་། དྲི་མ་འདི་ནི་དུ་འཐེན་གཞན་པའི་དུ་དྲི་དང་མི་མཚུངས་པས་དེ་སྔོན་ཁོང་གཉིས་དགའ་གྲོགས་ཡིན་སྐབས་ཕོ་གསར་ཞིག་གིས་འབྲུག་ཐར་ལ་བརྫུས་ནས་མོའི་རུམ་ལ་འཛུལ་རྩིས་བྱས་དུས་ཀྱང་མོས་དེ་མ་ཐག་ཚོར་སོང་།
ཕྱི་ཉིན་སྔ་མོར་ཁོས་སླར་ཡང་ཆུ་འགྲམ་ནས་སྲམ་གཉིས་ཁུང་བུར་འཛུལ་བ་མཐོང་ནས་དུ་བ་བརྒྱབ། མཇུག་མཐར་ཉ་རུས་ཅན་གྱི་སྲམ་སྐྱག་ཅིག་ལས་ཅི་ཡང་མ་ཐོབ་པ་སོགས་མདོར་ན་ཁ་སང་གི་གནས་ཚུལ་དེ་ཕྱིར་ཟློས་ཤིག་བྱས། བསྟུད་མར་ཉིན་འགའ་ལ་གནས་ཚུལ་འདི་བསྐྱར་ཟློས་བྱས། དེ་ནི་ཁོས་དངོས་གནས་སྡུག་ཤི་རྒྱག་རྒྱུའི་སྲམ་དེ་དྲན་ཡང་དྲན་འདོད་མེད་ནའང་ས་སྲོས་དང་སྐྱ་རེངས་ཀྱི་དུས་སུ་ཁོ་རང་ཤེས་མེད་ཚོར་མེད་ཀྱིས་རྩེ་ཆུའི་འགྲམ་དུ་ལངས་འདུག་པས་སྔ་ཙམ་ནས་རྩེ་ཆུ་དང་ཁ་བྲལ་ན་བཟང་སྙམ།
ཕྱུགས་ལས་ལ་མཚོན་ན་ཚར་གཅོད་རང་བཞིན་གྱི་ཉེན་ཁ་ལྡན་པའི་དཔྱིད་ཟླ་གསུམ་པ་ཕྱིན་མ་ཐག་ཡིན་པས་ཕྱུགས་ཟོགགི་ཤ་ཤེད་ཧ་ཅང་ཞན་མོད། རྩེ་གཞུང་དུ་བསྡད་པའི་ཉིན་འགའི་རིང་ལ་ཕྱགས་ཟོག་གི་ཤ་ཤེད་མངོན་གསལ་དུ་ཇེ་བཟང་ལ་སོང་བའི་ཁར་མདང་དགོང་ཚང་མས་མི་དཀར་རྟ་དཀར་ལག་ལ་དར་དཀར་བཟུང་བ་ཞིག་གིས་བདག་ནི་ཁྱོད་ཚོའི་མགོན་སྐྱབས་ཡིན། ། ཁྱོད་ཚོ་བདག་གི་ལྟ་སྡེ་ཡིན། ། ས་འདི་ཁྱོད་ཚོའི་ཕ་ཡུལ་ཡིན། ། ཆུ་འདི་ཁྱོད་ཚོའི་འཐུང་ཆུ་ཡིན། ། ་ཟེར་ཞོར་ཁ་བཏགས་དཀར་པོ་ཞིག་བླངས་ཏེ་རྩེ་གཞུང་ཡོངས་རྫོགས་བཀབ་ནས་བུད་སོང་བའི་རྨི་ལམ་ཞིག་རྨིས། ནམ་ལངས་དུས་རྩེ་གཞུང་ཡོངས་སུ་ཁ་བ་ཆེན་པོ་རྟ་མཆོག་ཀྱང་བགྲོད་དཀའ་བ་ཞིག་བབས་ཡོད་པས་ཁོ་ཚོ་འདི་རུ་གཏན་ནས་གནས་སོང་།
3
འཇམ་དབྱངས་ཤེས་རབ་གཙོ་བྱས་པའི་གྲྭ་པ་ཚོས་དབྱེ་ཞིབ་བྱས་པ་ལྟར་ན་མི་དཀར་རྟ་དཀར་ཅན་དེ་ས་བཅུ་ཐོབ་པའི་སངས་རྒྱས་ཨ་མྱེས་མ་ཆེན་གྱི་ཡང་ཚ་ཞིག་སྟེ་བློན་ཆེན་དར་དཀར་ཅན་ཡིན་ལ། དེས་ན་ཁོ་རང་ཕལ་ཆེར་ས་འདིའི་ཡུལ་ལྟ་གཞི་བདག་གི་དཔོན་པོ་ཡིན་རྒྱུ་རེད། གལ་ཏེ་ཁོས་ང་ཚོ་ལྷ་སྡེ་རུ་བཟུང་ན་ང་ཚོའང་འདི་རུ་སྡོད་དགོས་པར་མ་ཟད་ཁོ་ལ་ལབ་རྩེ་བསྟད་ནས་མཆོས་འབུལ་བྱས་ན་ཁོས་ང་ཚོར་ལྷག་པར་གྲོགས་དང་མགོན་སྐྱབས་བྱེད་སྲིད་ཟེར།
ཨོ། ཡ་མཚན་ཅན་གྱི་སྲམ་དེ་དག་མ་གཞི་བློན་ཆེན་དར་དཀར་ཅན་གྱི་ཁྱིམ་ཟོག་ཡིན་འདུག ངས་ཀྱང་འདི་དག་སྲོག་ཆགས་རང་ག་བ་ཞིག་མ་རེད་བསམས་འབྲུག་ཐར་གྱི་སེམས་ལ་དེ་ལྟར་དྲན་པ་དང་། དེ་ནས་བཟུང་ཁོ་རང་རྩེ་ཆུའི་ཁར་མ་སོང་། འོན་ཀྱང་ཉིན་འགའི་རྗེས་སུ་ཁོ་རང་རྟ་ལ་ཆུ་ལྡུད་དུ་སོང་དུས་སྲམ་ཞིག་ཁུང་བུ་ཕུ་མེད་ཅིག་གི་ནང་ལ་འཛུལ་ནས་རྔ་མ་ཕྱིར་བུད་འདུག་པ་དེ་ངལ་མེད་དུ་སོང་པ་ན་ཁོས་འདི་ནི་བློན་ཆེན་དར་དཀར་ཅན་གྱིས་རང་ལ་གནང་བ་རེད་བསམས།
འཇམ་དབྱངས་ཤེས་རབ་ཀྱིས་གྲྭ་རྒན་འགའ་ཁྲིད་ནས་ཉིན་ལྟར་ལ་ལུང་ཀུན་ལ་སོང་སྟེ་ས་དཔྱད་བྱས་པ་དང་། མཚམས་ཤིག་ལ་རི་ནག་མ་འདིའི་མཐའ་འཁོར་དུ་རི་བརྒྱད་ཡོད་པ་ནི་ཕྱོགས་གང་ནས་བལྟས་རུང་སོ་སོ་གཟས་ནས་བཟོས་པ་ལྟར་དཔལ་བེའུ་དང་པད་པ། གདུགས། དུང་དཀར། འཁོར་ལོ། རྒྱལ་མཚན། བུམ་པ། གཉེར་ཉ་བཅས་བཀྲ་ཤིས་རྟགས་བརྒྱད་ཀྱི་དབྱིབས་དང་འདྲ་བས་རི་ནག་མ་ནི་བློན་ཆེན་དར་དཀར་ཅན་གྱི་བླ་རི་ཡིན་མིན་གདོན་མི་ཟ་བས་དེའི་རྩེར་ལབ་རྩེ་བསྟོད་རྒྱུ་ཐག་བཅད། རྩེ་གཞུང་སྡེ་བའི(ལོ་མང་པོའི་རྗེས་སུ་ཕྱོགས་སོ་སོ་ནས་ས་རྩེ་གཞུང་འདི་ཨ་ལོང་ལྟར་དུ་བསྐོར་ཡོང་བའི་མི་རྣམས་ཀྱིས་སྡེ་བ་འདི་ལ་རྩེ་གཞུང་སྡེ་བ་ཞེས་འབོད་པས་ན་ད་ལྟ་ནས་འདི་ལྟར་བཏགས་ཀྱང་སྐྱོན་ཅི་ཡོད། )སྐྱེས་པ་ཚོས་ས་འདི་ན་སྤེན་མ་དང་སུ་རུ། སྟར་ཚེར། གླང་མ་གཏོགས་ཤིང་རིགས་ཤིག་མེད་པས་ལབ་རྩེ་བསྟོད་པར་མདའ་ཤིང་མེད་པར་འདང་རྒྱག་ནང་ལ་ལྷུང་འདུག་པའི་ཚེ་གློ་བུར་དུ་བློན་ཆེན་དར་དཀར་ཅན་དེ་རླུང་འཚུབ་ཅིག་དང་མཉམ་དུ་ཐོན་ནས་ཤར་ཕྱོགས་སུ་སོང་ཟེར་ནས་སླར་ཡང་རླུང་འཚུབ་ཅིག་དང་མཉམ་དུ་ཡོལ་སོང་།
ཚང་མས་འདི་ནི་ང་ཚོ་མུ་མཐུད་དུ་ཤར་ཕྱོགས་སུ་སོང་དང་འདི་ལས་ཀྱང་སྐྱིད་པའི་གནས་ཤིག་ཡོད་ཅེས་པའི་བརྡ་རེད་ཟེར་ནའང་བགྲེས་སོང་ཡི་དམ་གྱིས་‘འདི་ནི་ཁྱོད་ཚོའི་ཕ་ཡུལ་ཡིན། ། ’ཞེས་ལུང་བསྟན་གནང་བྱུང་བས་ན་སླར་ཡང་མུ་མཐུད་དུ་ཤར་ཕྱོགས་སུ་སོང་ཟེར་དོན་མེད། འདི་ཕལ་ཆེར་ཤར་ཕྱོགས་སུ་སོང་ན་ནགས་ཚལ་ཡོད་པའི་ལུང་བསྟན་རེད་ཟེར། ཁོ་རང་ད་ལོར་ཏག་ཏག་ལོ་བརྒྱ་ཡིན་ནའང་དུང་སོ་སུམ་ཅུ་ད་རུང་གཞོན་ནུའི་དུས་དང་འདྲ་བར་དཀར་ཞིང་ཆ་ཚང་ཡིན། ཁོས་བཤད་ན་རྫུན་དང་ཕྲ་མ་མ་སྨྲས་ན་སོ་ནི་ནམ་ཡང་ལྷུང་མི་སྲིད་ཟེར། ཁོས་དཔྲལ་བར་གཉེར་མ་བསྡུས་ནས་ཤར་ཕྱོགས་སུ་བལྟས་པ་ན་དེ་འདྲའི་མཐོ་རྒྱུ་མེད་པའི་རི་རྒྱུད་ཆེན་པོ་ཞིག་ནག་རོག་གེར་གནས་འདུག་པ་དེར་མཛུབ་མོས་རི་སྟོན་བྱས་ནས་རི་གན་གྱི་ངོས་ན་མ་མཐའ་ཡང་མདའ་ཤིང་འཐུ་རྒྱུ་ཡོད་སྲིད་ཟེར།
རི་དེའི་བར་ལ་རྟ་ཞོན་ནས་ཉིན་གཅིག་གིས་འགྲོ་དགོས་པ་དང་། རྩེ་གཞུང་སྡེ་བའི་སྐྱེས་པ་རྣམས་རི་དའི་འདབས་སུ་ཐོན་པ་ན་མ་གཞི་དེ་ནི་གནའ་བོའི་ནགས་ཚལ་སྟུག་པོ་ཞིག་ཡིན་པས་མདའ་ཤིང་ཕར་ཞོགརྩེ་མོ་སྤྲིན་གསེབ་ལ་ཟུག་པའི་གསོམ་སྡོང་ཆེན་པོ་དང་ཤུག་སྡོང་། ལྕང་སྡོང་སོགས་སྐྱེས་ཡོད་པ་དང་། གླ་རྩིའི་དྲི་ངད་ཞིམ་པོ་མཁའ་དབུགས་དང་སྡེབ་ནས་ཡོངས་སུ་ཁྱབ་འདུག
ཁོ་ཚོས་ནགས་འདབས་སུ་སྡོང་པོའི་ཡལ་ག་སྒོང་ནས་ཇ་བསྐོལ་བ་ན་བྱ་དང་རི་དྭགས་སྣ་ཚོགས་ཉེ་འདབས་སུ་འཁོར་ནས་ལྟད་མོར་ལྟ་བ་ལས་གཏན་ནས་མི་འདྲོག་པ་དང་། དེ་བས་ཀྱང་སྐྲག་སྣང་མེད་པར་ཉེ་སར་བཅར་ཡོང་བས་འབྲུག་ཐར་གྱི་ལག་མཐིལ་ལ་ཟ་འཕྲུག་ལངས་ནས་མདའ་གཞུ་མདུན་ལ་བླངས་ནའང་ཡི་དམ་གྱིས་ད་ཐེངས་སུས་ཀྱང་སྡིག་པ་བྱེད་མི་ཆོག་ཟེར།
ཕྱི་ཉིན་མི་རེའི་ལག་ལ་མདའ་ཤིང་རིང་པོ་རེ་བཟུང་ནས་ཕྱིར་ཡོང་སྐབས་ཁོ་ཚོ་དངོས་གནས་མདུང་རིང་ཐོགས་པའི་དམག་དཔུང་ཞིག་དང་འདྲ་ལ། ལོ་མང་པོའི་རྗེས་སུ་མྰ་ཇག་གི་དམག་ལ་རྒོལ་ལན་སྤྲོད་སྐབས་ཀྱང་ཏག་ཏག་ཚུལ་འདི་དང་མཚུངས།
རང་རང་གི་སྦྲ་སྒོ་ན་སྐྱེས་པ་ཚོས་མདའ་ཤིང་གི་ཤུན་པ་གཞོག་ནས་མདའ་སྒྲོ་སྤྲོད་པ་དང་སྐྱེས་མ་ཚོས་དེ་འདྲའི་གྲིམ་མེད་པའི་བལ་ཐག་ཧ་ཅང་རིང་པོ་རེ་འཁེལ་པ། ལ་ལས་ནས་བརྔོས་ཤིང་དེའི་ནང་ལ་ཤུག་ལོ་དང་མར་བསྲེས་ནས་བསང་རྩི་བཟོ་བ། ལ་ལས་འཁར་སླང་ནང་ལ་མར་ཁུ་བཞུས་ཤིང་སྒྱེ་མོའི་ནང་ལ་འབྲུ་རིགས་བླུགས་ནས་གཏེར་བཟོ་བ་སོགས་ཚང་མར་གཅིན་པ་གཏོང་ཁོམ་ཡང་མེད་པའི་ཚད་ལ་སླེབས་འདུག
བོད་ཟླ་ལྔ་བའི་ཚེས་བཞིའི་སྔ་དྲོ་རྩེ་གཞུང་སྡེ་བའི་བགྲེས་སོང་ཡི་དམ་ནས་སོ་མ་རྟ་གོང་ནོན་པའི་བྱིས་པའི་བར་གྱི་སྐྱེས་ཕོ་ཚང་མས་ལག་ལ་མདའ་ཤིང་དང་བསང་ཁུག་བཟུང་ནས་རི་ནག་མའི་རྩེར་ཚོགས་འདུགརི་རྩེ་ན་སྦྲ་ཤུལ་ཆུང་ཆུང་ཞིག་གི་ཚད་ཀྱི་ས་དོང་ཞིག་བསྐོས་ཡོད་པ་དང་། ཇམ་དབྱངས་ཤེས་རབ་ཀྱི་བཀོད་འདོམས་ལྟར་ཐོག་མར་སྦོམ་ཚད་མི་དར་མའི་བརླ་དང་འདྲ་ཞིང་། རིང་ཚད་ལ་འདོམ་གང་ལྷག་ཡོད་པ། གྲུ་བཞིར་བཞོགས་ནས་གླིང་བཞི་བོར་ཡི་གེ་གང་རེ་བྲིས་ཡོད་པའི་ཤུག་པ་གོས་སེར་པོས་དཀྲིས་པ་ཞིག་ས་དོང་གི་དཀྱིལ་ལ་བཙུགས་རྗེས་མཐའ་ཁོར་དུ་མར་གྱིས་གང་བའི་འཁར་སླང་དང་གཏེར་ཁུགཇ་སོགས་བཞགསྐབས་འདིར་ཕྱུག་པོ་ཚོས་ས་དོང་ནང་ལ་གོས་ཐགས་མགོ་རེ་དང་ཡང་ན་དངུལ་རྟ་རྨིག་མ་སོགས་འཕེན་པ་དང་། དབུལ་པོ་རྣམས་ཀྱིས་ཀྱང་རྒྱུ་སྤུས་ཤིན་ཏུ་ཞན་པའི་ཁ་བཏགས་རྙིང་པ་རེའམ་ཡང་ན་དོང་ཙེ་རེ་གཉིས་ཕངས་མེད་དུ་གཡུག་གིན་འདུག
གཏེར་སྤས་ཚར་རྗེས་མདའ་ཤིང་མང་བོ་གྱེན་དུ་བསླངས་ནས་བལ་ཐག་གིས་དཀྲིས་སྐབས་ཡང་ལ་ལས་དེའི་གསེབ་ཏུ་རང་གི་རལ་གྲི་འཇོག་པ་དང་ལ་ལས་མདའ་གཞུ་བཞགདེ་ནས་གླང་མའི་འདབས་རྒྱན་བཞག་པ་ན་ད་གཟོད་དངོས་གནས་ལབ་རྩེ་ཧ་ཅང་ཡག་པོ་ཞིག་ཏུ་གྱུར་པས་བགྲེས་སོ་ཡི་དམ་གྱིས་ཀྱང་ཧ་ཧ། འདི་འདྲའི་ལབ་རྩེ་འཕྱོར་པོ་ཞིག་མཐོང་མ་མྱོང་ཟེར།
ལབ་རྩེའི་མདུན་ལ་སྔར་ནས་བསང་ཁྲི་ཆེན་པོ་ཞིག་བརྩིགས་ཡོད་པའི་སྟེང་ལ་སྤེན་དཀར་དང་ཨོང་བླུགས་ནས་བསང་འཕུད་པེ་ལེན་བྱས་ཡོད།
འཇམ་དབྱངས་ཤེས་རབ་ཀྱིས་ཡ———ད་བསང་མེ་སྒོས་དང་ལབ་རྩེ་རབ་གནས་བྱེད་ཟེར་བ་ན་འབྲུག་ཐར་གྱིས་སྔར་ནས་སྤེན་མ་ཆུན་པོ་ཞིག་ལ་མེ་སྦར་ནས་ལག་ཏུ་བཟུང་ཡོད་པས་དེ་མ་ཐག་བསང་མེ་སྦར་རྩིས་བྱེད་སྐབས་སུ་ཞིག་གིས་ཁ་ལ་ཕུད་རྒྱག་ཅིག་བྱས་ནས་སྤྲང་ཕྲུག ཁྱོད་ལ་བསང་མགོ་ལེན་པའི་བསོད་ནམས་གང་ན་ཡོད་ཟེར་ནས་རང་གིས་བསང་མེ་སྦར་རྩིས་བྱས། དེ་ནི་མིག་ཟུང་སེར་ཞིང་མ་ནེའི་སྟེང་ལ་སྨ་ར་ཆུང་ཆུང་ཞིག་བཞག་ཡོད་པའི་མིང་ལ་དོན་གྲུབ་དང་མཚང་ལ་ར་མ་ཟེར་བ་དེ་རེད། ཁོ་རང་ཡང་འབྲུག་ཐར་ལས་ཕྱུག་རྒྱུ་མེད་ནའང་རྨ་ཆུའི་ཕ་རོལ་ནས་རལ་གྲི་གཡུག་ཐེངས་གཅིག་གིས་སྡེ་དཔོན་གྱི་བུའི་མགོ་བཅད་སོང་བས་ཚང་མས་ཁོ་རང་དཔལ་བོར་རློམ་ནས་ཐད་ཀར་དུ་གདོང་ལ་ལྟ་ཕོད་མཁན་མེད་པ་དང་། དེ་ནས་བཟུང་རང་ཉིད་ཀྱང་ལྷག་པར་ང་རྒྱལ་སྐྱེས་ནས་རང་ལས་ཕྱུག་པ་རྣམས་ལའང་སྤྲང་ཕྲུག་ལས་མིང་མེད།
གལ་ཏེ་གཞན་ཞིག་གིས་བཟུང་བ་མིན་ན་འབྲུག་ཐར་རྦབ་ཏུ་གྲིལ་སོང་བ་དང་། ལྷག་པར་དུ་ཚང་མས་ཁོའི་བཟོ་ལྟ་དེ་མཐོང་ནས་ཧབ་ཆ་ཤོར་བས་ཁོ་རང་ངོ་ཚ་ཁོང་ཁྲོར་གྱུར་ཏེ་རྡོ་ལོག་ཅ་ནེ་འདྲ་བ་ཞིག་བླངས་པ་དང་མཉམ་དུ་དོན་གྲུབ་ར་མའི་གདོང་དཀྱིལ་དུ་གཅིག་བརྒྱབ་པ་ན་དེ་རྦབ་ཏུ་གྲིལ་སོང་། སྐབས་དེ་དང་བསྟུན་ནས་ཁོས་འཕྲལ་དུ་ཐོག་མར་བསང་མེ་སྦར།
ཚང་མས་འཚང་ཁ་ཤིག་ཤིག་གིས་བསང་ཁྲིའི་སྟེང་ལ་བསང་རྩི་བླུགས་ཤིང་མར་དང་ཐ་སོགས་བཞགརས་དང་ཁ་བཏགས་འཐེན། ཕྱུགས་ཀྱི་གྲོད་པའི་ནང་ཁྱེར་ཡོང་བའི་ཞོ་དང་འོ་མ་བླུགས་པས་དང་ཐོག་དུ་བ་སྔོ་ལྷོག་ལྷོག་འཕྱུར་ནས་མེ་འབར་ལ་ཁད་བྱེད་པའི་བསང་མེ་དེ་དེ་མ་ཐག་གཟིམ་ལ་ཁད་ཙམ་བྱས། དེ་ནས་ཚང་མས་ཀི་བསྭ་ལྷ་རྒྱལ་སྒྲོག་ཞོར་བསང་དང་ལབ་རྩེར་གཡས་བསྐོར་བྱས་ནས་མུ་མཐུད་དུ་ཞོ་དང་འོ་མ་མཆོད། ཤིན་ཏུ་གནག་ཅིང་ཤ་གནད་རྒྱས་པའི་གདོང་དང་དཔུང་བའི་སྟེང་ལ་ཞོ་དང་འོ་མ་འཐོར་བ་ན་དོམ་ཁྲའི་ཁྱུ་ཞིག་དང་མཚུངས།
འདི་དུས་ཁོ་ཚོར་གཅིག་མཐུན་གྱི་བསང་འབོད་ཆ་ཚང་ཞིག་མེད་པས་མང་ཆེ་བས་ཡང་དང་ཡང་དུ་དུང་བུས་ཤིང་ཀི་སྭོ་ལྷ་རྒྱལ་བསྒྲགས། བགྲེས་སོང་ཡི་དམ་གྱིས་གློ་བུར་དུ་ཧ་ཅང་སེམས་འགུལ་ཐེབས་པའི་ངང་ནས་བློན་ཆེན་དར་དཀར་ཅན་ཕ་མ་འདྲ་བོ། སངས་རྒྱས་བསྟན་པའི་དབུ་འཕང་བསྟོད། ། མགོ་ནག་བོད་ལ་སྡོངས་གྲོགས་མཛོད། ། གེགས་དང་བར་ཆད་སེལ་བར་ཤོག། ཁ་ལས་རླུང་རྟ་དར་བ་ཤོག། ་ཟེར་བ་ན་ཚང་མས་ཀྱང་དེའི་ལད་མོ་བྱས་ནས་རང་ཉིད་གཙོ་བྱས་པའི་ཆུང་མ་བུ་ཕྲུག་བདེ་བ་དང་རྟ་ནོར་ལུག་གསུམ་འཕེལ་བ་སོགས་མདོར་ན་ཡིད་ལ་གང་དྲན་གྱི་འདོད་པ་ཡོངས་རྫོགས་འགྲུབ་པའི་སྨོན་འདེབས་བྱས།
ལོ་འགའི་རྗེས་སུ་ཨ་ལགས་འབྲོང་ཚང་གདན་འདྲེན་བྱས་ནས་ཡོང་སྟེ་ལབ་རྩེ་འདི་བསྐྱར་དུ་སྟོད་སྐབས་ཁོས་ད་གཟོད་ཆ་ཚང་ཞིང་དོན་འདུས་པ། རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་བསང་འབོད་ཅིག་བྲིས་ཡོད་པ་དེའི་སྟེང་ནས་ཁོ་ལ་སྙན་ངག་གི་སྐྱེས་ཐོབ་ཀྱི་ཤེས་རབ་ལྡན་པ་མཚོན་ཐུབ།
4
མི་རྣམས་ཀྱིས་རྟ་ཞིན་ནས་ལབ་རྩེ་གཡས་བསྐོར་གསུམ་བྱས་རྗེས་མར་བབས་ནས་ཡོང་བའི་ཚེ་རིང་འདབས་ན་མི་ཞིག་ལྷུང་ཡོད་པ་མཐོང་ནས་ཚང་མས་ད་གཟོད་དོན་ར་མ་ཡིད་ལ་ཤར་བ་དང་། ཁོའི་གཉེན་ཉེ་འགའ་མྱུར་དུ་སྔོན་ལ་བརྒྱུགས་སོང་། མི་རྣམས་གཅིག་གཉིས་མཐུད་ཀྱིས་ཁོའི་གམ་ལ་ཐོན་པ་ན་དེའི་གཡས་ལག་ནང་ལ་ད་རུང་མེ་འབར་བཞིན་པའི་སྤེན་མ་ཆུན་པོ་ཞིག་བཟུང་ཞིང་ཤིན་ཏུ་སེར་བའི་མིག་ཟུང་སྔར་ལས་ཀྱང་ཇེ་སེར་ཏུ་གྱུར་ཏེ་སྐར་ཆེན་ལྟར་དུ་ཕྱེས་ནས་གན་རྐྱལ་དུ་འགྱེལ་འདུགཐོད་པའི་སྟེང་དུ་རྡོ་ལོག་ཅ་ནེ་འདྲ་བ་ཞིག་འབྱར་ཡོད་པ་དང་། དེའི་སྟེང་ལ་འབྲུག་ཐར་གྱི་ཤིན་ཏུ་ཆེ་བའི་ལག་རྗེས་འདམ་ལོག་བཟུང་བ་ལྟར་དུ་གསལ་པོར་བབས་ཡོད་པར་མ་ཟད་འཚམས་སྐྱིད་ལ་ཆ་རྒྱུས་མངའ་བའི་དུ་དྲི་དེ་འཐུལ་གྱིན་འདུག
་དོན་གྲུབ། དོན་གྲུབ་བགྲེས་སོང་ཡི་དམ་གྱིས་དོན་གྲུབ་ར་མའི་སྣ་སྒོར་ལག་པ་བཞག་ནས་ཅུང་བསྡད་པ་དང་། དེའི་བྲང་ཁར་རྣ་བ་གཏུགས་ནས་ཡུན་རིང་ཉན་རྗེས་མེད་ཀི་ཞོར་ཐོད་བའི་སྟེང་གི་རྡོ་ལོག་དེ་ལེན་རྩིས་བྱས། འོན་ཀྱང་རྡོ་ལོག་དེ་ནི་ཅི་ལྟར་འཐེན་ཡང་ལེན་ཐབས་བྲལ་བས་ཁོ་རང་རེ་ཐག་ཆད་དེ་དོན་གྲུབར་མའི་མོག་ལྕིབས་མར་ལ་དེད། ཡིན་ནའང་ཁོའི་ལག་པ་ཕྱིར་བླངས་མ་ཐག་ལྕིབས་ལ་ལྡེམ་འཕར་བཞག་ཡོད་པ་ལྟར་ཆེ་རུ་ཕྱེས་སོང་། ཁོས་ཡང་བསྐྱར་མིག་ལྕིབས་མར་བཀབ། ལག་པ་བླངས་མ་ཐག་སྔར་ལས་ཀྱང་ཆེ་རུ་ཕྱེས་སོང………
ཨ་ཧོ——ཁྱི་ཕྲུག་འདིས་ངའི་ཕུ་བོ་བསད་སོང་་ཕོ་གསར་ཞིག་བརྒྱུགས་ནས་འབྲུག་ཐར་གྱི་མགོ་ལ་རལ་གྲི་ཤུགས་ཀྱིས་བསྣུན། རལ་གྲི་ཏང་སྒྲ་ཞིག་དང་མཉམ་དུ་དཀྱིལ་ནས་ཆད་དེ་གྲི་རྩེ་སིར་སྒྲ་ཞིག་དང་མཉམ་དུ་ནམ་མཁའ་ནས་ལྡིང་འཁོར་ཞིག་བརྒྱབ་རྗེས་མར་བབས་ཏེ་ཏག་ཏག་བདག་པོའི་སྤྱི་བོར་ཟུག་ནས་དེ་མ་ཐག་ལྔ་ལམ་དུ་མངགས།
་ཨ་ཧོ——སྡིག་ཕྲུག་འདིས་ངའི་བུ་སྟག་ཕྲུག་འདྲ་བ་གཉིས་ཀ་བསད་སོང་། ངས་དེ་རིང་ཁྱོད་ཀྱི་གསོན་སྙིང་དྲོན་པོར་བཟའ་རྒྱུ་ཟེར་ཞོར་རྒད་པོ་ཞིག་གི་མདུང་རིང་མགོ་ལ་བསྐོར་བཞིན་རྒྱུག་ཡོང་སྟེ་འབྲུག་ཐར་གྱི་སོག་དཀྱིལ་ལ་ཤུགས་ཀྱིས་བསྣུན་པ་དང་རང་གི་ཁ་ནང་ནས་ཁྲག་དམར་ལྷོག་གེ་སྐྱུག——མ་གཞི་ཁོས་མདུང་མགོ་ལ་བསྐོར་སྐབས་མདུང་རྩེ་རང་དང་མདང་ཡུ་དགྲ་ལ་གཏད་སོང་།
འབྲུག་ཐར་གྱིས་རང་གི་མགོ་ལ་ལག་སྙོབ་ཅིག་བྱས་པ་ན་སྐྲ་ཉག་གཅིག་ལའང་གནོད་འཚེ་ཐེབས་མེད་པ་འདྲ་བས་ཁོ་རང་དལ་ལྷོད་བག་ཕེབས་ཀྱིས་རྟ་ལ་ཞོན་ནས་སོང་བ་ན་ཚང་མས་ད་གཟོད་ཁོ་པར་མཚོན་མི་འཁོར་བ་ཤེས་ཤིང་། དེའང་ཁོས་ཐོག་མར་བསང་མེ་སྦར་བའི་གྲུབ་འབྲས་རེད་བསམ།
མི་རྣམས་ཕྱོགས་གཉིས་སུ་ཆད་ནས་ཁྱིམ་ལ་ལོག་པ་དང་། དོན་གྲུབ་ར་མའི་གཉེན་ཉེ་གཙོ་བོ་རྣམས་ཀྱིས་དེ་མ་ཐག་རུ་བཀལ་ཅིང་ཕྱུགས་དེད་ནས་རྩེ་ཆུའི་ཕ་རོལ་ཏུ་བབས། སྡེ་བ་འདིའི་མི་རྣམས་སྡོམ་གྱི་དྲ་རྒྱ་ལྟར་དུ་ཕན་ཚུན་ལ་ཉེ་འབྲེལ་ཡོད་པས་འགའ་ཞིག་འགྲོ་སྡོད་གང་བྱེད་དགོས་མ་ཤེས་པར་ཧ་ཅང་མི་བདེ་མའི་གནས་སུ་ལྷུང་།
བགྲེས་སོང་ཡི་དམ་དང་འཇམ་དབྱངས་ཤེས་རབ་གཉིས་ཀྱིས་སྡེ་བའི་ནང་གི་མི་བསམ་ཤེས་འགའ་དང་མཉམ་དུ་དམག་བཟློག་ཏུ་རྟ་གསུམ་ཁྲིད་ནས་རྩེ་ཆུའི་ཕ་རོལ་ཏུ་བརྒྱུགས་ནས་ཚང་མ་ཕན་ཚུན་ལ་ཉེ་འབྲེལ་ཡོད་པ་དང་རུ་སྡེ་གཅིག་གི་ནང་ཡིན་པས་གྱོད་འདི་ཇེ་ཆེར་གཏོང་མི་ཉན་པའི་ཁ་བརྡ་བྱས་ཤིང་། རྩེ་ཆུའི་ཚུ་རོལ་ཏུ་བརྒྱུགས་ནས་གང་མྱུར་གྱིས་མི་སྟོང་འཇལ་ནས་སླར་ཡང་མཐུན་ཐབས་བྱེད་དགོས་རབས་སོགས་བཤད་དེ་མདོར་ན་ཁོ་ཚོ་ཉིན་དེར་རྩེ་ཆུར་ཐེངས་བཅུ་གསུམ་བརྒལ་བས་གཞི་ནས་གྱོད་གཞི་ཐེ་ཆེར་མ་སོང་།
ཕྱི་ཉུ?:U????ན་ནམ་ལངས་དུས་སླར་ཡང་རྩེ་ཆུའི་ཕ་རོལ་ནས་གཏམ་ངན་ཞིག་བསྒྲགས་ཡོང་བ་ནི་ཁ་སང་གི་དོན་རྐྱེན་དེ་ཐོས་མ་ཐག་བརྒྱལ་ནས་དྲན་པ་མ་སོས་པའི་དོན་གྲུབ་ར་མའི་ཨ་མའང་སྐྱ་རེངས་དུས་སུ་ཤི་སོང་ལ་དེའི་འདས་རྐྱེན་ཡང་འབྲུག་ཐར་ལ་རག་ལས་པ་སྨོས་མི་དགོས་ཟེར།
གཟུ་བཤད་སྐབས་ཐོག་མར་གནོད་འཚེ་མྱོང་མཁན་ཕྱོགས་ཀྱི་གཉེན་མིས་མགོ་ནག་བོད་ཀྱི་ལུགས་སྲོལ་ལྟར་ཏེ་ཕོ་སྟོང་བརྒྱད་ཅུ་དང་མོ་སྟོང་བཞི་བཅུ་ཡིན་པས་ན་ཕ་བུ་གསུམ་ལ་རྟ་ནོར་ཉིས་བརྒྱ་བཞི་བཅུ་དང་རྒད་མོར་རྟ་ནོར་བཞི་བཅུ་སྟེ་ཁྱོན་རྟ་ནོར་གཉིས་བརྒྱ་བརྒྱད་ཅུ་ཡིན་པ་དང་། ཕྱུགས་ཀྱི་བཟང་ངན་དང་ཆེ་ཆུང་དེ་བསྲེས་སོང་ཡི་དམ་དང་འཇམ་དབྱངས་ཤེས་རབ་གཉིས་གཙོ་བྱས་པའི་གཟུ་བ་ཚོས་བལྟས་ནས་ཚང་མ་ཆེས་བཟང་གྲས་ཡིན་མི་སྲིད་ལ་ཆེས་ངན་པའང་ཡིན་མི་ཆོག་པར་ཆ་སྙོམས་ཀྱིས་ཕྱུགས་འབྲིང་བ་ཞིག་གི་ཚད་ཐིག་ལྟར་སྤྲོད་དགོས་པ། དེའི་ནང་ལ་རྟ་ཅི་ཙམ་དང་མོ་ཕྱུགས་ཅི་ཙམ་འདུས་དགོས་པ་སོགས་ཀྱི་རེ་བ་བཏོན།
བགྲེས་སོང་ཡི་དམ་གྱིས་སྤྱིར་ན་དེ་ལྟར་ཡིན་མོད། འོན་ཀྱང་ཚང་མས་ཤེས་གསལ་ལྟར། འབྲུག་ཐར་ཚང་ལ་རྟ་ནོར་ཉིས་བརྒྱ་བརྒྱད་ཅུ་ཕར་ཞོག་ཉི་ཤུ་རྩ་བརྒྱད་ཀྱང་མེད་པ་དང་། ལྷག་པར་དུ་ཚང་མར་ཉེ་འབྲེལ་ཡོད་པས་རྟ་ལ་བལྟས་ན་ཚོང་མེད་ཀྱང་སྒ་ལ་བལྟས་ན་ཚོང་རྒྱག་ཟེར་བ་ལྟར་ཤ་རུས་གཅིག་པའི་ཤོ་བོ་རྣམས་ལ་འདང་ཞིག་བརྒྱག་དགོས། དེས་ན་གཉེན་ཉེ་ཚོའི་རོགས་རམ་འོག་ཏུ་འབྲུག་ཐར་གྱིས་རྟ་ནོར་བརྒྱ་དང་བཞི་བཅུའི་མི་སྟོང་སྤྲོད་དགོས་ཟེར་བ་ན་གནོད་འཚེ་འཕོག་མཁན་ཕྱོགས་ཡར་ལངས་ཏེ་སྐད་ཆ་མེད་ཟེར་ནས་འགྲོ་རྩིས་བྱས།
འབྲུག་ཐར་ཡང་ཡར་ལངས་ཏེ་ང་ལ་སུས་ཀྱང་རོགས་རམ་བྱེད་མི་དགོས། དོན་གྲུབ་ར་མའི་བསད་པའི་མི་སྟོང་ལོས་འཇལ། འདས་པོ་གཞན་པ་ཚོས་རང་གིས་རང་སྲོག་བཅད་པའམ་རང་ཉིད་ཚེ་ལས་འདས་པ་ནི་ཚང་མར་གསལ་བ་དེ་རེད། སྤྱིར་དེ་ཚོས་ང་རང་མ་སོད་པ་ལས་མ་བསད་པ་མིན་པའང་ཚང་མར་ལོས་གསལ། འོན་ཀྱང་གང་ལྟར་འདས་སོང་བས་སྐྱུར་ཞོག་ཟེར་ནས་ཕར་འགྱིང་ཚུར་འགྱིང་འགའ་བྱས། སྐབས་དེར་ཁོའི་ལུས་ཡོངས་གཟི་བརྗིད་དང་སྤོབས་པས་ཁེངས་ཡོད་པར་མ་ཟད་གཟུགས་སྟོབས་ཀྱང་སྔར་ལས་ཆེ་རུ་འཕགས་ཡོད་པ་འདྲ་བས་མི་རྣམས་ཀྱི་སེམས་ལ་རང་ཤུགས་ཀྱིས་འཇིགས་སྣང་ཞིག་བྱིན་སོང་། དོན་དངོས་སུ་ཁ་སང་ནས་བཟུང་ཚང་མ་ཁོ་པར་སྐྲག་སོང་།
དེ་མ་རེད་ཟེར་ན…………ཁྱོད་ཚོས་ས་སྙི་སར་གྲོ་མ་བསྐོ་འདོད་རེད་ཁོ་མུ་མཐུད་དུ་ཡར་འགྱིང་མར་འགྱིང་བྱེད་ཞོར་འདས་པོའི་གཉེན་མི་ཚོར་(དོན་དངོས་སུ་དེ་ཚོ་ཁོ་ཚང་ལའང་ཉེ་འབྲེལ་ཡོད། )ཉི ལྟ་བཞིན་ཧིན། ང་རང་དངོས་གནས་འཆི་རྒྱུར་མི་སྐྲག་ཟེར།
མཚམ་ཤིག་ལ་ཁོས་རྐང་པ་གཉིས་ཕྱོགས་སོ་སོར་བཀྱེད། ལག་གཡས་པ་རལ་གྲིའི་ཡུ་བར་འཇུས་ནས་སྐད་ཆེན་པོས་ཁྱོད་ཚོས་བལྟས་ན་ངས་བཤད་པ་དེ་ཨེ་འགྲིག་ཟེར། ཚང་མས་ཅི་ཡང་མ་བཤད་པས་ཁོས་དེ་བས་ཀྱང་སྐད་ཆེན་པོས་ཁྱོད་ཚོ་ལྐུགས་སོང་ངམ་ཟེར་ཞོར་གཡས་རྐང་གིས་ས་ལ་གཅིག་བརྡབས་པ་ན་ཚང་མར་ས་འགུལ་བྱུང་བ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་པ་དང་མཉམ་དུ་མགྲིན་གཅིག་ཏུ་འགྲིག་གི་(ལ་ལས་འགྲིག་ལགས་ )ཟེར།
འོ་ན་དེ་ལྟར་བྱའོ་འབྲུག་ཐར་གྱིས་ས་འགུལ་བྱེད་ཞོར་ཕར་སོང་བ་ན་བགྲེས་སོང་ཡི་དམ་གྱིས་ཁོ་རང་ཕྱིར་བོས་ནས་སྡེ་བ་སྔར་ལས་མཐུན་པོ་ཡོང་ཆེད་ཁྱོད་ཚོས་ཕན་ཚུན་ལ་མནའ་འཇོག་དགོས་ཟེར།
དོན་གྲུབ་ར་མའི་ཨ་ཞང་ཞིག་གིས་ཐོག་མར་ཉི་མ་དེ་རིང་ཚུན་ཆད་ནས་མགོ་རུས་སྐམ་པོ་ས་ལ་འཇོག་རེག་བར་འབྲུག་ཐར་དང་ངེད་ཚང་གི་བར་ན་སྔ་སྔ་འཁོན་གླེང་རྒྱུ་མེད། ད་འཁོན་རྩོད་རྒྱུ་མེད་པར་མ་ཟད་ཕན་ཚུན་ལ་རོགས་ཆེ་ཐུབ་ཆུང་ཐུབ་དང་ཕན་ཆེ་འདོགས་ཆུང་འདོགས་བྱེད་པ་ལས་ཕན་ཚུན་དགྲ་རུ་བཟུང་ན་རང་གི་རྩ་བའི་བླ་མར་ངན་སེམས་འཆང་བ་ལས་གཞན་མེད———རང་སྡེའི་སྐྱ་སེར་གཉིས་ཀ་འདུས་ས་འདི་རུ་དམ་བཅའ་བཞག་པ་ཡིན་ཟེར།
ང་ཡང་དེ་ལྟར་དེ་བཞིན་ཡིན་འབྲུག་ཐར་གྱིས་མུ་མཐུད་དུ་ས་འགུལ་བྱེད་བཞིན་བུད་སོང་།
ཕྱི་ཉིན་ནམ་ལངས་དུས་འཕྲིན་ལས་ཚང་ཕྱིར་རྩེ་ཆུའི་ཚུ་རོལ་ཏུ་ལོག་ཡོད་པར་མ་ཟད་ཏག་ཏག་འབྲུག་ཐར་ཚང་གི་གམ་དུ་སྦྲ་ཕུབ་ཡོད། ཁོས་མཛོ་གཡག་གཉིས་ཁྲིད་ཡོང་སྟེ་འབྲུག་ཐར་ལ་འདི་གཉིས་ངས་ཁྱེད་ལ་བྱིན་པ་ཡིན། མི་སྟོང་འཇལ་བྱེད་བྱོས་ཟེར། འོན་ཀྱང་འབྲུག་ཐར་གྱིས་ང་ལ་སུས་ཀྱང་རོགས་བྱེད་མི་དགོས་ཟེར་ནས་རྟ་ཞོན་ཏེ་རི་ནག་མའི་ཕྱོགས་སུ་སོང་བ་དང་། ཅང་མ་འགོར་བར་རྟ་བཞི་བཅུ་དང་མཛོ་མཛོ་མོ་བཞི་བཅུ་དེད་ནས་ཕྱིར་ཐོན་ཏེ་བགྲེས་སོ་ཡི་དམ་ལ་རྟ་ནོར་གྱི་བཟང་ངན་ལ་ལྟོས་ཟེར།
ཨ་ཙི་ཨ་ཙི། བཤད་རྒྱུ་མེད་བཤད་རྒྱུ་མེད། ངོ་མ་ཀླུ་ཟོག་རེད། གང་ནས་རྙེད་བྱུང།
བཤད་རྒྱུ་མེད་ན་ཁོང་ཚང་ལ་སྤྲོད་རྒྱུ་ཡིན་འབྲུག་ཐར་གྱིས་ཕྱུག་ཟོག་དེ་རྩེ་ཆུའི་ཕ་རོལ་ཏུ་བརྒྱབ་ནས་ཕྱིར་ཡོང་།
དེ་ནས་ཁོ་ཚོའི་གྱོད་འགྲིག་སོང་ནའང་དོན་གྲུབ་ར་མའི་གཉེན་ཉེ་རྣམས་ནམ་ཡང་ཕྱིར་མ་ཡོང་བས་ཁོ་ཚོ་རུ་སྡེ་གཉིས་སུ་ཆད་སོང་ལ། དེ་སྔོན་རང་ཡུལ་སྐྱིད་པའི་རྨི་ལམ་གཞུང་ནས་ཀྱང་ཕལ་ཆེར་འདི་ལྟར་ཆད་ཡོང་བ་རེད།
གཉིས
1
དོན་གྲུབ་ར་མ་གཅེན་གཅུང་གཉིས་ཀ་འཚམས་སྐྱིད་ཀྱི་མ་སྤུན་ཏེ་ཁོ་གཉིས་ཀ་འཚམས་སྐྱིད་ཀྱི་མ་སྤུན་ཏེ་ཁོང་གཉིས་ཀྱི་ཨ་མ་འཚམས་སྐྱིད་ཀྱི་ཨ་ནེ་ཡིན་པས་་ལྔ·བཞིའི་དོན་རྐྱེན་་བྱུང་བ་ནས་འཚམས་སྐྱིད་ཀྱི་ངུ་མཚམས་མ་ཆད། ད་ལྟ་ཁོ་མོའི་མིག་ཟུང་སྐྲངས་ནས་བྱ་སྒོང་གཉིས་དང་མཚུངས་པས་འབྲུག་ཐར་གྱི་སེམས་པ་བདེ་ཐབས་བྲལ་བ་དང་། ལྷག་པར་དུ་ཁོས་ཕྱུགས་ཟོག་བརྒྱད་ཅུ་རྩེ་ཆུའི་ཕ་རོལ་ཏུ་རྒྱག་རེག་བར་ལ་དོན་གྲུབ་ར་མའི་ཤིན་ཏུ་སེར་ཞིང་བཙུན་རྒྱུམེད་པའི་མིག་ཟུང་ཁོའི་མིག་ལམ་ནས་སྐད་ཅིག་ཙམ་ལའང་ཡལ་ཐབས་བྲལ་བས་ཁོ་པ་ཕྱིར་རང་ཁྱིམ་ལ་ཐོན་མ་ཐག་སློག་པའི་གོང་བས་མགོ་བཏུམས་ནས་གཉིད་དུ་ཡུར། འཚམས་སྐྱིད་ཀྱིས་ཝེ། ཡང་དོན་རྐྱེན་བྱུང་སོང་ཟེར་ཞོར་ཁོའི་གོང་ཁ་ནས་འཐེན་རེག་བར་ལ་མ་སད།
ཅི་རེད།
ཀླུ་མོ་སྐྱིད་བོར་སོང་ཟེར། ཕལ་ཆེར་ཆུ་ནང་ལ་ལྡིང་བ་འདྲ། ཚང་མ་ཁོ་མོ་འཚོལ་དུ་འགྲོ་གིན་འདུག ཁྱོད་མི་འགྲོའམ། ཡོད་ཚད་འདྲེ་མོ་དེ་ལན་པ་ཡིན། ང་མི་འགྲོ་
འབྲུག་ཐར་གྱིས་ཡང་བསྐྱར་གོང་བས་མགོ་བཏུམས་ནས་ཕྱིར་ལྷུང་། ཁོའི་མིག་ལམ་དུ་ཀླུ་མོ་སྐྱིད་ཀྱི་ཡིད་དབང་འཕྲོག་པའི་མཛེས་སྡུག་ཡོངས་སུ་ཤར། ཁོ་མོའི་དོན་དུ་དོན་གྲུབ་ར་མས་སྡེ་དཔོན་གྱི་བུའི་མགོ་བོ་བཅད་རྗེས་གཉེན་ཉེ་རྣམས་ཁྲིད་དེ་རང་ས་སྐྱིད་པོའི་རྨ་གཞུང་བསྐྱུར་ནས་ཡོང་སྐབས་འབྲུག་ཐར་གྱིས་ཀླུ་མོ་སྐྱིད་ཀྱི་གདོང་ལ་ལྟ་བཞིན་སེམས་ལ་དོན་གྲུབ་ར་མར་ཁག་མེད། འདི་འདྲའི་གཞོན་ནུ་མ་ཞིག་གི་དོན་དུ་ཕ་ཡུལ་ཕར་ཞོག འཇིག་རྟེན་འདི་བསྐྱུར་དགོས་ཀྱང་འགྱོད་པ་མེད་བསམ།
འབྲུག་ཐར་སླར་ཡང་གློ་བུར་དུ་ཡར་ལངས་ནས་སྦྲ་སྒོར་བུད་དུས་མི་རྣམས་རྟ་ལ་ཞོན་ནས་གཉིས་རེ་གསུམ་རེ་སྐོར་སྐོར་བྱས་ནས་རྩེ་ཆུའི་འགྲམ་རྒྱུད་དེད་དེ་མར་འགྲོ་གིན་འདུགཁོ་རང་ཡང་ཆུ་འགྲམ་སྤེན་མ་ཆུན་པོ་ཞིག་ལ་བཏགས་ཡོད་པའི་རྟ་གམ་ལ་སོང་བའི་ཚེ་སྲམ་ཕྲུག་གཉིས་ཀྱིས་ཁུང་སྒོ་ཞིག་ན་ཕན་ཚུན་རྩེད་མོ་བྱེད་ཀྱིན་ཡོད་པ་མཐོང་ནས་ཁོས་ཉིན་འགའི་སྔོན་བསད་པའི་སྲམ་དེ་ཡིད་ལ་དྲན། སྤྱིར་སྲམ་བསད་ན་ཐོག་མར་འདི་ལ་སྣ་མེད་ཟེར་དགོས་ལ་རོགས་པས་ཀྱང་དེ་ལྟར་བཤད་དགོས། ཁོས་ཀྱང་དེ་དུས་དེ་ལྟར་བཤད་ནའང་བུ་མགོན་པོ་རྣམ་རྒྱལ་གྱིས་ཨ་ཕ། འདི་སྣ་མིན་ནམ་ཟེར་ནས་སྲམ་རོ་དེའི་སྣ་ལ་མཛུབ་སྟོན་ཞིག་བྱས། ཁོ་རང་འཚུབ་ཆ་ལངས་ཏེ་བླུན་ཕྲུག་ཁ་ནག་ཟེར་ཞོར་བུལ་འགྲམ་ལྕག་གཅིག་བརྒྱབ་ནས་སྣ་མེད། སྣ་མེད་ཅེས་བཤད།
སྣ་ཡོད་བཞིན་དུ‘སྣ་མེད’ཟེར་བར་མ་ཟད་ད་དུང་ང་ལ་རྒྱག་དགོས་དོན་ཅི་ཡིན་བྱིས་པ་དེས་ངུ་སྐད་རྒྱག་བཞིན་ས་ནས་འཕག་འཚག་བྱས།
འདི་ང་ལ་བློན་ཆེན་དང་དཀར་ཅན་གྱིས་གནང་བ་རེད་ཁོས་མུ་མཐུད་དུ་སྣ་མེད། སྣ་མེད་ཅེས་བཤད། འོན་ཀྱང་དེ་ནས་བཟུང་ཁོའི་སེམས་ལ་དོན་དག་མི་ལེགས་པ་ཞིག་འབྱུང་རྒྱུའི་སྔོན་ཚོར་སྐྱེས།
འབྲུག་ཐར་གྱི་མི་འགའི་རྗེས་ཟིན་ཏེ་ཁོ་ཚོ་དང་མཉམ་དུ་ཆུ་འགྲམ་དེད་ནས་མར་སོང་། རྩེ་ཆུ་རིང་མོ་དལ་གྱིས་བཞུར་གྱིན་ཡོད་པ་དང་། མཚམས་ལ་ལར་ཀློང་འཁོར་འཁྱིལ་ནས་གཏིང་མི་མངོན་ནའང་སྤྱིར་ཆུ་རྒྱུད་ཡོངས་རྫོགས་དྭངས་ཤིང་གསལ་བས་ཞབས་ཀྱི་རྡོའང་མཐོང་ཐུབ་པར་མ་ཟད་རྟ་མགོའི་ཆེ་ཚད་ཀྱི་རྡོ་སྒོང་ལ་ལ་ཆུའི་ཁར་བུད་འདུག་པས་མི་རོ་ཞིག་མི་མཐོང་ས་གཏན་ནས་མེད།
ཁོ་ཚོ་ས་རུབ་རེག་བར་དུ་སོང་ནའང་ཅི་ཡང་མ་རྙེད། ལམ་བྲོ་བཟུང་མེད་པས་ལྟོགས་སྐོམ་གྱིས་མནར་བ་དང་། ལྷོ་ནུབ་མཚམས་ཀྱི་ཟོར་བ་འདྲ་བའི་ཟླ་གམ་དེའང་ནུབ་རིར་ཡལ་བས་རྩེ་ཆུའི་བཞུར་སྒྲ་རྣ་བས་ཐོས་པ་ཙམ་ལས་མིག་གིས་ཅི་ཡང་མཐོང་རྒྱུ་མེད་པས་ཚང་མ་རྟ་ལས་བབས་ཏེ་རྟ་སྒས་སྔས་མགོ་བྱས་ཤིང་སྒ་སྟན་ཞབས་ལ་བཏིང་ནས་སྐ་རགས་ཀྱང་མ་གྲོལ་བར་ཉལ།
ཕྱི་ཉིན་ཁོ་ཚོས་མུ་མཐུད་དུ་ཆུ་རྒྱུད་དེད་ནས་མདུན་དུ་སྐྱོད། ཉིན་གུང་ཕྱི་ཙམ་ལ་རྩེ་ཆུ་དེ་ཆུ་ཆེན་ཞིག་ལ་འདྲེས་ཡོད་པ་དེ་ནི་རྨ་ཆུ་རེད། དེ་སྔོན་ཁོ་ཚོས་ལ་ལུང་མང་པོ་བརྒྱུད་ནས་རང་གི་སེམས་ལ་གནམ་མཐར་སླེབས་ཡོད་བསམ་པའི་རྒྱང་སྐྱོད་ཅིག་བྱས་པ་དེའང་མ་གཞི་རང་གི་ལྟེ་ཁྲག་འཐིམས་པའི་རྨ་ཀླུང་གཙང་པོའི་འགྲམ་ནས་ཉིན་གཅིག་ལྷག་གི་བར་ལ་མ་གཏོགས་སླེབས་མེད།
ༀ་མ་ཎི་པདྨེ་ཧྰུྃ། ད་ནི་ང་ཚོས་ནམ་ཡང་ཁོ་མོ་རྙེད་མི་སྲིད་བགྲེས་སོང་མི་དམ་གྱིས་ཚང་མར་ཕྱིར་འགྲོ་བའི་ལག་བརྡ་ཞིག་བྱས།
ཟླ་འགའི་རྗེས་སུ་འཇམ་དབྱངས་ཤེས་རབ་ཀྱིས་ད་ནི་རབ་བྱུང་བ་ཞིག་མུ་མཐུད་ནས་ཁྱིམ་དུ་སྡོག་མི་རུང་བས་དབེན་གནས་སུ་འགྲོ་དགོས་ཟེར་བས་མི་འགས་ཁོ་པར་སྐྱེལ་མ་བྱས་ནས་མི་རོ་དུང་དཀར་ངོས་ན་བྲག་ཕུག་ཅིག་ཡོད་པ་དེའི་ནང་ལ་སོང་བ་ན་ཀླུ་མོ་སྐྱིད་ཀྱིས་ལུས་དང་ངོ་མདོག་སྔར་ལས་གཟི་མདངས་བཀྲ་བའི་ངང་ལག་ཟུང་སྙིང་ཁར་ཐལ་མོ་སྦྱར་ཞིང་རྡོ་རྗེ་དཀྱིལ་ཀྲུང་དུ་བསྡད་དེ་དངུལ་གྱི་དྲིལ་བུ་དཀྲོལ་འདྲའི་སྐད་གདངས་སྙན་མོས<<སྒྲོལ་བསྟོད>>འདོན་གྱིན་འདུག ཁོ་མོའི་ཕྲ་ཞིང་ལྡེམ་པའི་ལུས་ལ་ཅི་ཡང་གོན་མེད་ལ་ཐ་ན་ཆེས་གསང་བའི་གནས་དེའང་བཀབ་མེད་པས་ཨི་ཌ་ལིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་གཞོན་ནུ་མ་སྒྲེན་མོའི་སྣུམ་རིས་ཤིག་དང་འདྲ། ཕངས་པ་ཞིག་ལ་ཁོ་མོའི་གནག་ཅིང་སྣུམ་པའི་སྐྲའི་ལན་བུ་ཟུང་རྩ་བ་ནས་བྲེགས་ཟིན།
ཀླུ་མི་སྐྱིད། ང་ཚོས་ཁྱོད་རང་བཙལ་བ་ལ། ཁྱོད་འདི་ན་ཡོད་དམ། ཁྱོད་ཀྱི་བ་འདི……
་ངས་ཁྱོད་ཚོ་ངོ་མི་ཤེས། ངས་འཇིག་རྟེན་འདི་ངོ་མི་ཤེས།
་ཁྱོད་རང་ད་བར་དུ་འདི་ལྟར་བསྡད་པ་ཡིན་ནམ། ཁྱོད་ཀྱིས་གོན་པ་གྱོན་མི་དགོས་སམ། མ་མཐའ་ཡང་ཟ་མ…………
དེ་དག་ཁྱོད་ཚོ་འཇིག་རྟེན་པའི་དོན་དག་རེད།
འཇམ་དབྱངས་ཤེས་རབ་ཀྱིས་ཁོ་མོར་ཕྱག་གསུམ་འཚལ་རྗེས་ཚང་མར་ཕྱིར་འགྲོ་བའི་ལག་བརྡ་ཞིག་བྱས་པ་ན་ཚང་མས་ད་གཟོད་ཁོ་མོ་གཞན་དང་མི་འདྲ་བ་ཤེས་ནས་སོ་སོས་ཕྱག་གསུམ་རེ་འཚལ་ནས་ཕྱིར་ལོག
2
འཇམ་དབྱངས་ཤེས་རབ་ཀྱིས་རི་ནག་མའི་ཉིན་ངོས་ནས་ས་ཁུང་གྲུ་བཞི་མ་ཞིག་བརྐོས་ནས་ནང་དུ་བསྡད། དེ་ཐོས་རྗེས་སྡེ་བའི་ནང་གི་གྲྭ་པ་གཞན་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་དེར་འདུས་ཏེ་ལ་ལས་ས་ཁུང་བརྐོས་པ་དང་ལ་ལས་རས་གུར་ཆུང་ཆུང་ཕུབ་ནས་བསྡད
ཅང་མ་འགོར་བརརི་ནག་མའི་ཉིན་ན་གྲྭ་པ་ལྔ་བཅུ་ལྷག་ཡོད་པས་སྡེ་བས་ཁོ་ཚོར་རས་ཀྱི་འདུ་ཁང་ཁང་པ་འདྲ་བ་ཞིག་བཟོས་ཤིང་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་འཇམ་དབྱངས་ཤེས་རབ་ཀྱི་འགོ་ཁྲིད་འོག་ཏུ་ཐོག་མར་ཚོགས་འཚོགས་ཏེ་ཆོས་སྒྲ་སྒྲོགམི་རྣམས་ཀྱི་དད་པ་ཇེ་ཆེར་སོང་སྟེ་མ་མཐའ་ཡང་ཁྱིམ་རེའི་ཞི་ལི་གཅིག་རེར་རབ་བྱུང་བསྒྲུབ་ཏུ་བཅུག་པ་ན་གྲྭ་པ་བརྒྱ་ལྷག་ཡོད་པས་རས་གུར་གྱི་འདུ་ཁང་ནང་དུ་མི་ཆུད་པ་དང་། གནམ་གཤིས་ཇེ་འཁྱག་ཏུ་སོང་བ་དང་མཉམ་དུ་གྲྭ་པ་ཚོའི་ངོ་མདོག་ཇེ་སྔོ་དང་སྣ་ཆུ་ཇེ་མང་དུ་སོང་སྟེ་དངོས་གནས་ཚོགས་འཚོགས་ཐབས་བྲལ།
……………………………
བོད་ཟླ་བཞི་བ་ནས་བཟུང་མེ་ཏོག་སྣ་ཚོགས་ཀྱིས་སེར་པོ་ནས་སྔོན་པོ་དང་སྔོན་པོ་ནས་དཀར་པོ། དཀར་པོ་ནས་དམར་པོ་སོགས་མདོར་ན་ཟླ་རེར་ས་གཞིའི་ཁ་དོག་ཐེངས་རེ་བསྒྱུར་བར་བྱེད་པ་དང་དེ་དང་མཉམ་དུ་དྲི་ངད་ཞིམ་པོའང་གཅིག་འཕྲོར་གཅིག་ཏུ་འཐུལ་ཡོང་།
རྩྭ་སྔོ་མེ་ཏོག་ཅུང་ཙམ་ཟོས་པ་ནས་བརྒྱགས་དྲགས་པའི་ཕྱུགས་ཟོག་གིས་དབུགས་ལྷེམ་ལྷེམ་གཏོང་བཞིན་ཉལ་འདུག་པ་དང་། འགའ་རེ་ཅུང་སྲབ་པའི་ཆུ་ནང་དུ་ཉལ་ཏེ་རང་ལུས་ལ་བསིལ་བ་ཐོབ་པར་བྱེད། ཉིན་རེར་ཐེངས་གསུམ་བཞོས་ནའང་འོ་མ་མང་དྲགས་ནས་ནུ་མ་འགད་ལ་ཁད་བྱེད་པའི་བཞོན་མ་རྣམས་ཀྱི་ཉལ་ཤུལ་ན་ནམ་རྒྱུན་འོ་མ་ས་ལ་འཁྱིལ་འདུག
ཕྱུགས་ཟོག་རུ་འདབས་ནས་ཅུང་ཕར་དེད་པ་དང་རྟ་ཁྱུ་རྐྱང་དང་འདྲེས་ཤིང་ནོར་ཁྱུ་འབྲོང་དང་འདྲེས། ལུག་ཁྱུ་དགོ་དང་འདྲེས་ནས་ཕན་ཚུན་མཛའ་བརྩེའི་རྩེད་འཇོར་རོལ་བར་བྱེད།
སྲོད་དང་ཞོགས་པའི་དུས་སུ་རི་མགོ་ནས་ཁུ་བྱུག་སྔོན་མོས་གླུ་ལེན་པ་དང་སྤང་གཞུང་ནས་ཁྲུང་ཁྲུང་དཀར་མོས་གར་བྱེད་པ་སོགས་ཀྱིས་དང་ཐོག་རང་ས་རྨ་ཡུལ་དྲན་ནས་ཉིན་ལྟར་རི་རྩེར་འགོས་ནས་བཤུལ་ལམ་དུ་བལྟས་འདུག་པའི་བགྲེས་སོང་ཡི་དམ་ཡང་རིམ་བཞིན་རྩེ་གཞུང་ཡུལ་ལ་བརྩེ་དུང་ཆགས་ནས་གཏན་དུ་འདི་རུ་གནས་པའི་སེམས་ཐག་བཅད་པ་དང་འཇམ་དབྱངས་ཤེ་རབ་ཀྱི་རེ་འདོད་དང་དུ་བླངས་ཏེ་སྡེ་བ་གཉིས་ཀའི་སྐྱེས་པ་རྣམས་བསྡུས་ནས་གྲྭ་པ་ཚོར་འདུ་ཁང་བཞེང་རྒྱུའི་ཐད་ལ་གྲོས་བསྡུར་བྱས།
འདུ་ཁང་བཞེང་བར་ཚང་མའི་སེམས་ནས་འཐད་པ་བྱུང་ནའང་གཅིག་གིས་ཀྱང་ཁ་མི་གྲགས་པར་འབྲུག་ཐར་གྱི་གདོང་ལ་བལྟས་འདུག་ལྔ་བཞིའི་དོན་རྐྱེན་བྱུང་བ་དང་ས་འགུལ་བསླངས་པ། ལྷག་པར་དུ་ཀླུ་ཟོག་རྙེད་པ་ནས་འབྲུག་ཐར་ལ་ངང་ངམ་ཤུགས་ཀྱིས་ཚང་མའི་བརྩི་བཀུར་ཐོབ་འདུགའོན་ཀྱང་འབྲུག་ཐར་ནི་སྔར་ནས་ཁ་མི་གྲག་པའི་མི་ཞིག་ཡིན་པའི་ཁར་ལྔ·བཞིའི་དོན་རྐྱེན་བྱུང་བ་ནས་ཁོས་མ་ཎི་འདོན་པ་ལས་སྔར་ལས་ཀྱང་སྐད་ཆ་ཇེ་ཉུང་དུ་གྱུར་འདུག
འབྲུག་ཐར་གྱིས་བལྟས་ན་ཅི་འདྲ་རེད་ཡུན་རིང་འགོར་རྗེས་བགྲེས་སོང་ཡི་དམ་གྱིས་དེ་ལྟར་བཤད་པ་དང་འབྲུག་ཐར་ད་གཟོད་ཡར་དགྱེ་བ་ན་ཚང་མས་ཁོའི་གདོང་ལ་བལྟས་འདུག་པས་ཁོས་འཚབ་འཚུབ་གྱིས་ཨ། ཨོ། ཨ་མྱེས་ཡི་དམ་གྱིས་བལྟས་ན་ཅི་འདྲ་རེད། ཨ་ཁུ་འཇམ་དབྱངས་ཤེས་རབ་ཚང་གིས་གཟིགས་ན་ཅི་འདྲ་རེད། ཚང་མས་བལྟས་ནས་ཐག་གཅོད་བྱོས། ང་ལ་འདྲི་རྒྱུ་ཅི་ཡོད་ཟེར།
གལ་ཏེ་ཨ་ཇོ་འབྲུག་ཐར་འཐད་པ་ཡིན་ན་ང་རང་ཡང་འཐད་པ་ཡིན་འཕྲིན་ལས་འབྲུག་ཐར་གྱི་གམ་ལ་གཅིག་བཅར་ནས་འཛུམ་དམུལ་དམུལ་གྱིས་དེ་ལྟར་བཤད། ཁོ་རང་འབྲུག་ཐར་ལས་ལོ་ཆེ་ནའང་ལྔ·བཞིའི་དོན་རྐྱེན་ནས་བཟུང་འབྲུག་ཐར་ལ་ཨ་ཇོ་ཞེས་འབོད་པར་མ་ཟད་ཅི་ནུས་གང་ཐུབ་ཀྱིས་འབྲུག་ཐར་གྱི་གམ་ལ་བཅར་ནས་ཁ་ཡག་ངོ་དགའ་བྱེད་ཀྱིན་འདུག
འབྲུག་ཐར་གྱི་ཧ་ཅང་སུན་སྣང་གིས་འཕྲིན་ལས་ལ་སྡང་མིག་ཅིག་བགྲད་དེ་ཕར་འཁོར། འཇིག་རྟེན་ན་འདི་འདྲའི་རིགས་ཀྱི་མི་ཞིག་ཡོད་དེ། ཁྱོད་ཀྱིས་ཁོ་པར་བློ་གཏོད་བྱེད་མི་རུང་བ་གསལ་པོར་ཤེས་ནའང་ཁོ་ཚོ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཁྱོད་ཀྱི་གམ་ལ་ཡོང་ནས་ཁ་ཡག་ངོ་དགའ་བྱེད་པས་མཇུག་མཐར་ཁྱོད་རང་ཡང་ཐབས་ཟད་དེ་ཁོ་པར་འཛུམ་རེ་སྟོན་པ་དང་ཐ་ན་གྲོགས་པོར་མི་བརྩི་ཐབས་མེད་དུ་འགྱུར་སྲིད། དེའི་ཕྱིར་དུས་ནམ་ཞིག་ལ་འབྲུག་ཐར་གྱིས་ཀྱང་འཕྲིན་ལས་རང་གི་གྲོགས་པོའམ་གཉེན་ཉེར་མི་བརྩི་ཐབས་མེད་དུ་འགྱུར་སྲིད།
འཐད་པ་ཡིན———ཚང་མས་མགྲིན་གཅིག་ཏུ་འཐད་པ་ཡིན་ཟེར།
ཁོ་ཚོ་རིམ་བཞིན་དཀའ་ཚེགས་མང་པོར་འཕྲད་པའི་ཐོག་མ་ལག་རྩལ་པ་གང་ལ་འཚོལ་དུ་འགྲོ་རྒྱུ་དང་ཉེ་འགྲམ་ན་ནགས་མེད་པས་ཤིང་སྡོང་ཅི་ལྟར་སྐྱེལ་འདྲེན་བྱེད་རྒྱུ་དེ་རེད།
མིའི་རིགས་ཀྱིས་འཁོར་ལོ་ཞེས་པ་སྔར་ནས་གསར་གཏོད་བྱས་ཡོད་ནའང་རྩེ་གཞུང་སྡེ་བའི་མེས་པོའི་རིང་ནས་དེ་ནི་འགྲིམ་འགྲུལ་གྱི་ཕྱོགས་སུ་བཀོལ་ཆོག་པ་ཞིག་ཡིན་པ་རྨི་ལམ་ལའང་མ་ཤར(ཁོ་ཚོའི་རྗེས་རབས་པས་ཐེངས་དང་པོར་རླངས་འཁོར་མཐོང་དུས་ད་གཟོད་ཐུན་འདྲེ་འདི་མ་གཞི་ཁོ་ཚོས་རྒྱུན་པར་དགོན་པའི་འདུ་ཁང་གི་ཀླད་ནས་མཐོང་བའི་འཁོར་ལོ་བཞིའི་སྟེང་དུ་འགྲོ་བཞིན་པ་གཞི་ནས་ཤེས། )པས་རྟ་ཞོན་ནས་སོང་ན་ཉིན་གང་གི་ལམ་ཐག་ལས་མེད་པའི་ཁོ་ཚོའི་སྔོན་ཆད་མདའ་ཤིང་བཏུས་མྱོང་བའི་ནགས་ཚལ་དེ་ནས་སྡོང་བོ་བཅད་དེ་བུ་ག་བཏོད་རྗེས་རྩིད་ཐག་དང་འབྲེང་བ་བརྒྱུས་ནས་མཛོ་གཡག་མང་པོའི་སྐེ་ལ་བསྐོན་ཏེ་མི་རྣམས་ཀྱིས་ཕ་གསོད་ལག་དམར་མཐོང་བ་ལྟར་ལྕག་དང་དབྱུག་པས་བྲབས་ནས་འདྲུད་དུ་བཅུག
སྐབས་འདིར་འཕྲིན་ལས་ནི་ཆེས་ཧུར་བརྩོན་ཅན་ཞིག་ཏུ་གྱུར་ཏེ་མཛོ་གཡག་རྣམས་ལ་ཁ་མིག་དབྱེར་མེད་དུ་བརྡུངས་ནས་ལ་ལའི་དྲུག་སྟེང་ནས་ཁྲག་དམར་འཛར་གྱིན་འདུག་པས་བགྲེས་སོང་ཡི་དམ་གྱིས་མིག་གིས་མ་བཟོད་པར་དེ་འདྲ་མ་རྡུང་སྙིང་རེ་རྗེ། དུད་འགྲོ་ཁ་མེད་ལྕི་མེད། ༀ་མ་ཎི་པདྨེ་ཧྰུ……་ཟེར་ནའང་འཕྲིན་ལས་དཔའ་མི་ཞུམ་པར་མུ་མཐུད་དུ་བརྡུངས་པས་མཚན་མོར་རང་གི་ལག་པ་སྐྲངས་ནས་ན་ཟུག་བཟོད་ཐབས་མེད་པ་སྐྱེས་ཏེ་མཚན་གང་པོར་འཁུན་སྒྲ་བསྒྲགས་ནས་གམ་གྱི་འབྲུག་ཐར་ཡང་གཉིད་དུ་མ་བཅུགཁོས་འདི་འདྲའི་ཧུར་བརྩོན་བྱེད་པའི་རྒྱུ་མཚན་ནི་འབྲུག་ཐར་གྱིས་ཀྱང་འདུ་ཁང་བཞེང་བར་ཧུར་བརྩོན་བྱེད་ཀྱིན་ཡོད་རེད། འོན་ཀྱང་ཕྱི་ཉིན་ཁོས་ན་ཟུག་བསྲན་ནས་མུ་མཐུད་དུ་ཁལ་མར་བརྡུངས་པ་ན་འབྲུག་ཐར་འཚིག་པ་ཟོས་ཝེ། འཕྲིན་ལས་ཁ་ཤོཁྱོད་མ་གཏོགས་ལག་པ་མེད་པ་ཨེ་རེད། མཚན་མོར་རོགས་པ་ཚོ་གཉིད་དུའང་མི་འཇུགཧུན་ཟེར་བས་འཕྲིན་ལས་ཀྱི་རྗེ་ངར་ནང་ལ་ཞ་ཉེ་བླུགས་པ་ལྟར་ཡུན་རིང་བར་ལ་མི་རྣམས་ཀྱི་རྗེས་སུ་ལུས་སོང་།
ཁོ་ཚོས་མུ་མཐུད་དུ་ཁལ་མར་ལྕག་གིས་བྲབས་པ་དང་མགྲིན་པ་འགགས་རེག་བར་ལ་ཁུ་ཁུ། ཁོ་ཁོ། ཆོ་ཆོ། ཞེས་སྒྲོག་བཞིན་རི་ནག་མའི་ཉིན་ངོས་སུ་སླེབས་དུས་ཁྱིམ་དང་བྲལ་ནས་ཟླ་ཕྱེད་ལྷག་འགོར་ཡོད་ནའང་སྡེ་བ་གཉིས་ཀས་ཁྱོན་བསྡོམས་སྡོང་རྒན་བཞི་ལས་འདྲུད་ཐུབ་མེད། གང་ལྟར་མི་ཕྱུགས་གཉིས་ཀས་ཉིན་གཉིས་ལ་ངལ་གསོ་བྱས་རྗེས་སླར་ཡང་བྲོ་ཁ་བཟུང་ནས་ལམ་ལ་ཆས། སྡོང་བོ་སྦོམ་པོ་རྣམས་དྲུད་ནས་ཡོང་། ཕྲ་མོ་རྣམས་བཀལ་ནས་ཡོང་། དང་ཐོག་ཁལ་མ་ཚོའི་སྐེ་ན་ཁྲག་བཞུར། རྒྱབ་ནས་རྣག་བཞུར། སླར་ཡང་རྨ་ཁ་སོས་ནས་སྟེང་ལ་ཀོ་དྲེག་འཐུག་པོ་རེ་ཆགས
དུས་ཚོད་ཅི་ཙམ་འགོར་བ་མ་ཤེས་ལ་སྡོང་བོ་ཅི་ཙམ་བསྐྱལ་པའང་མ་ཤེས། དུས་ནམ་ཞིག་ལ་རི་ནག་མའི་ཉིན་ངོས་ནས་ཤིན་རུ་གསལ་བའི་ལམ་ཞིག་ཤར་ཕྱོགས་སུ་ནག་ཤར་རེར་འཐེན་ཡོད།
3
བསྟན་པ་རྒྱ་མཚོ་ནི་འཇམ་དབྱངས་ཤེས་རབ་ཀྱི་འཕྲོ་ནས་གྲྭ་པ་ཚོའི་ནང་གི་ལོ་ན་ཆེས་མཐོ་བ་སྟེ་ལོ་བདུན་ཅུ་དོན་ལྔ་ཡིན། ཁོ་རང་འཇམ་དབྱངས་ཤེས་རབ་དང་འདྲ་བར་ཁོ་ཏོན་དགེ་སྦྱོར་ལ་བརྩོན་པ་ཞིག་མིན་ནའང་ཕྲེང་བས་མོ་རྩིས་བྱས་ན་མངོན་མཁྱེན་ཡོད་པ་དང་འདྲ་ཟེར། ཁོ་པར་ཤིན་ཏུ་ཆེ་ཞིང་བྱ་རྒོད་ཀྱི་མཆུ་ལྟར་མར་གུག་ནས་ཡ་ཁ་ཡོངས་རྫོགས་བཀབ་འདུག་པའི་སྣ་ཞིག་ཡོད་པ་དང་། སྣ་དེའི་ནང་ལ་ཐེངས་རེར་སྣ་ཐ་སྲང་གསུམ་རེ་དང་ཉིན་རེར་ཐེངས་དགུ་ལ་མཁོ་སྤྲོད་བྱེད་དགོས། ཁོས་བཤད་ན་སྣ་ཐ་མེད་པ་ལས་ཟ་མ་མེད་ན་ད་རུང་བསྲན་སླ་ཟེར། ད་ལྟ་ཁོ་པར་སྣ་ཐ་ཆད་ནས་ཉིན་བདུན་འགོར་བས་འཇམ་དབྱངས་ཤེས་རབ་ནམ་ཕྱིར་སླེབས་པར་ཉིན་རེར་མོ་རེ་འདེབས་ཀྱིན་ཡོད། རྒྱུ་མཚན་ནི་ཁོས་འཇམ་དབྱངས་ཤེས་རབ་ལ་རྡོ་ཐ་བསྐུར་ཡོད་པས་རེད། ད་ནངས་ཁོས་མོ་རྩིས་བྱས་རྗེས་འཇམ་དབྱངས་ཤེས་རབ་དེ་རིང་ཕྱིར་མ་ཐོན་ན་ངས་ད་ནས་བཟུང་མོ་མི་འདེབས་ཁོ་ཐག་ཡིན་ཟེར་ནས་སྣ་ཐ་འཐག་བྱེད་ཀྱི་ལག་བསྐོར་རྡོ་ལེབ་བླངས་ནས་གྲ་སྒྲིག་བྱས་འདུག
ཤར་ཕྱོགས་སུ་འཐེན་པའི་ལམ་ནང་དུ་མི་ཚོགས་སྐོར་ཞིག་མངོན་པ་དང་རིམ་བཞིན་གཡེར་དྲིལ་གྱི་སྒྲ་ཞིག་སི་ལི་ལི་གྲག་ཡོང་།
བསྟན་པ་རྒྱ་མཚོ་གཙོ་བྱས་པའི་གྲྭ་པ་རྣམས་དང་རི་ནག་མ་དང་བར་ཐག་མི་རིང་བའི་སྡེ་བའི་ནང་གི་ཕོ་མོ་རྒན་གཞོན་ཚང་མ་མ་གྲོས་རང་མཐུན་གྱིས་ཤར་ཕྱོགས་སུ་བརྒྱུགས། ཉེ་སར་ཐོན་པ་ན་ཕྱོགས་གཉིས་ཁས་འགྲོ་མཚམས་བཞག་སྟེ་ཧ་ཅང་ཡ་མཚར་བའི་ངང་ཕན་ཚུན་ལ་བལྟས་ནས་འདུགམགྲོན་པོ་རྣམས་རྐྱང་དང་འདྲ་བའི་རྣ་བ་ཆེ་བའི་སྲོག་ཆགས་ཤིག་ལ་ཞོན་ཞིང་དེ་དག་ལ་ཁལ་མ་བཀལ་ཡོད། རེ་རེའི་ལུས་ཤ་སྐམ་ཞིང་ངོ་མདོག་སྐྱ་བ། ལོ་ཚད་མི་འདྲ་བའི་མ་གཏོགས་ཚང་མ་མི་གཅིག་ཡིན་པའི་སྣང་བ་སྟེར། ཡོང་མཁན་ཚེས་ཀྱང་ལུས་ཤ་རྒྱས་ཤིང་ཁ་དོག་ནག་པ། བུད་མེད་རྣམས་ཀྱང་སྟོད་རྗེན་དུ་ཡོད་པར་ཧ་ཅང་ཡ་མཚར་ནས་འདུག
ཨོག——ཨོགཨོགཨོག………རྒྱབ་ལ་སྒྱེའུ་བཀལ་ཡོད་པའི་བོང་བུ་ཞིག་གིས་ཐོག་མར་འཚམས་འདྲི་བྱས།
བུད་མེད་དང་བྱིས་པ་རྣམས་སྲོག་སྡོ་བཞིན་ཕྱོགས་བཞིར་བྲོས། ཀི——ཨ་བློན་ཆེན་དར་དཀར་ཅན་འབྲུག་ཐར་གྱིས་ཀི་སྐད་ཅིག་འབྱིན་པ་དང་རྐང་པས་ས་ལ་གཅིག་བརྡུངས་པ་ན་རིམ་པ་དྲུག་གི་ས་འགུལ་ཞིག་བྱུང་ནས་བོང་བུའི་རྒྱབ་ཀྱི་མི་སྐྱ་བོ་རྣམས་ལ་ལྷུང་། ཁོ་ཚོས་འདར་སིག་སིག་གིས་ཕྱག་འཚལ་ནས་ཞུ་བ་བྱས། སྐབས་དེར་སླར་ཡང་མི་སྐྱ་བོ་སྐོར་ཞིག་སླེབས་པའི་ཁྲོད་ན་འཇམ་དབྱངས་ཤེས་རབ་ཀྱང་ཡོད་པས་མུ་མཐུད་ཀླན་ཀ་མ་བྱུང་བར་མ་ཟད་མ་གཞི་འདི་ཚོ་འཇམ་དབྱངས་ཤེས་རབ་ཀྱིས་བཙལ་ཡོང་བའི་འདུ་ཁང་བཞེང་མཁན་ཡིན་པ་ཤེས་ནས་དེ་མ་ཐག་ཚང་མའི་བརྩི་བཀུར་ཐོབ།
དང་ཐོག་བོང་བུ་རྣམས་རྩྭ་སྔོ་མེ་ཏོག་ལས་ཀྱང་ཐལ་བར་དགའ་བོ་བྱས་ནའ་འབྲོག་ཁྱིམ་རེ་རེའི་ཐལ་སྤུངས་སྟེང་ལ་འདུས་ནས་འཛད་མཐད་མེད་པའི་ཨོག ཨོག་སྒྲོག་པ་དང་། མི་སྐྱ་བོ་ཚོས་ཁྱིམ་ཚང་རེ་རེ་འགྲིམ་ནས་གང་འདོད་རྒྱ་ཡན་དུ་གནས་པར་མ་ཟད་འབྲུག་ཐར་ཚར་གི་མེས་པོར་བལྟས་ནས་ཧབ་ཆ་རྒྱག་བཞིན་ངོ་མ་དགོས་དོན་མི་འདུག ཆུ་ལ་བསྐུར་ན་མི་བཟང་ངམ་ཟེར།
་གལ་ཏེ་ཁྱོད་ཚོ་འདུ་ཁང་བཞེང་བར་ཡོང་བ་མིན་ན་ངས་ཁྱོད་རང་ཆུ་ལ་བསྐུར་མིན་ཐེ་ཚོམ་མེད་འབྲུག་ཐར་གྱིས་དེ་ལྟར་བཤད་ཞོར་ཡར་ལངས་ནས་ས་འགུལ་ཞིག་བྱས། དེ་ནས་བཟུང་མི་སྐྱ་བོ་རྣམས་ཀྱིས་གང་འདོད་དུ་སྐད་ཆ་བཤད་མི་ཕོད།
ཉིན་ཞིག་ལ་འཇམ་དབྱངས་ཤེ་རབ་ཀྱིས་དེ་རིང་འགྲུབ་སྐར་ཞིག་རེད་ཟེར་བ་དང་། དེ་ནས་བཟུང་ལས་ཀའི་མགོ་བརྩམས།
མི་སྐྱ་བོ་ཚོ་ཡང་གྱོན་པ་མི་གཅིག་པ་དང་སྐད་རིགས་ཀྱང་མི་མཚུངས། ཐ་ན་འདུ་ཁང་བཞེང་སྐབས་ཀྱང་སྐོར་གཅིག་གིས་ས་རྡོ་ཁོ་ན་འཛིན་པ་དང་སྐོར་གཅིག་གིས་ཤིང་ཁོ་ན་འཛིན་པ་ལས་ཕན་ཚུན་རོགས་མི་བྱེད་ལ་ཐེ་གཏོགས་ཀྱང་མི་བྱེད་པས་ཁོ་ཚོའང་ཡུལ་ཕྱོགས་གཅིག་གི་མི་མིན་པ་འདྲ།
གསོམ་སྡོང་རྣམས་ཀྱི་ཤུན་པ་བཀོག་ནས་གཤགས་གཅོད་བྱས་པ་ནས་རི་ནག་མའི་ཉིན་ངོས་ཡངོས་སུ་གསོམ་ཤིང་དང་ཐང་ཆུའི་དྲི་མས་ཁྱབ་སོང་། རྩེ་གཞུང་སྡེ་བའི་མི་རྣམས་ཀྱིས་ཕྱུགས་ཟོག་རི་རྒྱག་བྱས་ནས་བུད་མེད་ཚོས་ཟོ་བ་ཁུར་ནས་ཆུ་སྐྱེལ་བ་དང་སྐྱེས་པ་ཚོས་རྡོ་ཆེན་པོ་རྣམས་ཁལ་མར་བཀལ། རྡོ་ཆུང་བ་རྣམས་རང་གི་རྒྱབ་ཏུ་ཁུར་ནས་སྐྱེལ། རིམ་བཞིན་ཁོ་ཚོའི་གདོང་མདོག་ཀྱང་མི་སྐྱ་བོ་རྣམས་དང་འདྲ་བར་གྱུར།
འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་པ་དང་ཕར་བལྟས་ན་རྡོ་བརྩིགས་བསྒྲིགས་པའང་ཧ་ཅང་གྲལ་དག་ཡིན་པ་འདྲ། འོན་ཀྱང་འཇམ་དབྱངས་ཤེས་རབ་ཀྱི་སེམས་ལ་དང་ཐོག་རྨ་གཞུང་དགོན་པར་མེ་ཤོར་ནས་བསྐྱར་བཞེང་བྱེད་པའི་སྐབས་སུ་ཁོ་རང་ལོ་བཅུ་ལྷག་ལས་མེད་པ་དང་། དེ་དུས་བཟོ་ཕྲུག་རེ་རེའི་མདུན་ལ་རྡོ་ལེབ་རེ་བཟུང་སྟེ་འདམ་ལོག་ར་ཉིན་གང་ལ་ཕར་སྣོ་ཚུར་སྣོ་བྱས་མཐར་འདམ་ལོག་དེ་ལུག་བལ་ལྟར་དུ་ཕར་ཚུར་ལ་འཐེན་ན་གང་འདོད་དུ་ཡོང་ལ། དེ་དུས་རྡོ་དཔོན་གྱིས་གཞི་ནས་འདམ་ལོག་དེ་བླངས་ནས་རྡོ་བར་སྦྱོར་བར་བྱེད། ཡིན་ནའང་དེ་རེས་ཀྱི་མི་སྐྱ་བོ་འདི་ཚོས་འདམ་སྣོ་བ་ནི་འབྲོག་མོ་ཚོས་མར་སྣོ་བའི་དུས་ཡུན་ཙམ་ལས་མི་དགོས་པས་ཁོས་རྡོ་དཔོན་ལ་འདི་ཙམ་བསྣོས་ན་ཆོག་གམ་དྲིས་ཚེ་རྡོ་དཔོན་གྱིས་རྩེ་གཞུང་གི་ས་གཤིས་བཟང་བས་འདི་ཙམ་ལས་སྣོ་དགོས་དོན་མེད་ཟེར།
གང་ལྟར་འཇམ་དབྱངས་ཤེས་རབ་དེ་འདྲའི་ཡིད་མ་ཆེས་པས་སྡེ་བའི་ནང་གི་ཁ་ཆེན་དབང་ཆན་ཚོ་བོས་ནས་རང་གི་ལྟ་ཚུལ་དེ་བཤད།
ད་ལྟ་བགྲེས་སོང་ཡི་དམ་གྱི་འཕྲོ་ནས་འབྲུག་ཐར་ནི་སྡེ་བའི་ནང་གི་དོན་དག་ཆེ་ཆུང་གང་ལ་གྲོས་བྱེད་སྐབས་མེད་དུ་མི་རུང་བའི་མི་ཞིག་ཏུ་གྱུར་ཡོད་ནའང་ཁོ་རང་ལ་ལྟ་ཚུལ་དང་བློ་བཀོད་ཅི་ཡང་འཇོག་རྒྱུ་མེད། འོན་ཀྱང་ཚང་མས་འབྲུག་ཐར་གྱི་ཁ་མ་གྲག་སྔོན་ལ་ཅི་ཡང་བཤད་མི་ཕོད་པས་མཚམས་རེར་ཁོས་ཀྱང་མཁས་པ་ཡིན་ཁུལ་མི་བྱེད་ཐབས་མེད་བྱུང་།
འོ་ན་ངས་གཅིག་བལྟ་དང་ཟེར་བཞིན་འབྲུག་ཐར་ཡར་ལངས་ནས་ཐོག་མར་འདུ་ཁང་གི་རྡོ་བརྩིགས་ལ་ལྟ་ཞོར་གཡས་བསྐོར་ཞིག་བརྒྱབ། ནང་ལ་ཡོང་ནས་གཡོན་བསྐོར་ཞིག་བརྒྱབ་རྗེས་དཀྱིལ་ལ་སོང་ནས་རྐང་རྡེབ་ཅིག་བྱས་པ་ན་རྡོ་བརྩིགས་ཡོངས་རྫོགས་རྩ་ནས་ཉིལ་སོང་བས་མི་སྐྱ་བོ་རྣམས་ཀྱི་གདོང་མདོག་སྔར་ལས་སྐྱ་བོར་གྱུར་སོང་།
འབྲུག་ཐར་གྱི་ཅི་ཡང་མ་བཤད་པར་ཐད་ཀར་ཤིར་བཟོ་ཚོའི་གམ་ལ་སོང་། ཤིང་བཟོ་ཚོས་འབྲུག་ཐར་གྱི་དམར་ལྷོག་ལྷོག་གཡོ་བའི་མིག་ཟུང་དང་བྱིས་པའི་ཁུ་ཚུར་ལྟར་བསྡུས་པའི་དཔྲལ་བའི་གཉེར་མར་བལྟས་ནས་འདུག་པ་ལས་རང་ལག་གི་ལས་ཀར་མ་བལྟས་པས་པ་ཏྲརྐོ་བཞིན་པའི་ཤིང་བཟོ་ཞིག་གིས་རང་གི་མཛུབ་ཆུང་དུམ་བུར་བཅད་སོང་ནའང་ཨམ་གཙིགས་སྡོམ་པ་ལས་འཁུན་སྒྲ་ཙམ་ཡང་འབྱིན་མ་ཕོད།
འབྲུག་ཐར་གྱིས་ཚུལ་དེ་མཐོང་མ་ཐག་མྱུར་དུ་མར་བསྒུར་ནས་ཤིང་བཟོ་དེའི་ལག་པ་རང་གི་ལག་ཏུ་བླངས་ནས་ཡར་མར་ལ་བལྟས་པ་ན་ཉེ་འགྲམ་དུ་གྲྭ་པ་ཆུང་ཆུང་ཞིག་འགྲོ་བཞིན་པ་དེ་ཚུར་བོས་ནས་ཤིང་བཟོའི་རྨ་ཁར་གཅིན་ཐོངས་ཟེར། གྲྭ་ཕྲུག་དེ་དོགས་མི་བདེ་བའི་ངང་ཤམ་ཐབས་ཡར་བརྫེས་ཏེ་ཕོ་མཚན་གྱི་མགོ་ནས་བཟུང་སྟེ་མགོ་འདར་ནས་བཙིར་ནའང་གཅིན་ཐིགས་གཅིག་ཀྱང་མ་ཐོན་པས་དེ་བས་ཀྱང་དོགས་མི་བདེ་བར་ངོ་དམར་པོར་གྱུར། མཇུག་མཐར་ངུ་མིན་དགོད་མིན་གྱི་ཧབ་ཆ་ཞིག་བརྒྱབ་ནས་བྲོས་སོང་།
འབྲུག་ཐར་གྱིས་རང་གི་སྐ་རགས་སྣེ་ནས་ཤར་མར་མ་ཞིག་གཤགས་ནས་ཤིང་བཟོ་དེའི་མཛུབ་ཤུལ་དཀྲི་ཙམ་བྱས་རྗེས་མྱུར་དུ་རང་ཁྱིམ་ལ་ལོག་ནས་གླ་རྩི་ཞིག་ཁྱེར་ཡོང་སྟེ་ཤིང་དཔོན་ལ་སྤྲདནས་སྙིང་རེ་རྗེ། རྨ་བཅོས་བཟང་པོ་ཞིག་བྱས་ནའ་ངལ་གསོ་རུ་ཆུག་ཟེར་བ་དང་སླར་ཡང་འཇམ་དབྱངས་ཤེས་རབ་ལ་ན་གཟེར་འཛོམས་ཐེབས་ནས་འབྲུག་ཐར་གྱི་དུ་དྲི་འཐུལ་བའི་ལག་པར་དམ་པོར་འཇུས་ཤིང་མིག་ཆུ་འགོག་མེད་དུ་བབས།
དེ་ནས་བཟུང་རི་ནག་མའི་ཉིན་ངོས་སུ་ཅལ་སྒྲས་ཁེབས་འདུག———རྡོ་བརྩིགས་རྒྱག་མཁན་རེ་རེའི་མདུན་ལ་རྡོ་ལེབ་རེ་བཟུང་སྟེ་ཅལ། ཅལ་གྱི་སྒྲ་དང་བཅས་འདམ་སྣོ་བཞིན་འདུག
འཛུགས་སྐྲུན་གྱི་མྱུར་ཚད་ཅུང་ཇེ་དལ་དུ་སོང་ནའང་འབྲུག་ཐར་གྱིས་ས་འགུལ་ཐེངས་མང་བྱས་ཀྱང་རྡོ་བརྩིགས་སྔར་བཞིན་བརྟན་བརླིང་ངེར་གནས་པས་ཚང་མའི་ཡིད་ཚིམས་སོང་།
དབྱར་ཁ་དེར་བཟོ་སྐྲུན་གྱི་མཇུག་རྫོགས་པར་དགུན་རྒྱ་སྟག་འདྲ་བོ་ངར་ནས་སླེབས་པས་མི་སྐྱ་བོ་རྣམས་བོང་བུར་ཞོན་ཅིང་ཕྱུགས་ཟོག་མང་པོ་དེད་ནས་ཏིང་ཏིང་གི་གཡེར་དྲིལ་གྲག་བཞིན་ཤར་ལམ་དུ་ཆས། ཁོ་ཚོ་ལམ་ལ་ཆས་སྐབས་འབྲུག་ཐར་གྱིས་ཤིང་བཟོ་མཛུབ་ལོར་ཝ་ལྤགས་ཤིག་བྱིན་ནས་ཞྭ་སོ་མ་ཞིག་བཟོས་ཟེར། རྒྱུ་མཚན་ནི་ཤིང་བཟོ་མཛུབ་ལོའི་ཞྭ་མོ་དེ་ངོ་མ་དབྱིབས་བརྩོག་པའི་ཁར་རྙིང་དྲགས་ནས་གལ་ཏེ་མགོ་ལ་གོན་མེད་ན་ཞྭ་མོ་ཞིག་ཡིན་པ་སུས་ཀྱང་མི་ཤེས་པའི་ཚད་ལ་སླེབས་འདུག
4
རི་ནག་མའི་ཉིན་ངོས་ཀྱི་གསོམ་ཤིང་དང་ཐང་ཆུའི་དྲི་མ་དེ་རིམ་བཞིན་ཡལ་ཞིང་གྲྭ་པ་ཚོའི་ངོ་མདོག་ཇེ་སྔོ་དང་སྣ་ཆུ་ཇེ་མང་ལ་སོང་། བསྟན་པ་རྒྱ་མཚས་སྣ་ཐ་འཐེན་ནས་སྣབས་བྱི་དོར་བྱེད་སྐབས་ཀྱང་ཆེ་ཞིང་མཐུག་པའི་ཕྱིང་བལ་གྱི་སྣ་ཕྱིས་དེ་འཁྱགས་རེངས་སུ་གྱུར་འདུག་པས་སྣ་བོ་ཆེ་དེས་མནར་གཅོད་ཚད་མེད་མྱོང་གིན་འདུག
རྩེ་གཞུང་སྡེ་བའི་བུད་མེད་ཚོས་ལྕི་ལ་བརྫིས་ནས་ལྕི་ལེབ་མང་པོ་བཟོ་བ་དང་སྔ་མོར་དེ་དག་འཁྱགས་རེངས་སུ་གྱུར་པའི་སྐབས་སུ་སླར་ཡང་ཕྱིར་བཀོག་ནས་སྦྲ་འདབས་སུ་གྱེན་དུ་བསླངས་ནས་ལྕི་བ་རློན་པས་ཕན་ཚུན་གྱི་བར་སྦྱར་ནས་ཁང་རླུང་འགོག་པ། ཁྱིམ་དུ་རང་རང་གི་བྱིས་པའི་གྲངས་ཀ་ལྟར་ལྕི་ལེབ་ཀྱི་སྒམ་རེ་བཟོས་ཤིང་དེའི་ནང་ལ་རྩྭ་འཇམ་པོ་བཏིང་ནས་ཉིན་དཀར་གཅེར་བུད་འགྲོ་བཞིན་པའི་བྱིས་པ་རྣམས་མཚན་མོ་ལྕི་སྒམ་ནང་ལ་བཅུག་སྟེ་འཁྱགས་ཤིང་རིང་བའི་དགུན་གྱི་མཚན་མོ་རེ་རེ་འཁྱོལ་ཐབས་བྱེད། གཞན་ཡང་ཁོ་ཚོས་ལྕི་བས་ཤ་སྒམ་བཟོ་བ་དང་ལྕི་བས་ཕྱུགས་ར་བསྐོར་བ། ཕྱུགས་རའི་འདབས་སུ་ལྕི་བས་ཉལ་ཁྲི་ལས་པ། ལྕི་བའི་ཁྱི་ཁང་དང་ལྕི་བའི་ཨོང་ཁང་སོགས་མདོར་ན་ལྕི་བའི་འཛུགས་སྐྲུན་རྒྱ་ཆེན་པོ་ཞིག་བྱས་ནས་དལ་ཞིང་རིང་ལ་གྲང་ངར་ཆེ་བའི་དགུན་ཁ་ཞིག་ལ་བསུ་མ་བྱས། སྐབས་འདིར་བུད་མེད་ཚོའི་ལག་པ་ནི་དབྱར་གསུམ་ཙད་དང་དགུན་གསུམ་ཙག་གིས་བྲན་པའི་ཀོ་གྱོང་ཞིག་དང་མཚུངས་པར་སེར་ཁ་གྲངས་མེད་གས་ནས་ཁྲག་དམར་འཛར་གྱིན་འདུག
འབྲུག་ཐར་གྱིས་འཇམ་ཞིང་མཉེན་པའི་རྩྭ་སྐྱ་མང་པོ་ཞིག་བཏུས་ཡོང་སྟེ་ཧ་ཅང་མཐུག་པོར་བཏིང་བའི་སྟེང་ལ་ད་རུང་བལ་སྟན་དཀར་པོ་ཞིག་བཏིང་རྗེས་མེས་པོ་སྟེང་ལ་བཞག་ནས་བདེ་མིན་དྲིས།
………
འབྲུག་ཐར་གྱིས་རྩྭ་སྐྱ་ལྷག་མ་ནས་ཅུང་བླངས་ཤིང་རང་གི་ལྷམ་ཕུད་དེ་ནང་ལ་ལག་པ་བཏང་ནས་འདམ་ལེབ་དང་འདྲ་བའི་དྲི་ངན་འཐུལ་བཞིན་པའི་ལྷམ་གདན་རྙིང་བ་ཞིག་བཏོན་ནས་མར་གཡུགས། རྩྭ་སྐྱ་ཆུན་པོ་གཉིས་ལེབ་མོར་བཟོས་ནས་ལྷམ་མཐིལ་དུ་བཞག་རྗེས་ཡར་ལངས་ནས་ལྷམ་གོན་ཏེ་བདེ་ཚོར་གྱི་ཉམས་ཤིག་ཤར་བྱུང་།
འཚམས་སྐྱིད་ཀྱིས་ཀྱང་ལྷམ་ཕུད་ནས་ལྷམ་གདན་ཞིག་བརྗེ་རྩིས་བྱེད་སྐབས་ཁོ་མོའི་ལྷམ་གྱི་འགྲམ་སྲུབས་ཐོར་ནས་སྲུབས་ཟིན་ཡང་ལྷུང་ལ་ཁད་འདུག་པ་འབྲུག་ཐར་གྱིས་མིག་གིས་མ་བཟོད་པར་འཚམས་སྐྱིད་ལ་ལག་ནས་ལྷམ་དེ་ཚུར་ཕྲོགས་ཏེ་འབིག་དང་ཁབ་སྐུད་བླངས་ནས་བཟོ་རྩིས་བྱས་མོད། འོན་ཀྱང་ཁོ་ནོ་མི་ལག་བདེ་ཞིག་མིན་པས་རང་གི་ལག་པའི་ནང་ལ་འབིག་སྣེ་ཕོག་སྟེ་ཁྲག་ནག་པོ་སྲན་རྡོག་འདྲ་བ་ཞིག་འཛིར་ཡོང་། འཚམས་སྐྱིད་ཀྱིས་ལྷམ་དེ་ཕྱིར་བླངས་ནས་རང་གིས་བཙེམ་ཞོར་ཨ་ཁུ་དབང་འབུམ་ཚང་ལ་རོང་བ་ཞིག་ཡོང་ཡོད་པ་དེར་ལྷམ་བཙོང་རྒྱུ་ཡོད་ཟེར་ཟེར་བ་ན་འབྲུག་ཐར་གྱིས་དེ་སྔོན་གྱི་སྲམ་ལྤགས་དེ་རུམ་ལ་བཅུག་ནས་སོང་ཤིང་། ཅང་མ་འགོར་པར་ལྷམ་ཞིུ?/U????་བཟུང་ཡོང་དུས་འཚམས་སྐྱིད་ཀྱིས་ད་རུང་ལྷམ་རྙིང་དེ་ཁབ་སྐུད་དང་མཉམ་དུ་མར་གཡུག་ནས་ལྷམ་སོ་མ་དེ་ཁོ་མོའི་ལག་ལ་བཞགའཚམས་སྐྱིད་ཀྱིས་ལྷམ་གསར་བ་དེའི་ནང་ལ་རྩྭ་སྐྱ་ལེབ་མོ་ཞིག་བཏིང་ནས་གོན་ཏེ་ཕར་འགྲོ་ཚུར་འགྲོ་འགའ་བྱས་པ་དང་ཐུ་བ་ཡར་འཐེན་ནས་ལྟ་ཙམ་བྱས་རྗེས་ལྷམ་རྙིང་སྟེང་གི་སྐུད་པའི་སྣེ་མོའི་ཁབ་དེ་བླངས་ནས་སྦྲ་ངོར་འཛེར་ཞོར་ཞི་ལི་ཡང་ལྷམ་ཞིག་དགོས་འདུག རྗེས་སུ་ཉོ་ས་ལོན་རྒྱུ་མ་རེད་ཟེར།
སྲམ་ལྤགས་དེར་ལྷམ་ཆ་གཉིས་སྟེར་ཟེར་ཡང་ངས་གཅིག་ལས་མ་བླངས། ་
ཨ་ཙི། ཁྱོད་འདི་ངོ་མ………ད་ལེན་དུ་སོང་།
རྟ་ཤོར་ན་འཛིན་ཡོད་ཀྱང་ཚིག་ཤོར་ན་འཛིན་མེད།
ང་ལེན་དུ་འགྲོ
བུད་མེད་ཚོས་དེར་ཐེ་གཏོགས་བྱེད་མི་དགོས། ནམ་ཞིག་ཁ་བ་བབས་ན་ང་ཝ་བདའ་རུ་འགྲོ་དང་རོང་རྒན་དེ་ད་རུང་འདུག་རྒྱུ་ཟེར་ཕྱི་ཉིན་ཁ་བ་ཆུང་ཆུང་ཞིག་བབས་པ་དེ་ངོ་མ་གཟས་ནས་ཝ་རྗེས་འདེད་པར་ཕབས་པ་དང་འདྲ། འབྲུག་ཐར་གྱིས་རྔོན་ཁྱི་ཁྲིད་ནས་ཝ་རྗེས་འདེད་དུ་སོང་། རུ་འདབས་ནས་རིང་པོ་འགྲོ་མ་དགོས་པར་ཝ་རྗེས་ཤིག་རྙེད་པ་དང་དེ་དེད་ནས་སོང་བ་ན་ཐད་ཀར་དུང་དཀར་ངོས་ཀྱི་བྲག་ཁུང་ནང་ལ་འཐེན་ཡོད། རྔོན་ཁྱིར་ཧ་ཅང་སྤྲོ་བ་འཕེལ་ནས་བྲག་ཁུང་གི་སྒོ་ཁར་ཤུགས་ཀྱིས་འཐེན་ནའང་ཁོས་བྲག་ཁུང་ནང་ནས་སྙན་འཇེབས་ལྡན་པའི་མོ་སྐད་ཅིག་གིས་ཆོས་འདོན་པ་ཐོས་པ་དང་། ཀླུ་མོ་སྐྱིད་སྐོར་གྱི་སྐད་ཆ་དེ་སྔར་ནས་ཐོས་ཡོད་པས་རྔོན་ཁྱི་བཙན་གྱིས་ཕྱིར་ཁྲིད་སོང་། ལམ་བར་དུ་ཁོས་སླར་ཡང་ཝ་རྗེས་ཤིག་རྙེད་པ་དང་དེ་དཀའ་ངལ་མེད་པར་བསད་ནས་ལྷམ་ཕྲུག་ཅིག་ལ་བརྗེས།
དགོང་ཟས་བཟས་རྗེས་འབྲུག་ཐར་གྱིས་འཚམས་སྐྱིད་ལ་ངོ་མཚར་ཅན་གྱི་ཝ་དེའི་སྐོར་ཁ་བརྡ་བྱས། འོན་ཀྱང་འཚམས་སྐྱིད་ཀྱིས་དེ་སྔོན་འབྲུག་ཐར་གྱི་ཡ་མཚར་ཅན་གྱི་སྲམ་གྱི་གསང་བ་ལ་ཉན་པ་ལྟར་དེ་འདྲ་ཡིན་ནམ་ཟེར་བ་ལས་ངོ་མཚར་བའི་ཉམས་ཅུང་ཙམ་ཡང་མི་སྟོན་པས་ཁོས་ཀྱང་མུ་མཐུད་དུ་བཤད་མ་འདོད་པར་ཞི་ལི་ལྕི་སྒམ་ནང་ལ་འཇུག་རྩིས་བྱས།
ང་ཨ་མའི་རུམ་ནས་ཉལ་རྒྱུ་ཡིན།
འདི་འདྲ་ཆེ་རུ་སྐྱེས་ནས་ད་རུང་ཨ་མའི་རུམ་ནས་ཉལ་སྲོལ་ཡོད་དམ།
འོ་ན་ཁྱོད།
འགྲམ་ལྕག་གཅིག་བྱིན་པ་ན་མགོན་པོ་རྣམ་རྒྱལ་གྱིས་ཁྱོད་ཀྱིས་ཅི་ཞིག་བྱེད་བསམ་པ་ངས་ཤེས་ཡོད་ཟེར་ཞོར་དུ་དུ་དྲི་འཐུལ་བཞིན་པའི་རང་གི་འགྲམ་པར་འཕུར་འཕུར་བྱེད་ཞོར་ལྕི་སྒམ་ནང་ལ་འཛུལ་སོང་།
རྩེ་གཞུང་སྡེ་བའི་ནང་དུ་མར་དྲིས་ཁྱབ་འདུག་པ་འདི་ནི་ཁོ་ཚོས་ལོ་གསར་གོ་རེ་འཚོད་བཞིན་པའི་དྲི་མ་རེད། ནངས་ཁ་ལོ་གསར་ཚེས་གཅིག་ཡིན་པས་བྱིས་པ་ཚོར་གཉིད་ཅུང་ཙམ་ཡང་མ་ཡོང་བར་མཚམ་མོ་འདི་ལྷག་པར་རིང་བའི་སྣང་བ་ཞིག་སྐྱེས། ཡིན་ནའང་གར་ལྟར་གཞི་ནས་ནམ་ལངས་སོང་། སྐྱེས་པ་ཚོས་རང་གི་སྒོ་ཁར་བསང་ཕུད་པ་དང་། དེ་ནས་རི་ནག་མའི་ལབ་རྩེའི་མདུན་ལ་བསང་འཕུད་དུ་སོང་། ཁྱིམ་ཚང་ཕྱུག་པོ་ཚོས་སྟེང་ལ་དུད་དྲེག་ཆགས་པའི་སྒམ་གྱི་ཟྭ་ཕྱེས་ནས་ཕྱིང་བལ་ནག་པོའི་ཁུག་ནས་དུད་དྲེག་གིས་ནག་པོར་གྱུར་པའི་ཀ་ར་བུ་རམ་རྡོག་པོ་རེ་དང་ཡང་ན་སིལ་དམར་འགའ་རེ་བླངས་ནས་ལྕི་ལེབ་ཀྱི་མཆོད་ཁྲིའི་སྟེང་ལ་བཞག་པ་དང་། གོ་འདབས་སུ་ཕྱར་བ་བཏིང་བའི་ཁུད་ལ་གོ་རེ་མར་བཙོས་མ་དང་ཤ་བཙོས་མ། ཞུན་སོགས་ཀྱིས་སྡེར་ཁ་བསྒྲིགས། ཁྱིམ་ཚང་དབུལ་ཚོས་ཀྱང་ཆ་རྐྱེན་ལྟར་མཆོད་པ་དང་སྡེར་ཁ་བསྒྲིགས་རྗེས་ཇ་བསྐོལ་ནས་ཐོག་མར་ཇ་མཆོད་ཕུལ། དེ་ནས་ཁྱིམ་དེར་ཅི་ཡོད་ཟས་གང་ཞིམ་རྣམས་མེས་པོར་འདྲེན་པ་དང་ཕྱག་འཚལ་རྗེས་ད་གཟོད་བཟའ་མི་རྣམས་ཀྱིས་མཉམ་དུ་ནངས་ཇ་བཏུང་།
ཨ་ཇོ་འབྲུག་ཐར། ལོ་གསར་བཟང་ངམ་འཕྲིན་ལས་ཁ་ཤོས་སློག་པ་སོ་མ་ཞིག་གི་འོག་ལ་སྤྱིར་ན་དཀར་པོ་ཚི་ཡིས་ནག་པོར་གྱུར་པའི་ཚི་ལེན་ཞིག་གོན་ནས་འཛུམ་དམུལ་དམུལ་གྱིས་འབྲུག་ཐར་ཚང་གི་ཁྱིམ་ལ་འཛུལ་ཡོང་།
ལོ་གསར་བཟང་། ལོ་གསར་བཟང་། ཨ་ཁུ་འཕྲིན་ལས་སྔ་བ་ལ། ཁྱེད་ཀྱིས་ཨ་མྱེས་ཡི་དམ་ལ་ལོ་གསར་བསྐྱལ་ཟིན་ནམ།
ཧེ་ཧེ། ངས་ཐོག་མར་ཨ་ཇོ་ཁྱེད་ལ་ལོ་གསར་བསྐྱལ་བ་ཡིན།
བཀའ་དྲིན་ཆེ། བཀའ་དྲིན་ཆེ། འབྲུག་ཐར་གྱིས་རྟེན་འབྲེལ་བསམས་ནས་འཕྲིན་ལས་ལ་འཛུམ་དམུལ་དམུལ་ཐོག་མ་བསྟན།
མི་རྒན་པ་ཚོས་བཤད་ཚུལ་ལྟར་ན་ལོ་གཅིག་གི་ལེགས་ཉེས་དེ་དེ་རིང་ལ་རག་ལས་ཡོད་པས་ཚང་མས་བཀྲ་མི་ཤིས་པའི་སྐད་ཆ་བཤད་མི་རུང་བ་དང་ཚིག་རྩུབ་སྨྲ་མི་ཆོག་པ། བྱིས་པ་ངུ་མི་ཆོག་པ། ཐ་ན་མི་གཞན་པའི་མཚང་མིང་ནས་ཀྱང་འབོད་མི་ཆོག་པ་སོགས་གདམས་རྗེས་རང་རང་གི་གཉེན་ཉེ་དང་དེ་ནས་རུ་སྐོར་ནང་གི་བགྲེས་སོང་ཡི་དམ་ཐོག་མ་བྱས་པའི་ལོ་ན་ཆེས་མཐོ་བ་ཚོར་ལོ་གསར་སྐྱེལ་དུ་སོང་།
སྐྱེས་པ་ཚོ་སྐོར་རེ་དང་བུད་མེད་ཚོ་སྐོར་རེ། བྱིས་པ་ཚོ་སྐོར་རེ་བསྒྲིགས་ནས་ཁྱིམ་ཚང་རེ་རེ་བཞིན་ལོ་གསར་བདེ་ལེགས་ཞུ་རུ་སོང་། ལ་ལས་གླུ་ལེན་པ་དང་གླུ་ལེན་མི་ཤེས་པ་ཚོས་ཀྱང ་ཁུ་བྱུག་་གྲགས་པ་དང་རྟ་འཚེར་བ། ་མཛོ་ངུར་བ་སོགས་ཀྱི་རྩེད་སྟོན་བྱས།
ཉིན་དེར་ཚང་མའི་གཤིས་ཀ་ཇེ་འཇམ་དུ་སོང་ཡོད་པ་དང་ལ་ལའི་ལུས་ལ་གོས་གསར་པའམ་ཡང་ན་འཇམ་པོ་རེ་རེག་ཐུབ་བྱུང་། བྱིས་པ་ཚོས་ཉིན་དེར་རྩམ་པ་མངཔོ་བཟའ་མ་དགོས་པ་དང་ལ་ལའི་ཁ་ལ་ཀ་ར་དང་སིལ་དམར་རེ་རེག་ཐུབ་བྱུང་བ་དེའི་རོ་ནི་ཕྱི་ལོའི་ལོ་གསར་བར་དུ་བརྗེད་མི་སྲིད།
5
ལྕི་བའི་འཛུགས་སྐྲུན་རྣམས་ལ་རིམ་བཞིན་སེར་ཁ་གས་ནས་སྐམ་པོར་གྱུར། མཇུག་མཐར་ཡོངས་རྫོགས་ཉིལ་ནས་ཨོང་བར་གྱུར། བུད་མེད་ཚོས་རི་ནག་མའི་འདབས་ན་གྲོ་མ་རྐོ་བཞིན་པའི་སྐབས་སུ་ཤར་ལམ་ནང་ནས་གཡེར་དྲིལ་གྱི་སྒྲ་གྲགས་བྱུང་། ཚང་མ་མ་གྲོས་རང་མཐུན་གྱིས་མདུན་བསུ་རུ་བརྒྱུགས།
ཨོག——ཨོག ཨོག ཨོག ……
བདེ་མོ། བདེ་མོ།
ཕན་ཚུན་ལ་འཚམས་འདྲི་བྱས་རྗེས་མི་སྐྱ་བོ་ཚོས་ན་ནིང་ཡོང་མ་མྱོང་བའི་མི་སྐྱ་བོ་མང་པོ་ཞིག་ཁྲིད་ནས་རང་རང་གི་ངོ་ཤེས་ལྟར་མི་སྨུག་པོ་ཚོའི་ཁྱིམ་ལ་ཡོང་ནས་ཀ་ར་སིལ་ཏོག་རེ་དང་ཙོང་སྒོག་ལ་ཅོ་སོགས་འཚམས་རྟགས་སུ་ཕུལ།
ཤིང་བཟོ་མཛུབ་ལོས་འབྲུག་ཐར་ལ་ལེགས་སྐྱེས་ཡ་མཚར་ཞིག་ཁྱེར་ཡོང་བ་དེ་ཐོག་མར་ཚོད་ལྟ་བྱས་པ་ན་ཚང་མའི་སེམས་ལ་གནམ་ངོ་དྭངས་དུས་ཐོག་བརྒྱབ་བྱུང་བསམས། ཐན་འདྲེ་དེ་མ་གཞི་mausee་རྟགས་ཅན་གྱི་མེ་མདའ་ཞིག་རེད།
་འདི་ལག་ཏུ་ཡོད་ན་འཇིག་རྟེན་འདི་ན་སྐྲག་དགོས་ས་གཅིག་ཀྱང་མེད་ཤིང་བཟོ་མཛུབ་ལོས་ཚན་རིག་པ་ཞིག་གིས་རང་གི་གསར་གཏོད་གྲུབ་འབྲས་མཚམས་སྦྱོར་བྱེད་པ་ལྟར་མེ་མདའ་དེ་ལག་ལ་བཟུང་ནས་ཕར་འགྱིང་ཚུར་འགྱིང་བྱེད་ཞོར་སྟག་དང་གཟིག ་་
ཐ་ན་སེངྒར་འཕྲད་ཀྱང་འི་ཡོད་ན་སྐྲག་དགོས་དོན་ཅི་ཡང་མེད།
ཨེ——གལ་ཏེ་འདི་སྔར་ནས་བཟུང་ཡོད་ན་ང་ཚོའི་བོང་བུ་དང་མཛོ་གཡག་རྣམས་ཀྱང་ཤོར་མེད་ཁོས་གལ་ཏེ་མགོ་ལ་གོན་མེད་ན་ཞྭ་མོ་ཞིག་ཡིན་པ་སུས་ཀྱང་མི་ཤེས་པའི་ཞྭ་མོ་དེ་བླངས་ནས་མེ་མདའ་འབྱིན་ཞོར་གལ་ཏེ་འདི་སྔར་ནས་བཟུང་ཡོད་ན་ངའི་ཝ་ལྤགས་དེའང་ཤོར་མེད་ཟེར་ནས་དེ་སྔོན་ཁོ་ཚོ་ཕྱིར་འགྲོ་བའི་ལམ་དུ་ཇག་པར་འཕྲད་ནས་ཕྱུགས་ཟོག་དང་དངོས་རྫས་ཡོད་ཚད་ཕྲོགས་པར་མ་ཟད་ཐོད་པར་བོའུ་མཆུ་བཙུགས་ཏེ་འཇིགས་སྣང་ཚད་མེད་བསྐུར་པས་ད་ཐེངས་ཡོང་ཁར་ཁོ་ཚོས་ཀྱང་མེ་མདའ་འགའ་ཉོས་ནས་ཡོང་བ་ཡིན་ལ་མེ་མདའ་འདི་འབྲུག་ཐར་རི་དྭགས་རྔོན་པར་དགའ་བས་ཁོས་ཆེད་དུ་ལེགས་སྐྱེས་སུ་ཕུལ་བ་ཡིན་ཟེར།
མི་སྐྱ་བོ་འགའ་རེའི་རྒྱབ་ན་འདི་འདྲའི་ཐན་འདྲེ་རེ་ཡོད་ནའང་རྩེ་གཞུང་སྡེ་བའི་མི་རྣམས་ཀྱིས་དང་ཐོག་དེ་ནི་ཤིང་བཟོ་བྱེད་ཀྱི་ལག་ཆ་ཞིག་ལོས་ཡིན་བསམས་ནས་དོ་སྣང་མ་བྱས་མོད། མ་གཞི་དེ་ནི་གནམ་ངོ་དྭངས་དུས་ཐོག་རྒྱག་བྱེད་དང་རང་རྒྱུ་གཞན་གྱིས་འཕྲོག་མི་ཐུབ་པའི་ནུས་མཐུ་ལྡན་པ། རི་དྭགས་རྔོན་སྤྱད་བྱེད་ཆོག་པའི་དངོས་པོ་ཞིག་ཡིན་པས་སྐྱེས་པ་ཚོ་དེ་ལ་ཧ་ཅང་ཡིད་ཤོར་བ་དང་། ལྷག་པར་དུ་འབྲུག་ཐར་གྱིས་ཤིང་བཟོ་མཛུབ་ལོ་ཁྲིད་དེ་རུ་འདབས་སུ་སོང་ནས་ཐོག་གཅིག་བརྒྱབ་པ་ཙམ་གྱིས་ཁ་ཤ་གསུམ་བསད་པས་ཁོ་ཚོ་སྔར་ལས་ཧེབ་ལངས་ཏེ་མི་སྐྱ་བོ་ཚོའི་རྗེས་སུ་གྲིབ་མ་བཞིན་དེད་མཐར་ཁྱིམ་ཚང་ཕྱུག་པོ་ཞིག་གི་བུ་དབང་ཆེན་གྱིས་རྟ་རྒོད་མ་བདུན་བྱིན་ནས་ཐན་འདྲེ་གཅིག་ཉོས་པ་དང་རི་དྭགས་གྲངས་མེད་བསད། དེ་ནས་བཟུང་རི་དྭགས་རྣམས་རུ་འདབས་ནས་གྱེས་ཏེ་རི་མགོར་སོང་། ཡིན་ནའང་མང་ཤོས་ཀྱིས་ཐན་འདྲེ་དེར་རིན་གོང་མཐོ་བ་དང་ལྷག་པར་དུ་མེས་པོ་མི་དགའ་བར་སྐྲག་ནས་ཉོ་མ་ཐུབ། འབྲུག་ཐར་གྱིས་དང་ཐོག་ཐན་འདྲེ་དེ་ཁྱིམ་ལ་ཁྱེར་ཡོང་དུས་མེས་པོའི་སྡང་མིག་ཕོག་ནའང་རིམ་བཞིན་ལོབས་པར་གྱུར་པར་མ་ཟད་བློན་ཆེན་དར་དཀར་ཅན་གྱི་ཡང་ཐན་འདྲེ་འདིར་དགའ་བོ་ཡོད་པ་འདྲ་སྟེ་ལྔ་བཞིའི་ལབ་རྩེ་བསྟོད་སྐབས་འཇམ་དབྱངས་ཤེས་རབ་ཀྱིས་ཀྱང་བོའུ་རྒྱོབ། བོའུ་རྒྱོབ་ཟེར།
རི་ནག་མའི་ཉིན་ངོས་སུ་སླར་ཡང་ཅལ། ཅལ་གྱི་སྒྲ་དང་གསོམ་ཤིང་གི་དྲི་མས་ཁྱབ་སོང་། སྐབས་དེ་དང་བསྟུན་ནས་གྲྭ་པ་ཚོས་མི་སྐྱ་བོ་རྣམས་ལ་གྲོགས་བསྒྲིགས་ནས་རང་རང་ལ་གྲྭ་ཤག་བཟོས་པས་འདུ་ཁང་གི་བཟོ་སྐྲུན་མྱུར་ཚད་ཇེ་དལ་དུ་སོང་བ་དང་འདུ་ཁང་གི་ཤིང་ཡང་ཚར་ལ་ཉེ་། འཇམ་དབྱངས་ཤེས་རབ་ཀྱིས་འདུ་ཁང་མ་འགྲུབ་གོང་ལ་སུས་ཀྱང་ཤིང་ཆ་བཀོལ་མི་ཆོག་ཟེར་བ་ན་བསྟན་པ་རྒྱ་མཚོས་གྲྭ་ཤག་མེད་ན་གྲྭ་པ་འདུག་ཐབས་མེད། གྲྭ་པ་མེད་ན་འདུ་ཁང་གིས་ཅི་བྱེད་ཟེར།
འཇམ་དབྱངས་ཤེས་རབ་ཀྱིས་དེ་སྔོན་བསྟན་པ་རྒྱ་མཚོས་བསྐུར་བའི་རྡོ་ཐ་ཉོ་རྒྱུ་བརྗེད་སོང་བས་བསྟན་པ་རྒྱ་མཚོས་ཁོ་ལ་འཁང་ར་བྱས་ནས་འདུ་ཁང་བཞེང་བར་ཡང་བར་ཆད་གཏོང་གིན་འདུགའོན་ཀྱང་གྲྭ་པ་མང་ཤོས་བསྟན་པ་རྒྱ་མཚོའི་གཉེན་ཉེ་ཡིན་པས་འཇམ་དབྱངས་ཤེས་རབ་ཀྱིས་ཁོ་རང་གང་བསམ་དུ་འཇོག་པ་ལས་ཐབས་བཀོད་ཅི་ཡང་མེད། དོན་དངོས་སུ་གྲྭ་པ་ཚོའང་རྩེ་ཆུའི་ཕར་ཚུར་གྱི་སྡེ་བ་གཉིས་ཀ་ལྟར་དུ་ཕྱོགས་གཉིས་སུ་ཆད་འདུགདེ་བས་འཇམ་དབྱངས་ཤེས་རབ་ཀྱིས་སྡེ་བར་བརྡ་བརྒྱབ་ནས་སླར་ཡང་ཤིང་འདྲུད་དུ་འགྲོ་དགོས་ཟེར་བ་ན་འཕྲིན་ལས་ཁ་ཤོས་སྔོན་དྲུད་པའི་ཤིང་གིས་ཕ་རོལ་སྡེ་བས་འདྲུད་པ་ལས་ཚུ་རོལ་སྡེ་བར་འོས་འགན་མེད་ཟེར་ཞོར་འབྲུག་ཐར་གྱི་གདོང་ལ་བལྟས་ཏེ་འོན་ཀྱང་ཨ་ཇོ་འབྲུག་ཐར་གྱིས་འདྲུད་དགོས་ཟེར་ན་ངའང་དེ་ལྟར་ཡིན་ཟེར།
ཕ་རོལ་སྡེ་བའི་བསོད་སྟོབས་ཀྱིས་ཀྱང་སྤྱིར་ན་འདུ་ཁང་གི་ཤིང་ཆས་གྲྭ་ཤག་བཟོ་མི་ཆོག་ཟེར་ནས་སྔོན་ཆད་བཤད་མེད་པ་དང་། འདུ་ཁང་གི་ཤིང་བཀོལ་ནས་གྲྭ་ཤག་བཟོ་མཁན་ཁྱོད་ཚོའི་སྡེ་བའི་ནང་ནའང་མེད་པ་མིན་མོད། འོན་ཀྱང་ད་ནི་གང་ལྟར་ཆུ་ཁར་ཐོན་ནས་རྟ་ཁ་འཐེན་སྲོལ་གང་ན་ཡོད། སྤྱིར་འུ་ཅག་ཀྱང་རྩེ་ཆུའི་འགྲམ་གཉིས་སུ་བསྡད་ཡོད་པ་མ་གཏོགས་ཤ་རུས་འབྲེལ་བའི་སྡེ་བ་གཅིག་རེད། དེ་བས་ད་ལྟ་ནས་ཁྱོད་དང་ང་ཡི་དབྱེ་བ་བཀར་ན་མི་བཟང་བསམ་མོད། ངེས་པར་དུ་དེ་ལྟར་བཀར་ནའང་ཐབས་མེད། ཤོང་འདྲུད་དུ་ང་ཚོ་འགྲོཡིན་ནའང་སྐད་ཆ་སྔོན་ནས་བཤད་ན་བཟང———ད་ནས་བཟུང་སུས་ཀྱང་འདུ་ཁང་གི་ཤིང་བཀོལ་ནས་གྲྭ་ཤག་བཟོ་མི་ཆོག………
ཧ་ཧ། ཁྱེད་ཚོའི་གྲྭ་པ་ཚོས་གྲུ་ཤག་བཟོས་ཚར་རྗེས་ད་གྲུ་ཤག་ལས་མི་ཆོག་ཅེས་ཁོག་ལ་ཤར་ཡང་ཁ་ནས་བཤད་ཕོད་དམ།
ཆོག་གི་ཆོག་གི
མ་རེད་མ་རེད། ད་རུང་བཤད་རྒྱུ་ཡོད………
དེས་ན་འདུ་ཁང་བཞེང་རྒྱུ་མཚམས་འཇོག
མཚམས་འཇོག་ན་མཚམས་འཇོག དེ་ཚང་མའི་དོན་ཡིན་པ་ལས་མི་རེ་གཉིས་ཀྱི་དོན་མ་རེད།
་ཆོག་གི་འབྲུག་ཐར་གློ་བུར་དུ་ཡར་ལངས་ནས་ས་འགུལ་བྱེད་རྩིས་བྱས་པས་ད་གཟོད་ཚང་མ་གྲག་འདུལ་མེད་པར་ཁོའོ་གདོང་ལ་བལྟས་འདུགའོན་ཀྱང་ཁོ་ལའང་ལྟ་ཚུལ་ཡག་པོ་ཞིག་འདོན་རྒྱུ་མེད་པས་སྐྱབས་རེ་བའི་མིག་མདངས་ཀྱིས་བགྲེས་སོང་ཡི་དམ་དང་འཇམ་དབྱངས་ཤེས་རབ་གཉིས་ལ་བལྟས།
འཇམ་དབྱངས་ཤེས་རབ་ཀྱིས་སྟག་གི་རྔ་མ་མི་འཛིན་གལ་བཟུང་བའི་དུས་སུ་མི་གཏོང་གལ་ཟེར་བ་ལྟར་དང་ཐོག་འདུ་ཁང་བཞེང་སྐབས་ཀྱང་མི་རེ་གཉིས་ཀྱིས་ཐག་གཅོད་བྱས་པ་མིན་པར་ཚང་མར་འདོད་པ་སྐྱེས། འཐད་པ་བྱུང་བ་ཡིན་པས་ད་མཚམས་འཇོག་སྲོལ་གང་ན་ཡོད། སྐྱ་བོ་ཚོས་བལྟས་ན་ཡང་ངོ་རེ་ཚ། ཤིང་སྡོང་སྔོན་མ་ཚང་མས་མཉམ་དུ་དྲུད་པ་ཡིན་ལ་ད་རུང་ཡང་མཉམ་དུ་འདྲུད། གྲྭ་པ་མང་ཆེ་བས་གྲྭ་ཤག་བཟོས་ཟིན་པས་ལྷག་མ་རྣམས་ལ་བཟོ་མི་ཆོག་ཟེར་ནས་བཤད་སྲོལ་ཀྱང་མེད། སྤྱིར་གྲྭ་ཚང་ཡིན་རུང་ཆོག་ལ་སྡེ་བ་ཡིན་ཀྱང་ཆོགཚང་མ་ཁ་འཆམ་གྲོས་མཐུན་ཡོང་ན་མ་གཏོགས་དོན་དག་གཅིག་ཀྱང་འགྲུབ་རྒྱུ་མ་རེད། དེ་བས་ཚང་མས་འདང་ཞིག་རྒྱོབ་ཟེར།
འབྲུག་ཐར་གྱིས་དེ་རེད། ད་ནི་ཤིང་ཅི་ཙམ་དགོས་ཀྱང་སྡེ་བས་འདྲུད་པ་ལས་གནམ་ནས་ལྷུང་མི་སྲིད་པ་ཚང་མས་ལོས་ཤེས། དེས་ན་སང་ཉིན་རྩམ་པ་འཐག་ནས་བྲོ་ག་གྲ་སྒྲིག་བྱོས་དང་གནངས་ཉིན་ལམ་ལ་ཆས། ཨོ། ད་རུང་ཕྱུག་པོ་ཚོས་དབུལ་པོ་ཚོར་ཞོན་པ་རེ་གཡར་དགོས། ཅུང་མ་མྱུར་ན་འདུ་ཁང་ད་ལོར་ཡང་ཚགས་རྒྱུ་མ་རེད་ཟེར་ནས་གཞན་རྣམས་ལ་འཐད་མིན་གྱི་རྣམ་འགྱུར་སྟོན་དབང་མ་བཅུག་པར་བུད་སོང་།
ཁོ་ཚོས་སྐོར་ཐེངས་དང་པོའི་ཤིང་དྲུད་ནས་ཕྱིར་སླེབས་པ་དང་དེ་སྔོན་མི་སྐྱ་བོ་ཚོའི་ལག་ནས་མེ་མདའ་ཉོས་པའི་ཕོ་གསར་དབང་ཆེན་གྱིས་ཤྭ་བ་གཉིས་སོད་པོད་པའི་མི་སྐྱ་བོ་ཞིག་ལ་མདེའུ་སུམ་ཅུ་དང་ཤྭ་རྭ་བརྗེ་རེས་བྱས།
ཁོ་ཚོ་སླར་ཡང་ལམ་ལ་ཆས་སྐབས་མི་སྐྱ་བོ་དེས་ཤིང་ལ་ཁོས་བལྟས་ནས་གཅོད་དགོས་ཟེར་ནས་ཤིང་དཔོན་གྱི་མེ་མདའ་ཁུར་ཏེ་ཤིང་འདྲུད་ཚོ་དང་མཉམ་དུ་སོང་། ཁོ་རང་ཤིང་དཔོན་གྱི་བུ་ཡིན་པ་དང་། ཤིང་དཔོན་གྱི་འཕྲོ་ནས་ལག་རྩལ་བཟང་ཤོས་ཀྱང་ཡིན་པས་མི་རྣམས་ཀྱིས་ཁོའི་མིང་ལ་ཤིང་བློན་ཟེར།
ཤིང་བློན་ཤིང་ལ་ལྟ་རུ་ཡོང་ཟེར་བ་མ་གཏོགས་དོན་དངོས་སུ་རི་དྭགས་བརྔོན་པར་ཡོང་བ་འདྲ་སྟེ་འདི། ་་གན། ་ཟེར་ནས་སྡོང་བོ་འགའ་ལ་མཛུབ་སྟོན་རེ་བྱས་རྗེས་རི་དྭགས་བརྔོན་པར་བུད་འགྲོཕངས་པ་ཞིག་ལ་ཁོས་རི་དྭགས་གཅིག་ཀྱང་མ་སོད་པར་མ་ཟད་ངོ་མདོག་སྔར་ལས་སྐྱ་བོར་གྱུར་ཅིང་དབུགས་འཚང་བཞིན་ཕྱིར་ཐོན་ཏེ་ཁོས་ཐན་ལྟས་ཤིག་མཐོང་བྱུང་ཟེར་བ་དང་མཉམ་དུ་ལུས་ལ་ཚ་བ་འཕེལ་ནས་གཉིད་མ་སད་ཀྱིས་ཉོག་བཤད་གང་མང་བྱས་པའི་ནང་དུ་ཅུང་གསལ་བའི་ཚིག་འབྲུ་གཅིག་ནི་མེ་མདའ་རེད། དེ་དུས་མི་རྣམས་ཀྱིས་ཁོའི་མེ་མདའ་མེད་པ་ཤེས་ནས་འབྲུག་ཐར་བཙལ་དུ་འགྲོ་རྩིས་བྱས། ཨ་ཇོ་གཅིག་པོ་འགྲོ་མི་རུང་། ང་ཁྱེད་དང་མཉམ་དུ་འགྲོ་ཟེར་ནས་འཕྲིན་ལས་ཁ་ཤོས་འབྲུག་ཐར་གྱི་རྗེས་ལ་སོང་། ཅུང་མ་འགོར་བར་ཤིང་བློན་མེ་མདའ་རྙེད་ནས་ཕྱིར་ཐོན་དུས་འཕྲིན་ལས་ཁ་ཤོས་ངོ་མདོག་ཀྱང་སེར་སྐྱ་གྱུར་ནས་མ་ཁའི་རྨ་ཤུལ་ལམ་ཡང་ན་སྐྱེས་པ་ནས་ཡོད་པའི་ཤུར་ནང་ནས་ཁ་ཆུ་བཞུན་ཞོར་ཉོག་བཤད་བྱས། འབྲུག་ཐར་གྱིས་བཤད་ན་ཁོ་རང་ཐོག་མཐའ་བར་གསུམ་དུ་རང་གི་རྗེས་སུ་དེད་ནས་ཡོང་བཞིན་པ་ལས་ཁོ་པར་ཅི་བྱུང་གཏན་ནས་མ་ཤེས་ཟེར། དེ་ནས་བཟུང་འཕྲིན་ལས་ཁ་ཤོས་མགོ་འདར་ཞིང་མ་ཁའི་རྨ་ཤུལ་ནང་དུ་ཁ་ཆུའི་བཞུར་རྒྱུན་མི་ཆད་པས་ཆུ་ཁ་དང་མགོ་འདར་གཉིས་ཀྱི་མཚང་མིང་ཡང་ཇེ་མང་དུ་སོང་།
མི་སྐྱ་བོ་རྣམས་ཤིང་འདྲུད་ཚོའི་རྗེས་སུ་འགྲོ་བའམ་ཡང་ན་ལས་ཀ་ཅུང་ཙམ་རེ་ལས་རྗེས་འགའ་རེ་སྐོར་སྐོར་བྱས་ནས་རི་དྭགས་རྔོན་བཞིན་བསྡད་པས་ལོ་དེར་གྲྭ་ཤག་འགའ་བཟོས་པ་ལས་འདུ་ཁང་ད་རུང་མ་འགྲུབ།
6
ཡི་དམ་ཚང་གི་མེས་པོར་དྲི་ངན་སྣ་བས་མི་བཟོད་པ་ཞིག་འཐུལ་ཡོང་བས་མི་རྣམས་ཀྱིས་ཁོ་ལ་དོ་སྣང་མི་བྱེད་ཚད་མེད་དུ་གྱུར། མེས་པོའི་མི་གཙང་ཉིན་འགའ་ལ་ཉར་མེད་པ་ཤེས་ནས་ད་གཟོད་ཡི་དམ་ཚང་གི་མནའ་མ་སྟེ་ལོ་བརྒྱད་ཅུ་ཅན་གྱི་ཨ་ཡེ་འཕགས་མ——ཡི་དམ་གྱི་བུ་ཆེ་བ་ལྷ་རྒྱལ་ཚེ་རིང་གི་ཆུང་མ——མེད་པ་ཤེས་སོང་། རྒྱུ་མཚན་ནི་ནམ་རྒྱུན་མེས་པོ་ལ་འཕགས་མས་བདག་བྱེད་ཀྱིན་ཡོད་པས་རེད། ལྷ་རྒྱལ་ཚེ་རིང་གིས་བཤད་ན་ས་འདིར་སླེབས་པ་ནས་ཁོ་མོ་ཁོ་དང་མཉམ་དུ་མི་ཉལ་བས་ཁོས་ཀྱང་ཁོ་མོ་ནམ་མེད་ཁ་དང་གར་སོང་བ་མི་ཤེས་ཟེར།
འདུ་ཁང་གི་ཤིང་ཆའི་སྟེང་ནས་སྡེ་བ་ཕར་ཚུར་གཉིས་ཀའི་བར་ལ་རྩོད་པ་ཅུང་བྱུང་བ་ནས་འབྲུག་ཐར་གྱི་མིག་ལམ་དུ་སླར་ཡང་དོན་གྲུབ་ར་མའི་ཐོད་པའི་སྟེང་གི་ནམ་ཡང་ལེན་ཐབས་བྲལ་བའི་ཁོའི་ལག་རྗེས་བབས་ཡོད་པའི་རྡོ་ལོག་དེ་དང་ཤིན་ཏུ་སེར་ལ་ནམ་ཡང་བཙུམ་རྒྱུ་མེད་པའི་མིག་ཟུང་ཤར་ཡོང་སྟེ་ཧ་ཅང་མི་བདེ་བར་གྱུར་པས་འཇམ་དབྱངས་ཤེས་རབ་ལ་ཟློག་ཐབས་ཀྱི་རིམ་གྲོ་རེ་ཨེ་ཡོད་དྲིད་དུས་འཇམ་དབྱངས་ཤེས་རབ་ཀྱིས་དུང་དཀར་ངོས་ཀྱི་མཁའ་འགྲོ་མ་དེར་ཐབས་རེ་མེད་ན་ང་ལ་ཐབས་མེད་ཟེར།
ཀླུ་མོ་སྐྱིད་ཨེ།
རེད།
འིན་ཀྱང་ཀླུ་མོ་སྐྱིད……
ད་ལྟ་ཁོ་མོ་སྔར་གྱི་ཀླུ་མོ་སྐྱིད་ག་ལ་ཡིན།
འབྲུག་ཐར་གྱི་སེམས་ལ་དོགས་པ་ཟ་ཞོར་དུང་དཀར་གྱི་ངོས་ལ་འགྲོ་སྐབས་ལྷ་རྒྱལ་ཚེ་རིང་དང་འཕྲད། ཁོས་རྟ་གཅིག་ཞོན་ཅིང་རྟ་གཅིག་ལ་སྒ་བསྟད་དེ་ཁྲིད་ནས་འགྲོ་བཞིན་པ་དེ་རྩེ་གཞུང་སྡེ་བའི་ནང་གི་གཤིས་རྒྱུད་ཆེས་འཇམ་ཞིང་ལོ་ན་ཆེས་མཐོ་བ་སྟེ་ལོ་སུམ་ཆུ་ཅན་གྱི་རྟ་རྒན་རྐྱང་ལོ་རེད། གལ་ཏེ་མིའི་རིགས་ཀྱི་ལོ་ཚད་ལྟར་རྩིས་བརྒྱབ་ན་ཕལ་ཆེར་བགྲེས་སོང་ཡི་དམ་གྱི་ལོ་ཚད་ལ་སླེབས་ཡོད་ལ་འབྲོག་པའི་ཁ་དཔེ་ལྟར་ན་ཁ་ནང་ལ་ཐུད་བཞག་ཀྱང་མི་ཆོད་པ་དང་། མ་ཁ་ཐུར་ལ་དྲུད་ནས་བལྟས་མ་ཐག་ཏུ་མ་ཁ་ཧ་ཅང་རིང་ཞིང་ཆེ་བའི་སྣང་བ་ཞིག་སྟེར།
ཨ་མྱེས་ལྷ་རྒྱལ་ཚེ་རིང་གང་ལ་འགྲོ་རྒྱུ།
བསྟན་པ་རྒྱ་མཚོས་མི་རྩིས་བྱས་པ་ལྟར་ན་ངེད་ཚང་གི་འཕགས་མ་སྨྱོས་མ་དུང་དཀར་ངོས་ན་ཡོད་ཟེར་བས་ང་ཁོ་མོ་ལེན་དུ་འགྲོ་བ་ཡིན།
ཁོང་གཉིས་འགྲོགས་ནས་དུང་དཀར་ངོས་སུ་སོང་བར་མ་ཟད་ཐད་ཀར་ཀླུ་མོ་སྐྱིད་ཀྱི་བྲུག་ཁུང་ནང་དུ་སོང་བ་ན་ཉེ་བའི་ལོ་འགའི་རིང་ལ་བོར་བའི་བུད་མེད་ཡོངས་རྫོགས་དེ་ན་ཡོད་པ་དང་། དེ་ཚོའི་ནང་གི་ལ་ལ་ནི་དགའ་གྲོགས་སམ་ཁྱོ་གས་བསྐྱུར་མཐར་སེམས་སྡུག་གིས་མནར་ནས་འཇིག་རྟེན་འཁོར་བར་ཡིད་ཆད་པ་ཡིན་ལ། ལ་ལ་ནི་མཚན་མའི་ནུས་པ་ཉམས་ནས་འཁྲུག་སྤྱོད་ཀྱི་ལས་ལ་ཡི་ག་ཆད་དེ་མགོ་སྐྲ་བྲེགས་པ་དག་རེད། ཁོ་མོ་ཚོས་ཀླུ་མོ་སྐྱིད་ཀྱིས་ཆོས་གསུང་བར་ཉན་ཚར་རྗེས་ཚང་མ་ཡར་ལངས་ཤིང་མགོ་སྒུར་སྒུར་བྱས་ནས་ཕྱི་ནུར་བྱེད་བཞིན་སོང་། འཕགས་མའི་མགོ་སྐྲ་རྩ་བ་ནས་བྲེགས་ཡོད་པར་མ་ཟད་ལྷ་རྒྱལ་ཚེ་རིང་ལ་ཁ་ཡ་ཙམ་མ་བྱས་པས་ཁོས་ཀྱང་ཀླུ་མོ་སྐྱིད་ལ་ཕྱག་གསུམ་འཚལ་རྗེས་སྒོར་བུད་ནས་རྟ་རྒན་རྐྱང་ལོ་ཁྲིད་དེ་ཕྱིར་འགྲོ་སྐབས་འཕགས་མས་བྲག་ཕུག་ཅིག་གི་སྒོ་ཁ་ནས་ཁོའི་རྗེས་སུ་བལྟས་འདུག་པས་ཁོས་རྟ་ཁ་ཕྱིར་དཀྱུས། འོན་ཀྱང་ཁོ་མོ་མྱུར་དུ་བྲུག་ཕུག་ནང་ལ་འཛུལ་སོང་བས་ཁོ་རང་སླར་ཡང་ཕྱིར་འཁོར་ནས་བུད་སོང་། ཅུང་མ་འགོར་བར་འབྲུག་ཐར་ཡང་ཁོའི་རྗེས་ལ་སླེབས་པ་ན་ཁོས་ཨོ། ཁྱོད་འདིར་ཡོང་དོན་ཅི་ཡིན་ཟེར།
འབྲུག་ཐར་གྱིས་ཁོའི་དྲི་བར་ཐད་ཀར་དུ་ལན་བཏབ་པར་ཨེ——ཁོ་མོ་དངོས་གནས་མཁའ་འགྲོ་མ་ཞིག་ཏུ་གྱུར་འདུག——ངས་ཅི་ཡང་མ་བཤད་གོང་ལ་མོས་ངའི་གདོང་ལ་བྱིལ་བྱིལ་ཞིག་བྱས་པ་དང་། ད་ནི་ངས་ཅི་ལྟར་ཕྱིར་དྲན་བྱས་ཀྱང་དོན་གྲུབ་ར་མའི་ངོ་གདོང་དེ་ཡིད་ལ་མི་དྲན་པར་མ་ཟད་དོན་གྲུབ་ར་མ་ཅི་འདྲ་ཞིག་ཡིན་པའང་ཡིད་ན་མེད་ཟེར།
དེ་རེད། འོན་ཀྱང་ཁོ་རང་ངའི་མིག་ལམ་ལ་གཏན་ནས་འཆར་རྒྱུ་མི་འདུགཀླུ་མོ་སྐྱིད་ངོ་མ་མཁའ་འགྲོ་མར་གྱུར་འདུག
རེད་ཡ། ཁོ་མོ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་འདུགདེ་མིན་ན་ངས་འཕགས་མ་སྨྱོན་མ་འདི་རུ་གཏན་ནས་མི་བསྐྱུར། སྨྱོན་མ་དེས་འཆི་ཁ་རྒས་ཁར་ང་ལ་མི་ཁ་བཏང་ནས………
ཨ་ཡེ་འཕགས་མའང་མཁའ་འགྲོ་མར་འགྱུར་སྲིད་ན་ཐང་།
ཕའེ། ང་ཤི་འགྲོ་ཡ།
………
མི་སྐྱ་བོ་རྣམས་ཀྱིས་སྔར་ལས་ཀྱང་མང་བའི་མི་སྐྱ་བོ་སྐོར་ཞིག་ཁྲིད་ཡོང་། ལ་ལས་རི་ནག་མའི་ངོས་ནས་འདུ་ཁང་བཞེངས་པ་དང་ལ་ལས་དུང་དཀར་ངོས་ནས་གྲྭ་ཤག་གམ་ཇོ་ཤག——ངས་ཀྱང་ཅི་ལྟར་བཤད་དགོས་མི་ཤེས———གང་ལྟར་ཁང་མིག་མང་པོ་བཟོས་ནས་མཇུག་མཐར་ཇོ་མོ་དགོན་ཞིག་ཆགས་པ་འདི་རྗེས་སུ་ལོ་རྒྱུས་ནང་བཀོད་ཡོད་པའི་མྰ་ཇག་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་དྲག་པོ་བྱེད་ཆེད་ཚང་མས་ལག་གདང་སྦྲེལ་ནས་རྩེ་ཆུར་མཆོངས་ཏེ་རང་སྲོག་བཅད་ཟེར་བ་དེ་རེད།
ལོ་རྒྱུས་ཡིག་ཆ་གཞན་ཞིག་ཏུ་བཀོད་པ་ལྟར་ན་མཱ་ཇག་གི་དམག་དཔུང་གིས་རྩེ་གཞུང་དགོན་པ་མེ་ལ་བསྲེགས་ནས་ཚར་ཡོང་སྐབས་དུང་དཀར་ངོས་གྱི་ཇོ་མོ་རྣམས་ད་རུང་བསྡད་ཡོད་པ་མཐོང་པ་ན་ཁོ་ཚོ་སྤྱང་ལྟོགས་ཟས་ལ་རྔམ་པ་ལྟར་ཁང་མིག་རེ་རེའི་་ནང་ལ་བརྒྱུགས་སྟེ་ཆེ་བ་ལོ་བདུན་ཅུ་བརྒྱད་ཅུ་ཅན་གྱི་རྒན་པོ་ནས་ཆུང་བ་ལོ་བདུན་བརྒྱད་ཅན་གྱི་བྱིས་པའི་བར་གཅིག་ཀྱང་བ་བསྐྱུར་བར་བཙན་གཡེམ་བསྐོར་གཡེམ་བྱས་པས་ཇོ་མོ་བརྒྱད་ཅུ་གྱ་བཞིས་ལག་གདང་སྦྲེལ་ནས་རྩེ་ཆུར་ལྕེབས་པ་དང་། རྗེས་སུ་བེམ་རོ་རྙེད་དུས་འགའ་རེའི་ལག་གདང་ད་རུང་འཐོར་མེད་ཟེར།
ལོ་རྒྱུས་སྨྲ་བ་པོའི་སྨྱུག་འོག་ཏུ་ལུས་པ་ཞིག་ནི་དེ་དུས་ཀླུ་མོ་སྐྱིད་ཏག་ཏག་དམག་དཔོན་ཞིག་ལ་འཕྲད་པ་དང་། མོ་ནི་ལྟ་བའི་ཆོག་མི་ཤེས་པའི་མཛེས་མ་ཞིག་ཡིན་པའི་ཁར་ལུས་ན་གྱོན་པ་མེད་པར་དམར་ཧྲེང་ངེར་འདུག་པས་དམག་དཔོན་དེ་ཆགས་པས་རབ་ཏུ་མྱོས་ཏེ་མིག་ཟུང་ཡང་བཙུམ་པར་གྱུར་ནས་ཁོ་མོའི་མགྲིན་པར་འཁྱུད་པ་དང་ཧ་ཅང་མཁྲེགས་ཤིང་ཤིན་ཏུ་འཁྱགས་པའི་ཚོར་སྣང་ཞིག་སྐྱེས་པས་འཕྲད་དུ་མིག་ཕྱེས་བྱུང་། ཨ་ཁ། མ་གཞི་ཁོ་རང་འཇིགས་སུ་རུང་བའི་རྡོ་བརྐོས་སྐུ་འདྲ་ཞིག་གི་མགྲིན་པར་འཁྱུད་འདུགཁོ་རང་སྐྲག་ཐག་ཆོད་དེ་རང་གི་གྱོན་པ་དང་མཚོན་ཆའང་བསྐྱུར་ནས་ཕྱིར་བལྟས་བྱེད་ཀྱིན་བྲོས་ཏེ་མཇུག་མཐར་རྩེ་ཆུའི་གད་ཁ་མཐོན་པོ་ཞིག་ནས་ལྷུང་སྟེ་འདྲེ་རུ་སྐྱེས་པ་ནི་ལོ་མང་པོའི་རྗེས་སུ་སུ་ལ་ཐུག་ནའང་་ཧྭོས་ཏཱ་ཡ——ཧྭོ་ཏཱ་ཟེར་བཞིན་བྲོས་འགྲོ་བའི་འདྲེ་སྡར་མ་དེ་རེད།
གསུམ་པ།
1
ཨེ——ཁྱོད་ཀྱིས་ལྟོས་དང་། ཇོ་མོ་ཚོར་ངོ་མ་དགོན་པ་ཞིག་གི་ཉམས་ཐོན་འདུག འོན་ཀྱང་ང་ཚོས་ད་རུང་འདུ་ཁང་གཅིག་པོའང་འགྲུབ་མེད་པས་ད་འདི་ཅི་ཡིན་ཟེར་རམ་འཇམ་དབྱངས་ཤེས་རབ་ཀྱི་གདོང་ལ་ཧ་ཅང་ཐང་ཆད་པའི་ཉམས་ཤིག་ཤར་ནས་མུ་མཐུད་དུ་བཤད་རྒྱུར་དུང་དཀར་གྱི་ངོས་ན་མཁའ་འགྲོ་མ་ཡོད་པའི་བྱིན་རླབས་རེད། ང་ཚོའི་ལས་དོན་གཅིག་ཀྱང་མི་འགྲུབ་པ་ནི་བླ་མ་ཞིག་མེད་པས་རེད་ཟེར།
རེད་ཡ། ཤུ——ང་ཚོས་དེ་འདྲའི་བསང་མཆོད་མང་པོ་བྱས་པ་དང་ཁྱེད་ཚོས་དེ་འདྲའི་རིམ་གྲོ་མང་པོ་བསྒྲུབས་ནའང་འདུ་ཁང་ད་རུང་མི་འགྲུབ་པ་འདི་བླ་མ་ཞིག་མེད་པས་མིན་ནམ་ཅི་ཡིན། ཤུ———་བགྲེས་སོང་ཡི་དམ་ཡང་གློ་བུར་དུ་རྒས་པར་གྱུར་ནས་ད་ལྟ་ཁོས་སྐད་ཆ་བཤད་སྐབས་ཀྱང་ཡང་ཡང་དབུགས་རིང་གཏོང་དགོས་འདུག
ད་ནི་འདི་ལྟར་མི་སྐྱ་བོ་རྣམས་ལ་སྐྱབས་རེ་བ་ལས་བླ་མ་ཞིག་གདན་འདྲེན་བྱེད་དུ་སོང་ན་མི་དགའ་འམ། གལ་ཏེ་དགོནུ་བདག་བླ་མ་ཞིག་གདན་འདྲེན་བྱེད་ཐུབ་ན་ཁོང་ལ་ས་ཆ་གཞན་ནའང་སྦྱིན་བདག་ཡོད་སྲིད་པས་རང་རེའི་སྡེ་བའི་ཁུར་པོའང་ཇེ་ཡང་དུ་འགྲོ་རྒྱུ་རེད།
ཤུ——ཁྱེད་ཀྱིས་ཀྱང་ལོས་མཁྱེན་ཏེ་བླ་མ་ཞིག་གདན་འདྲེན་བྱེད་རྒྱུ་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། གལ་ཏེ་གདན་འདྲེན་བྱེད་ཐུབ་ནའང་འདི་འདྲའི་སྡེ་བ་ཆུང་ཆུང་ཞིག་གིས་བླུ་ཡོན་ཡང་ཧ་ཅང་དཀའ་མོ་མིན་ནམ།
མགོ་ན་རེབ་གཅིག་དང་སོ་ལེན་རེབ་གཅིག’བྱས་ན་རྗེས་སུ་ཁུར་པོ་ཇེ་ཡང་ལ་འགྲོ་རྒྱུ་རེད།
ཤུ——སྤྱིར་བླ་མ་ཞིག་གདན་འདྲེན་བྱེད་ཐུབ་ན་དེ་ལས་དགའ་བ་ཞིག་གང་ན་ཡོད། གཞན་བཤད་མི་དགོས། ཐ་ན་ན་ཚ་ཤི་ཆད་རེ་བྱུང་ནའང་ང་ཚོས་དཀའ་རེ་ལྟོས། ཤུ——ངས་སེམས་ཁྲལ་བྱེད་ས་ནི་ད་ལྟ་སྡེ་བ་གཉིས་ཀ་ཕར་ཚུར་དུ་ཆད་ཡོད་པ་དང་ཁྱེད་གྲྭ་པ་ཚོའང་དེ་འདྲའི་མཐུན་པོ་མེད་པས་བླ་མ་གདན་འདྲེན་བྱེད་རྒྱུ་ཐག་བཅད་ནས་རྗེས་སུ་གྲོས་མཐུན་མ་ཡོང་ན་དངོས་གནས་དཀའ་མོ་རེད་
ཨ་མྱེས་ཡི་དམ། འཇམ་དབྱངས་ཤེས་རབ་ཀྱིས་ཕར་ལྟ་ཚུར་ལྟ་ཞིག་བྱས་རྗེས་ཡི་དམ་གྱི་མདུན་ལ་བཅར་ཙམ་བྱས་ནས་སྤྱིར་ང་རབ་བྱུང་བ་ཞིག་ལ་སྡེ་དོན་ཚོ་དོན་མི་དགོས་མོད། དེང་སྐབས་ཀྱི་གནས་ཚུལ་ལ་བལྟས་ན་གང་ལྟར་སྡེ་དཔོན་ཞིག་དགོས———མི་ཞིག་ལ་སྡེ་དཔོན་གྱི་མིང་བཏགས་ན་དགའ……
ཤུ——རེད་ཡ། དགོན་པར་བླ་མ་མེད། སྡེ་བར་དཔོན་པོ་མེད། འདི་བྱ་ཞིག་མ་རེད། གལ་ཏེ་སྡེ་དཔོན་ཞིག་འཇོག་དགོས་ན་འབྲུག་ཐར་ལས་འཚམ་པ་ཞིག་མེད་དེ་ཚང་མ་ཁོ་ལ་སྐྲག་ནས་རང་ཤུགས་ཀྱིས་བརྩི་བཀུར……ཤུ——བྱེད་ཀྱིན་ཡོད་པ་དང་། ལྷག་པར་དུ་ཁོ་རང་མི་གཞུང་དྲང་ཞིག་ཡིན་པས……
འོ་ན་ཁྱེད་ཀྱིས་གཟིགས་ན།
ཁྱོད་རང………
མིན་མིན་མིན། ད་ང་རྒད་པོས་རི་འགུལ་ན་མིག་གིས་མི་རིག་གིདུང་བུས་ན་རྣ་བས་མི་གོ་གི འཆི་ཁ་རྒས་ཁར་སྡེ་དཔོན་ཞིག་གི་ནད་མེད། ཤུ——སྡེ་དཔོན་གྱི་སྐོར་ད་རུང་སྐྱུར་ཞོག་བླ་མ་ཅི་ལྟར་གདན་འདྲེན་རྒྱུ།
མ་རེད་མ་རེད། སྡེ་དཔོན་ཞིག་ཡོད་ན་བླ་མ་གདན་འདྲེན་བྱེད་པར་ཡང་ཕན་པ་ཡོད།
དེས་ན་སུ་འགྲིག་གམ།
སྤྱིར་ན་ཁྱེད་ཀྱིས་བཤད་པ་ལྟར་འབྲུག་ཐར་ལས་འཚམ་པ་ཞིག་མེད་མོད། ངས་སེམས་ཁྲལ་བྱེད་ས་གཙོ་བོ་ཁོ་རང་མི་དགེ་རྔོན་པའི་ལས་བྱེད་མཁན་ཡིན་པ་དང་གཅིགདབུལ་པོ་ཡིན་པས་ཚང་མས་ཁ་ནས་ཅི་ཡང་བཤད་མི་ཕོད་ནའང་ཁོག་ན་མཐོང་ཆུང་བྱེད་ཀྱིན་ཡོད་པ་དང་གཉིས། ད་ལྟ་ཁོ་རང་འཕྲིན་ལས་ཁ་ཤོ་དང་ཉིན་དཀར་མཉམ་འགྲོ་དང་མཚན་མོ་མཉམ་འདུག་ཡིན་པས་ཚང་མས་ཁོ་ལ་བློ་སྟོན་ཡི་རང་བྱེད་དཀའ་པ་དང་གསུམ་གྱིས
……ཡིན་ནའང་ཁྱོད་ཀྱིས་ང་ལ་སུ་འགྲིག་དྲིས་ན་ང་ལའང་བཤད་རྒྱུ་མེད།
འཕྲིན་ལས་ཁ་ཤོ འཕྲིན་ལས་ཁ་ཤོ ཤུ——གནད་དོན་ཞིག་རེད་
རེད་ཡ། ཁོས་རང་གི་ཁ་ཆུར་བདག་བྱེད་མི་ཐུབ་ནའང་བདེན་མི་བདེན་གཉིས་ཀདགོས་མི་དགོས་ཐམས་ཅད་བཤད་དུས་འཇོན་མ་ཞིག་ལས་ཀྱང་ལྷག་
་འོན་ཀྱང་འབྲུག་ཐར་ལ་ཐབས་ཟད་པ་མ་གཏོགས་དོན་དངོས་སུ་འཕྲིན་ལས་ཁ་ཤོར་དགའ་བོ་མེད་པ་འདྲ། ཤུ———ཡང་གཅིག་བཤད་ན་དོན་གྲུབ་ར་མ——ༀ་མ་ཎི་པདྨེ་ཧཱུྃ——ཁོ་ཚོའི་གཉེན་ཉེ་ཡིན་པས་ལག་དམར་དང་མཉམ་དུ་འདུག་སྲོལ་མེད་པས་མ་གཏོགས་དོན་དངོས་སུ་ཁོ་ཚོའི་སེམས་ནས་ཀྱང་འབྲུག་ཐར་ལ་ཁག་མེད་བསམ་གྱིན་འདུགདེའི་སྐོར་ལོ་ལོན་བསམ་ཤེས་འགའ་རེས་ང་ལ་ཁ་བརྡ་བྱེད་མྱོང་བགྲེས་སོང་ཡི་དམ་གྱི་འོད་མདངས་ཉམས་ཤིང་ཐལ་མདོག་གི་མིག་ཟུང་གིས་འཇམ་དབྱངས་ཤེས་རབ་ཀྱི་གདོང་ལ་བལྟས་འདུག
འཇམ་དབྱངས་ཤེས་རབ་ཀྱི་སོར་གང་གི་རིང་ཚད་ཡོད་པའི་མགོ་སྐྲ་དེའང་ཐལ་མདོག་ཏུ་གྱུར་ཡོད་པ་དང་། ཟངས་དམར་གྱི་མདོག་དང་འདྲ་བའི་མཁུར་ཚོས་གཉིས་ཀ་འབུར་དུ་ཐོན་ཡོད་ལ་ཁ་སྤུ་སྔོན་པོ་འགའ་ཐར་ཐོར་དུ་སྐྱེས་པའི་འགྲམ་ཤ་གཉིས་ལྐོག་ཏུ་འཐེན་ཡོད་པས་གལ་ཏེ་མཁུར་ཚོས་གཉིས་ཀ་གཞོགས་ནས་ཁ་ལོ་བསྐོར་ཏེ་འགྲམ་སྐོགས་ནང་དུ་སྤྲད་ན་ད་གཟོད་རྒྱུ་འབྲས་དང་མཐུན་པ་འདྲ་བའི་སྣང་བཞིག་སྟེར། ཁོས་ཡི་དམ་གྱི་གདོང་ལ་བལྟས་ནས་ཡུན་རིང་འདང་བརྒྱབ་རྗེས་གཞི་ནས་འོ་ན་དེ་ལྟར་བྱེད། ད་ཁྱིམ་ལ་འགྲོ་ཇ་འཐུང་ཟེར་བཞིན་ཡར་ལངས་ནས་ལག་པ་གཉིས་ཀས་ཤམ་ཐབས་སྟེང་གི་རྩྭ་རྡུལ་སྤྲུགས།
བགྲེས་སོང་ཡི་དམ་གྱིས་འཇམ་དབྱངས་ཤེས་རབ་ཀྱི་ཉལ་ཁྲི (དོན་དངོས་སུ་ཤིང་ལེབ་གསུམ་གྱི་འགྲམ་དུ་ཕུར་བ་བཙུགས་ཏེ་སྲ་བརྟན་བྱས་ནས་དཀྱིལ་དུ་རྩྭ་སྐྱ་བཏིང་བ་ཞིག་རེད)
ལ་ཨོང་སྟེགས་བྱས་ནས་བསྡད་དེ་ཡར་ལྟ་མར་ལྟ་འགའ་བྱས་ནས་ཁྱོད་ཀྱི་གྲྭ་ཤག་ངོ་མ་སྐྱིད་པོ་རེད་ཟེར། ངོ་མ། འདི་ནི་ཆེ་ཞིང་མཛེས་མཆོར་ལྡན་པ་ཞིག་མིན་ནའང་ཁང་པ་ཆུང་ཆུང་རྣམས་ལ་ཁྱད་དུ་ཡོད་པའི་མིའི་སེམས་སུ་མཛའ་ཉེའམ་དྲོད་འཇམ་གྱི་སྣང་བ་སྟེར་བ་ཞིག་རེད།
བསྟན་པ་རྒྱ་མཚོའི་གྲྭ་ཤག་ལ་མི་དོ་མོད། ང་གྲྭ་རྐྱང་ཞིག་ལ་མཚོན་ན་རབ་ཡིན་
དེ་རེད། དེ་རེད། ཤུ——གྲྭ་རྐྱང་ཞིག་ལ་རྒྱ་ཆེ་ནས་ཅི་བྱེད། གཙོ་བོ་དྲོན་པོ་ཡིན་དགོས།
འཇམ་དབྱངས་ཤེས་རབ་ཀྱིས་ཡི་དམ་ལ་ཇ་ཅ་ནེ་གང་བླུགས་པ་དང་། ཡང་ཆ་སྒམ་ཆུང་ཆུང་ནང་ནས་སྟེང་ལ་གོ་སྙོད་བསྐུས་ཤིང་ཆེ་ཆུང་ན་ཅ་ནེའི་ཁ་ཙམ་ཡོད་པའི་གོ་རེ་ཞིག་བླངས་ནས་ལག་ལ་བཞག་སྟེ་མར་ལ་བྲན་ནམ་ཟེར།
མིན་མིན། ཨ་ཙི་ཨ་ཙི། ཅི་འདྲའི་གོ་རེ་ཡག་པོ་ཞིག་རེད་ཟེར་བཞིན་མཐེ་བོང་གི་སེན་མོས་ཅུང་ཙམ་བཀོག་ནས་ཁ་ནང་ལ་བཞག་སྟེ་བླ་བྲང་གི་གོ་རེ་ལས་ཀྱང་ལྷགའདི་ངས་མེས་པོ་ལ་སྟེར་རྒྱུ་ཡིན་ཟེར་ནས་རུམ་ལ་བཅུག
དེ་ཁྱོད་ཀྱིས་ཟོས་དང་། མེས་པོ་ལ་སྟེར་རྒྱུ་ཞིག་ངས་ཁྱོད་ལ་ད་རུང་སྟེར་འཇམ་དབྱངས་ཤེས་རབ་ཀྱིས་སླར་ཡང་གོ་རེ་གཅིག་བླངས་ནས་ངས་མི་སྐྱ་བོ་ཞིག་གི་ལག་ནས་འགའ་ཉོས་ཡོད་ཟེར་བཞིན་ཡི་དམ་ལ་བྱིན།
མི་སྐྱ་བོ་ཚོས་ད་ལྟ་གོ་རེ་དང་འབྲུ་རིགས། ཇ་ཚྭ་ཁུ་སོགས་བཀལ་ཡོང་ཡོད་པར་མ་ཟད་བུད་མེད་སྐྱ་བོ་དང་བྱིས་པ་སྐྱ་བོ་འགའ་ཡང་ཁྲིད་ཡོང་སྟེ་ལ་ལས་དགུན་ཁའང་དངོས་པོ་བཙོང་ནས་བསྡད་ཡོད། དེའི་ཕྱིར། ཁོ་ཚོ་འདུ་ཁང་བཟོ་བར་ཡོང་ཟེར་བ་ལས་ཚོང་རྒྱག་པར་ཡོང་ཞེས་བཤད་ན་འགྲིག
བགྲེས་སོང་ཡི་དམ་གྱིས་གོ་རེ་དེར་སེན་འདྲད་རེ་བྱས་ནས་ལྕེ་སྟེང་ལ་བཞག་སྟེ་ལྕེ་རྐན་གཉིས་ཀྱི་བར་ནས་ཧ་ཅང་སེམས་ཆུང་སྒོས་རིམ་བཞིན་འཇུ་རུ་འཇུག་པའི་ཚུལ་ལ་བལྟས་ན་ཁོས་བླ་མ་དང་སྡེ་དཔོན་ཡང་བརྗེད་སོང་བ་འདྲ། མཇུག་མཐར་ཁོས་ཐུ་བའི་སྟེང་ལ་ཤིག་དང་འདྲ་བའི་གོར་ཧྲུལ་འགའ་ཐོར་ཡོད་པའང་བྱེའུས་རྒུམ་བུ་འཐུ་འཐུ་བྱས་ནས་གཅིག་ཀྱང་མ་བསྐྱུར། ཁོས་ཇ་ཧུབ་གང་བཏུང་རྗེས་ད་གཟོད་ཡར་དགྱེ་ནས་ང་རྒད་པོས་ལོ་བརྒྱ་ལ་མི་ཟས་ཟོས་ནའང་འདི་འདྲའི་གོ་རེ་ཞིམ་པོ་ཞིག་བཟའ་མ་མྱོང་། མི་སྐྱ་བོ་འདི་ཚོ་ངོ་མ………ཟེར་བ་ལས་སྐད་ཆའི་མཇུག་མ་རྫོགས་པར་བལྟས་ན་མི་སྐྱ་བོ་རྣམས་དངོས་གནས་ཇི་འདྲའི་ཞིག་ཡིན་པ་པོས་ཀྱང་མི་ཤེས་པ་འདྲ།
2
བགྲེས་སོང་ཡི་དམ་གྱིས་གོ་རེ་གཅིག་རུམ་ལ་བཅུག་ནས་མེས་པོར་སྟེར་དགོས་བམས་པ་དང་། སླར་ཡང་སེམས་ལ་འདི་གཞན་ཡོང་དངོས་པོ་ཡིན་པས་མེས་པོ་དགའ་མིན་སུས་ཤེས་བསམ་བཞིན་ཁྱིམ་ལ་ཐོན་པ་ན་མེས་པོའི་མདུན་ལ་གོ་རེ་འགའ་བཞག་ཡོད་པར་མ་ཟད་ཁོས་སྔར་ནས་མཐོང་མ་མྱོང་བའི་ཟས་རིགས་གཞན་དག་ཀྱང་བཞག་ཡོད། བློ་ཡུལ་ལས་འདས་པ་ཞིག་ནི་མེས་པོས་ཅི་མི་སྙམ་པར་ཟ་བཞིན་འདུག་པས་ཡི་དམ་ཧ་ལས་སོང་།
ངས་ཀྱང་དང་ཐོག་མེས་པོ་དགའ་མིན་མི་ཤེས་བསམ་སྟེ་རང་གིས་ཀྱང་ཟ་མ་ཕོད་ནའང…ཁྱོད་ཀྱིས་ལྟོས་དང་ཡི་དམ་གྱི་ཚ་བོས་ཡི་དམ་ཧ་ལས་པའི་ཚུལ་ལ་བལྟས་ནས་དེ་ལྟར་བཤད།
ངོ་མ། མེས་པོ་དགའ་པོ་འདུག་ཡི་དམ་གྱིས་ཀྱང་རུམ་ནས་གོ་རེ་དེ་བླངས་ནས་མེས་པོའི་མདུན་ལ་བཞག
སྐབས་དེར་ཕྱི་རོལ་ནས་ཧ་ཅང་ཛ་དྲག་ཆེ་བའི་ཁྱིའི་ཟུག་སྐད་བརྒྱབ་པ་དང་བུད་མེད་ཅིག་གི་སྐད་ངན་འབྱིན་བྱུང་བས་ཡི་དམ་ཚང་གི་བ???/U??ཟའ་མི་རྣམས་མ་གྲོས་རང་མཐུན་གྱིས་སྒོར་བུད་པ་ན་ལོ་བརྒྱད་དགུ་ཙམ་གྱི་གྲྭ་པ་ཆུང་ཆུང་ཞིག་སར་ཙོག་ནས་མགོ་གཟན་གྱིས་གཡོགས་ཏེ་ངུ་འདར་བྱེད་ཀྱིན་འདུག་པ་དང་ཁྱི་མང་པོས་དེའི་མཐའ་བསྐོར་ནས་ཟུག་སྐད་རྒྱག་གིན་འདུག
མི་རྣམས་ཀྱིས་ཁྱི་དེ་དག་ཕར་བདའ་ནས་གྲྭ་པ་ཆུང་ཆུང་དེ་ཡར་བསྐྱོར་བ་ན་དེའི་གཅིན་པའང་ཤོར་འདུགཁོ་རང་སོ་མ་ལང་ཚོ་དར་རྩིས་བྱེད་བཞིན་པའི་ན་ཆུང་མ་ཞིག་དང་འདྲ་བར་དམར་མདངས་བཀྲ་བའི་ངོ་གདོང་འཇམ་ཞིང་མཉེན་པ། ཤིན་ཏུ་གནག་པའི་སྨིན་མ་ཕྲ་ཞིང་སྟུག་པ། མིག་སྤུ་རིང་ཞིང་ཕྱིར་འཁྱིལ་བ། ཁྲ་ཞིང་ཆེ་བའི་མིག་མཐར་ད་རུང་མིག་ཆུ་སྐམ་མེད་པས་ལྷག་པར་ཡིད་དུ་འོངས་པར་འདུག་པར་མ་ཟད་སྐད་ངག་ཀྱང་ན་ཆུང་མ་ཞིག་དང་གཉིས་སུ་མེད། ཁོ་རང་འཇམ་དབྱངས་ཤེས་རབ་ཀྱི་དགེ་ཕྲུག་ཡིན་པ་དང་འཇམ་དབྱངས་ཤེས་རབ་ཀྱིས་ཁོ་རང་བགྲེས་སོང་ཡི་དམ་འབོད་པར་མངགས་པ་རེད།
ཡི་དམ་གྱིས་གྲྭ་པ་ཆུང་ཆུང་དེའི་ལག་མགོ་ནས་བཟུང་སྟེ་ད་མ་ངུ་། སྐྱོན་མེད་ཀི ད་མ་ངུ……་ཟེར་ཞོར་རི་ནག་མའི་ཉིན་ངོས་སུ་སོང་། འོན་ཀྱང་གྲྭ་པ་དེ་ནི་བརྙས་བཅོས་ཁེལ་བའི་གཞོན་ནུ་མ་ཞིག་དང་འདྲ་བར་ངུ་མཚམས་མི་འཇོག་པ་དང་། འཇམ་དབྱངས་ཤེས་རབ་མཐོང་བ་ན་ཁྱི་དེ་ཚོའི་མཆེ་བ་ཅི་ལྟར་གཙིགས་པ་དང་ཅི་འདྲའི་གདུག་རྩུབ་ཆེ་བ། ཁོ་རང་ཅི་ལྟར་སྐྲག་པ་སོགས་བཤད་ནས་སྔར་ལས་ཀྱང་སྐྱོ་གདོང་ཆེན་པོས་ངུས།
་རུ་ནང་ན་ཁྱོད་ལས་ཀྱང་ཆུང་བའི་བྱིས་པ་ཚོས་ཁྱི་ལ་རྡུང་ནས་ཁྱིན་ཚང་བར་ལ་འཁོན་པ་བཟོ་གིན་འདུག ཨེ—རབ་བྱུང་བ་རྣམས་འདི་ལྟར་རེད—སྙིང་སྟོབས་ཆུང་ལ་སྙིང་རྗེ་ཆེ། ད་སྐྱོན་མེད། མ་ངུ་མ་ངུ་། ་འཇམ་དབྱངས་ཤེས་རབ་ཀྱིས་གྲྭ་ཕྲུག་དེའི་མགོ་ལ་བྱིལ་བྱིལ་འགའ་བྱས་རྗེས་ཡི་དམ་ལ་ངས་ཀྱང་འདང་ཞིབ་མོ་ཞིག་བརྒྱབ་ཟིན—འབྲུག་ཐར་སྡེ་དཔོན་དུ་བཞག་ན་ངོ་མ་འགྲིག་པའི་མི་ཚད་ལྷག་པ་འདྲ—ཁོ་ལ་གཞི་བདག་དངོས་སུ་འཁོར་འདུག་པ་མིན་ནམ། ཁོའི་ལུས་ལ་མཚོན་མི་འཁོར་བ་དང་ཁོ་ལ་ས་འགུལ་བྱེད་པའི་ནུས་མཐུ་ཡོད། ཁོས་ད་རུང་ཀླུ་ཟོག་བརྒྱད་ཅུ་དེད་ཡོ་བ་མིན་ནམ། འདི་དག་འུ་གཉིས་ཀའི་ཡིད་ལའང་དྲན། ཨེ—ངོ་མ‘རྒྱུ་མེད་ན་ཕ་མ་ཡིན་རུང་འདང་མེད། དཔའ་མེད་ན་དཔོན་པོ་ཡིན་རུང་རྩིས་མེད’ཟེར་བ་ཅིས་མ་བདེན། ང་ཚོས་ཁོ་ལ་དངོས་གནས་དོ་སྣང་མ་བྱས།
་དེ་བས་ཁོ་རང་ངེས་པར་དུ་སྡེ་དཔོན་ལ་འཇོག་དགོས། མྱུར་དུ་འཇོག་དགོས། སང་ཉིན་འཇོག་དགོས་འཇམ་དབྱངས་ཤེས་རབ་ཅུང་སེམས་འགུལ་ཐེབས་ནས་ཁོ་རང་སྡེ་དཔོན་ལ་བཞག་ན་སྔར་ལས་ལྷག་པའི་ནུས་མཐུ་ཡོད་ཀྱང་སྲིད། ཁོས་མུ་མཐུད་དུ་ཀླུ་ཟོག་རྙེད་ཀྱང་སྲིད། ཁོས་བླ་མ་གདན་འདྲེན་པར་ཕན་ནུས་ཆེན་པོ་འདོན་ཡང་སྲིད། ཁོས……
་དེ་སྔོན་ཤིང་ཆ་འདྲུད་སྐབས་ཁོ་རང་ཡང་གཞན་དག་དང་འདྲ་བར་རྔུལ་ཆུ་བཞུར་བ་ལས་ནུས་མཐུ་ཅི་ཡང་མེད་པ་འདྲ།
་འཕྲིན་ལས་ཁ་ཤོ་དང་ཤིང་བློན་གཉིས་ལ་ཅི་ཞིག་གིས་གནོད་པ་ཁེལ་བ་དང་འབྲུག་ཐར་ལ་གནོད་པ་ཅི་ཡང་མ་ཁེལ་བ་དེ་ནུས་མཐུ་མིན་ན་ཅི་ཡིན།
དེ་ཡང་རེད། ཤུ——
འཇམ་དབྱངས་ཤེས་རབ་ཀྱིས་སླར་ཡང་གྲྭ་ཕྲུག་དེར་འབྲུག་ཐར་བོས་ཤོག་ཟེར། འོན་ཀྱང་གྲྭ་ཕྲུག་དེ་ད་རུང་ངུས་ནས་མཚམས་མི་འཇོག(ལོ་འགའི་རྗེས་སུ་ཁོ་རང་ད་རུང་འདི་འདྲའི་ཡིད་དུ་འོངས་བའི་ན་ཆུང་མ་ཞིག་ཡིན་པས་མྰ་ཇག་ཚང་གི་དམག་དཔོན་ཞིག་གིས་ཁོ་རང་བྲང་ཁར་སྦྱར་ནས་མཚམས་མེད་དུ་འོ་བྱས་པར་ཡང་ཁག་མེད་པ་འདྲ། དེ་དུས་ཀྱང་ཁོ་རང་འདི་ལྟར་ངུས་ནས་མཚམས་མི་འཇོག)
ཁོ་སྡུག་ལ་མ་གཏོད། ང་སོང་ནས་བོས་ཡོང་། ཤུ—བགྲེས་སོང་ཡི་དམ་གྱིས་དེ་ལྟར་བཤད་ཞོར་སྒོར་བུད་པ་ན་ཏག་ཏག་འབྲུག་ཐར་གྱིས་ཤིང་བཟོ་མཛུབ་ལོ་ཁྲིད་ནས་འགྲོ་བཞིན་པ་མཐོང་ནས་དེར་ལག་གཡུག་ཅིག་བྱས་ནས་སླར་ཡང་ཁྱིམ་ལ་འཛུལ་ཡོང་བ་དང་། ཕྱི་རོལ་ནས་འབྲུག་ཐར་གྱིས་ཀྱང་ས་འགུལ་ཆུང་ཆུང་བྱས་ཡོང་བས་ཆ་སྒམ་ནང་གི་དཀར་འབྲུག་རིས་མ་གཉིས་བརྩེགས་ནས་ཡོད་པ་དེས་ཀྱང་སིལ་སྒྲ་སྒྲོག་གིན་འདུག
ཡི་དམ་གྱིས་འཇམ་དབྱངས་ཤེས་རབ་ཀྱི་གདོང་ལ་གཅིག་བལྟས་དུས་འཇམ་དབྱངས་ཤེས་རབ་ཀྱིས་ཀྱང་ཡི་དམ་གྱི་གདོང་ལ་ལྟ་བཞིན་པ་དང་ཏག་ཏག་འཕྲད་པར་མ་ཟད་མིག་བརྡ་ཞིག་ཀྱང་བྱིན་བྱུང་བས་ཡི་དམ་གྱིས་དབུགས་རིང་ཞིག་འབྱིན་རྗེས་འབྲུག་ཐར་ལ་རང་རེའི་སྡེ་བར་སྡེ་དཔོན་ཞིག་དགོས་པའི་གལ་ཆེ་བའི་རང་བཞིན་གང་མང་ཞིག་བཤད་རྗེས་ཤུ—དེ་བས་ངེད་གཉིས་ཀྱིས་བལྟས་ན་ཁྱོད་རང་སྡེ་དཔོན་དུ་བསྡད་ན་འགྲིག་ཟེར།
འགྲིག་པའི་མི་ཚད་ལྷག་པར་འདུག་འཇམ་དབྱངས་ཤེས་རབ་ཀྱིས་ཀྱང་འཕྲད་དུ་རབ་འདེགས་བྱས་ནས་བློན་ཆེན་དར་དཀར་ཅན་གྱིས་ཁྱད་པར་དུ་ཁྱོད་ལ་གྲོགས་དང་མགོན་སྐྱབས་བྱེད་ཀྱིན་འདུག་པས་ཁྱོད་ཀྱིས་སེམས་ཁྲལ་བྱེད་མི་དགོས་ཟེར།
འབྲུག་ཐར་གྱིས་ཁེངས་སྐྱུང་ཙམ་ཡང་མི་བྱེད་པར་སྡེ་དཔོན་བྱེད་རྒྱུ་སླ་མོ་རེད། འོན་ཀྱང་ཁྱེད་གཉིས་ཀྱིས་དུས་རྒྱུན་ང་ལ་བློ་བཀོད་པ་རེ་འཇོག་དགོས་ཟེར་བཞིན་རུམ་ནས་ར་ཙེ་བླངས་པ་དང་སླར་ཡང་སེམས་ལ་ཅི་ཞིག་དྲན་པ་བཞིན་ཕར་ལྟ་ཚུར་ལྟ་ཞིག་བྱེད་ཞོར་ར་ཙེ་ཕྱིར་རུམ་ལ་བཅུག་ནས་ད་སྡེ་དཔོན་བྱས་ནས་ན་ཐོག་མར་ཅི་བྱེད་དགོས་ཟེར།
བགྲེས་སོང་གཉིས་ཀྱིས་ཕན་ཚུན་གྱི་གདོང་ལ་གཅིག་བལྟས་ནས་ཕལ་ཆེར་དུས་མཉམ་དུ་ཐོག་མར་མི་ངན་པའི་ཁ་ལ་ཉན་མི་རུང་ཟེར།
དེ་ངས་ལོས་ཤེས—ལྷག་པར་དུ་འཕྲིན་ལས་ཁ་ཤོའི་ཁ་ལ་ཉན་མི་རུང་། ད་རུང་ཁྱིམ་ཆུང་མའི་ཁ་ལ་ཉན་མི་རུང……དེ་དག་ངས་ལོས་ཤེས། ངས་བཤད་པ་ནི་ཐོག་མར་སྡེ་བ་ལ་དོན་དག་ཅི་ཞིག་བསྒྲུབ་དགོས་ཟེར།
བགྲེས་སོང་གཉིས་ཡིད་ཚིམས་པའི་ངང་ཕན་ཚུན་གྱི་གདོང་ལ་ལྟ་ཙམ་བྱས་ནས་འཇམ་དབྱངས་ཤེས་རབ་ཀྱིས་ད་ངོ་ཚོས་ངེས་པར་དུ་བླ་མ་ཞིག་གདན་འདྲེན་དགོས། དེས་ན་ཐོག་མར་བླ་མའི་བླུ་ཡོན་གྲ་སྒྲིག་བྱེད་དགོས། ད་རུང་ཐོག་མར་བླ་མར་ནང་ཆེན་བཟོ་དགོས་པས་རྒྱུ་ནོམ་པ་གྲ་སྒྲིག་བྱེད་དགོས་ཟེར།
ད་སླ་མོ་རེད། ཕྱུག་པོ་ཚོའི་ལག་ནས་རྒྱུ་ནོམ་པ་ལེན། མེད་པོ་ཚོར་ངལ་རྩལ་བྱེད་དུ་འཇུག……
་ཁྱོད་ཀྱིས་དེ་སྔོན་མི་སྟོང་འཇལ་སྐབས་རྟ་མཛོ་བརྒྱད་ཅུ་དེ་ཅི་ལྟར་ལོན་
ཧེ་ཧེ། དེ་ངོ་མ་སྟབས་དང་ཧེབ་འཕྲད་སོང—ང་རང་ཐབས་ཟད་དེ་ལབ་རྩེའི་མགོར་སོང་ནས་བློན་ཆེན་དར་དཀར་ཅན་ལ་བསང་མཆོད་ཅིག་བྱས་ནས་ད་ཇག་ལ་འགྲོ་དགོས་བསམས་ནས་ཕར་འགྲོ་སྐབས་རི་ནག་མའི་རྒྱབ་ན་རྟ་མཛོ་སྐོར་ཞིག་ཡོད། ངས་དང་ཐོག་དེ་ནི་རང་རེའི་སྡེ་བའི་ལོན་ཡིན་བསམས་ནའང་གམ་ལ་སོང་བ་ན་དེ་དག་ཕྱུགས་ཟོག་ཆ་མེད་སྐོར་ཞིག་ཡིན་ལ་ཞིབ་ཏུ་རྩིས་དུས་ཏག་ཏག་རྟ་བཞི་བཅུ་དང་མཛོ་མཛོ་མོ་བཞི་བཅུ་ཡོད། དེ་ནས་ངའི་སེམས་ལ་འདི་བློན་ཆེན་དར་དཀར་ཅན་གྱིས་རང་ལ་གནང་བ་མིན་ན་ཅི་ཡིན་བསམས་ནའང་རྗེས་སུ་དཀའ་ངལ་དང་འཕྲད་ནས་བསང་མཆོད་ཅི་འདྲ་བྱས་ཀྱང་ཐོབ་རྒྱུ་ཅི་ཡང་མེད་པས་དེ་ནི་ཏག་ཏག་སྟབས་དང་ཧེབས་འཕྲད་པ་ཁོ་ན་རེད།
ཁྱོད་ཀྱིས་བློན་ཆེན་དར་དཀར་ཅན་ལ་དད་ལོག་གམ་ཡང་ན་དོགས་པ་ཟ་ཨེ་མྱོང་།
ག་ལ་མྱོང་། བློན་ཆེན་དར་དཀར་ཅན་གྱིས་ད་རུང་ང་ལ་སྡོངས་གྲོགས་བྱེད་ཀྱིན་འདུགང་རང་སྡེ་དཔོན་དུ་འདུག་དགོས་པའང་ཁོས་ལུང་བསྟན་གནང་བྱུང་། ངས་ཀྱང་ཁོ་ལ་ནངས་བསང་དགོང་བསང་ཆད་མ་མྱོང་།
དེས་ན་ད་ཐེངས་བླ་མ་གདན་འདྲེན་བྱེད་རྒྱུ་དང་འདུ་ཁང་བཞེང་རྒྱུ་འདི་སྤྱིར་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་ཡིན་པས་ཁོས་ཁྱོད་ལ་སྔར་ལས་ཀྱང་སྡོངས་གྲོགས་མཛད་སྲིད། ཨ་མའི་བུ། ད་མུ་མཐུད་དུ་བསང་མཆོད་བྱོས།
ཡ་ཡ་ཟེར་བཞིན་འབྲུག་ཐར་གྱིས་སླར་ཡང་རུམ་ལ་ལག་པ་བསྲིངས་པ་དང་། ཡང་སེམས་ལ་ཅི་ཞིག་དྲན་པ་བཞིན་མྱུར་དུ་ལག་པ་ཕྱིར་བླངས་བྱུང་།
འཇམ་དབྱངས་ཤེས་རབ་ཀྱིས་འབྲུག་ཐར་གྱི་བམས་ཚུལ་རྟོགས་ནས་་སྐྱོན་མེད་སྐྱོན་མེད། ངའི་འདི་ན་ལྷ་ཆས་མཆོད་ཆས་ཅི་ཡང་མེད་པས་དུ་བ་འཐེན་ན་སྐྱོན་ཅི་ཡོད། མི་སྐྱ་བོ་རྣམས་ཀྱིས་ཀྱང་རྒྱུན་དུ་འཐེན་གྱིན་འདུག རང་གིས་འཐེན་འཐེན་ཟེར། འོན་ཀྱང་འབྲུག་ཐར་གྱིས་ངས་ཁྱེད་འདྲ་བའི་དགེ་སློང་ཞིག་ལ་དུ་གདུག་བྱེད་ག་ལ་རུང་ཟེར་ནས་གཏན་ནས་མ་འཐེན།
3
རྒྱང་རིང་གི་རི་མཐོན་པོ་ལ་ལའི་རྩེ་ན་དགུན་དུས་སུ་བབས་པའི་ཁ་བ་ད་རུང་ཞུ་མེད་པས་རྩེ་གཞུང་ནས་བལྟས་ན་དེ་དག་ཕྱིང་ཞྭ་དཀར་པོ་གྱོན་པའི་སྐྱེས་ཆེན་རེ་དང་འདྲ། མུ་མཐའ་མི་མངོན་པའི་རྩེ་གཞུང་ཡོངས་རྫོགས་སྐྱ་ཐིང་ངེར་འདུགརྩྭ་སྔོན་ཅུང་སྐྱེས་ཡོད་ནའང་ད་རུང་ལོ་སྔོན་མའི་རྩྭ་སྐྱའི་འོག་ནས་ཕྱིར་བུད་མེད། རྩེ་གཞུང་སྡེ་བའི་མི་རྣམས་ཐོག་མར་ས་རྩེ་གཞུང་ལ་ཐོན་དུས་ཀྱང་འདིའི་སྐབས་ཡིན་པ་འདྲ། འོན་ཀྱང་དེ་དུས་ས་འདིའི་བདག་པོ་ནི་རི་དྭགས་ཡིན་ལ་ད་ལྟ་མིའི་རིགས་ཀྱིས་བགད་བཟུང་བྱས་ཡོད། རི་དྭགས་རྣམས་མི་དང་ཕྱགས་ལ་ཁ་གྱེས་ནས་ཕམ་ཁའི་མགོ་བོ་སྨད་བཞིན་རྒྱང་རིང་དུ་གྱེས་ནས་དོགས་ཟོན་གྱི་མིག་གིས་ཕྱོགས་བཞིར་ལྟ་བཞིན་འདུགཁོ་ཚོའི་སྤུན་ཟླ་མང་པོ་མིའི་རིགས་ཀྱི་ཐན་འདྲེའི་ཁ་རུ་ཤོ་བ་དང་གསོན་པོར་གནས་པ་རྣམས་ལའང་འཇིགས་སྣང་གང་མང་ཐེབས་བཞིན་ཡོད། དེའི་ཕྱིར་ཁོ་ཚོ་གལ་ཏེ་མིའི་རིགས་ཡིན་ན་གཞོན་ནུ་ཕོ་མོ་མང་པོ་ཞིག་རབ་ཏུ་བྱུང་མིན་ཐེ་ཚོམ་མེད། འོན་ཀྱང་ཁོ་ཚོས་སྡུག་བསྔལ་དང་བཟོད་བསྲན་གྱིས་ཉི་མ་འཁྱོལ་བ་ལས་ཐབས་མེད་པ་འདྲ་སྟེ། ཁྱོད་ཀྱིས་རྩེ་ཆུའི་འགྲམ་གྱི་སིལ་བ་དང་འདྲ་བའི་ཁྲུང་ཁྲུང་ནག་པོ་གན་ལ་ལྟོས་དང་། ལོ་གཅིག་གི་སྔོན་ལ་ཁོ་རང་ཡང་མཛེས་སྡུག་ལྡན་ཞིང་གར་ལ་མཁས་ཁའི་ཁྲུང་ཁྲུང་དཀར་པོ་ཞིག་ཡིན་པ་དང་། རང་དང་འདྲ་བའི་མཛེས་སྡུག་ལྡན་ཞིང་གར་ལ་མཁས་པའི་ཁྲུང་ཁྲུང་ཞིག་གི་ཟླ་བོ་ཡིན།
ཁོང་གཉིས་སྔོ་ཞིང་དྭངས་པའི་ནམ་མཁར་མཉམ་དུ་འཕུར། ལྗང་ཞིང་མཉེན་པའི་སྤང་ལ་མཉམ་དུ་བབས། དགོང་ཁར་མཉམ་དུ་མལ་ལ་ཉལ། ཞོགས་པར་མཉམ་དུ་ཡར་ལངས། སྐྱིད་པའི་མགྲིན་གླུ་མཉམ་དུ་བླངས། དགའ་བའི་བྲོ་གར་མཉམ་དུ་འཁྲབ། ཁོང་གཉིས་ནི་མཛའ་མཐུན་གྱི་ཁྱོ་ཤུག་ཟུང་ཡིན། ཁོང་གཉིས་ནི་བདེ་སྐྱིད་ཀྱི་ཁྱིམ་ཚང་ཞིག་ཡིན། ཡིན་ནའང་སྔ་དྲོ་དེར། ཡ་ང་བའི་སྔ་དྲོ་དར་གློ་བུར་དུ་གློ་སྙིང་གས་པའི་འབྲུག་སྒྲ་ཞིག་གྲགས་བྱུང།
ཁྲུང་ཁྲུང་དཀར་པོ་གཅིག་རང་ཤུགས་ཀྱིས་དགུང་ལ་འཕུར། འོན་ཀྱང་ཁོའི་ཟླ་བོས་སྔར་གྱི་ཤུལ་ན་སྡུག་སྐད་རྒྱག་བཞིན་གཤོག་རྡེབ་ཅི་འདྲ་བྱས་ནའང་རང་གི་ལུས་པོ་འདེགས་མ་ཐུབ། ཚུལ་དེ་མཐོང་བའི་ཟླ་བོས་སྐྲག་སྣང་རྩ་བ་ནས་བརྗེད་དེ་ཕྱིར་བབས། ཨ་ཧོ། ཁོའི་སྙིང་གི་དུམ་བུའི་བྲང་ཁ་ནས་ཁྲག་དམར་བབས་ནས་དྭངས་གཙང་གི་སྒྲོ་སྤུ་དཀར་པོ་དམར་པོར་བརྫིས་ཤིང་མཛེས་སྡུག་གི་མིག་ཟུང་ལས་སྐྱོ་གདུང་གི་མཆི་མ་ཤར་ཤར་འབབ་ཀྱིན་འདུག ཁོ་རང་ཐབས་ཟད་དེ་སྨྲེ་ངག་དྲག་པོ་འདོན་བཞིན་ཟླ་བོར་ཡང་ཡང་བསྐོར་བ་བྱས། སྐབས་དེར་སླར་ཡང་འབྲུག་སྒྲ་ཞིག་གྲགས་པ་དང་ཁོའི་སྒྲོ་སྤུ་འགའ་ཁ་བའི་འདབས་མ་བཞིན་དུ་ཕྱོགས་བཞིར་གཏོར་བས་ཁོ་རང་སླར་ཡང་ནམ་མཁར་འཕུར།
མི་སྐྱ་བོ་ཞིག་གིས་ཐན་འདྲེ་ལག་ལ་བཟུང་ནས་རྒྱུག་ཡོང་སྟེ་ཁྲུང་ཁྲུང་དེའི་མགྲིན་པ་ནས་བཟུང་སྟེ་ཡིད་ཚིམས་པའི་ངང་ནས་ཚུར་ཡོང་། དེ་དུས་ཁྲུང་ཁྲུང་དེས་ད་རུང་གཤོག་པ་ཟུང་འགུལ་ཙམ་འགུལ་ཙམ་བྱེད་ཀྱིན་འདུག
ནམ་མཁའི་ཁྲུང་ཁྲུང་དེ་ཕྱིར་བབས་ཤིང་སྨྲེ་ངག་ཁོ་ན་བཏོན་ནས་ལོ་གཅིག་སོང་། གལ་ཏེ་རྩེ་གཞུང་སྡེ་བའི་མི་རྣམས་ཀྱིས་དོན་དག་འདིའི་བརྒྱུད་རིམ་མཐའ་དག་མགོ་ནས་མཇུག་བར་མཐོང་མེད་ན་ད་ལྟའི་ལུས་ཡོངས་རྡོ་སོལ་ལྟར་གནག་ཅིང་མཚམས་རེར་ཡིད་སྐྱོ་བའི་སྐད་སྒྲ་དམའ་མོ་རེ་འབྱིན་བཞིན་པའི་སེམས་ཅན་འདི་ཁྲུང་ཁྲུང་ཞིག་རེད་ཟེར་ན་སུའང་ཡིད་མི་ཆེས།
རྩེ་གཞུང་སྡེ་བའི་མི་ལ་ལས་མི་སྐྱ་བོ་དེར་ཁྱོད་ཀྱིས་གན་ཡང་བསད་ན་འགྲིག་ཟེར།
འབྲུག་ཐར་གྱིས་གལ་ཏེ་ཁྱོད་འདུ་ཁང་བཞེང་བར་ཡོང་བ་མིན་ན་ངས་ཁྱོད་རང་ཡང་ཁྲུང་ཁྲུང་དེའི་རྗེས་སུ་མངགས་ཟིན་ཟེར།
གལ་ཏེ་ཁྲུང་ཁྲུང་གི་ཟླ་བོ་བསད་ན་ཅིག་ཤོས་ཀྱིས་ལྕགས་ཀྱི་ཡོབ་ཆེན་དགུ་ཟད་རེག་བར་དུ་དམོད་མོ་བྱེད་སྲིད—འདི་རྩེ་གཞུང་སྡེ་བའི་ངག་རྒྱུན་རེད། ལོ་གཅིག་གི་རིང་ལ་ལྕགས་ཀྱི་ཡོབ་ཆེན་དགུ་ཟད་མི་སྲིད་འོན། གང་ལྟར་མི་སྐྱ་བོ་དེ་རི་དྭགས་རྔོན་སྐབས་གཡང་ལ་ལྷུང་སྟེ་ཚེ་ལས་འདས་སོང་། རྩེ་གཞུང་སྡེ་བའི་མི་རྣམས་ཀྱིས་ཧ་ཅང་རང་རློམ་སྒོས་དེ་ལོས་ཡིན། ༀ་མ་ཎི་པདྨེ་ཧྰུྃ་ཟེར།
ཁྲུང་ཁྲུང་ནག་པོ་དེ་བྱ་གཞན་པའི་གྲལ་ལ་ཕར་ཞོག ཐ་ན་ཁྲུང་ཁྲུང་གི་གྲལ་ནའང་མི་འགྲོ་བར་དབྱར་དགུན་མེད་པར་ཉིན་མཚན་ཀུན་ཏུ་རང་ཉིད་གཅིག་པུས་ཡིད་སྐྱོ་བའི་སྐད་སྒྲ་དམའ་མོ་རེ་འབྱིན་ནས་འདུག(ད་ལྟ་ཁོའི་སྐད་སྒྲ་དེ་ཁྲུང་ཁྲུང་གི་སྐད་སྒྲ་དང་མི་མཚུངས་ལ་ཐ་ན་བྱའི་རིགས་ཀྱི་སྐད་དང་ཡང་མི་འདྲ)པས་གལ་ཏེ་མིའི་རིགས་ཡིན་ན་ཁོ་རང་ཡང་ཀླུ་མོ་སྐྱིད་དང་འདྲ་བར་འཇིག་རྟེན་འདི་དང་གཏན་ནས་འབྲེལ་མ་མེད་པ་འདྲ། སྒོ་ཁྱི་ལ་ལ་དང་བྱིས་པ་ལ་ལ་ཁྲུང་ཁྲུང་ནག་པོ་དེ་འཛིན་བསམས་ནས་ཉེ་འགྲམ་དུ་བཅར་བའི་ཚེ་དེ་ཡང་རིམ་བཞིན་ཕར་ལ་འགྲོ་བ་དང་ཁྱིའམ་བྱིས་པ་རྣམས་བརྒྱུགས་ནས་དེ་ཟིན་ལ་ཁད་བྱེད་སྐབས་དེས་གཤོག་ཟུང་རྡེབ་བཞིན་འཕུར་འགྲོ་ལ། དེ་ཚོ་ཕར་སོང་མ་ཐག་སླར་ཡང་ཕྱིར་རང་གི་ཟླ་བོ་བསད་ས་དེར་བབས་ནས་སེམས་སྡུག་དང་འདང་རྒྱག་ནང་ལྷུང་ནས་འདུག
ནམ་ཞིག་ལ་འབྲུག་ཐར་གྱིས་དངོས་གནས་སེམས་ཀྱིས་མ་བཟོད་པར་མེ་མདའ་བཟུང་ནས་ཁྲུང་ཁྲུང་ནག་པོ་དེ་དང་བར་ཐག་གོམ་པ་སུམ་ཅུ་ཙམ་ལས་མེད་པའི་ན་འབུར་ཞིག་གི་སྟེང་ལ་མེ་མདའ་བརྟན་པོ་ཁེན་ནས་མདེའུ་ཁོག་ལ་དེད། མིག་ལེན་ལས་སོ་མ་མཐོང་བ་དང་སོ་བའི་ཕ་རོལ་ན་བྱ་སྤུ་ནག་པོ་བསིལ་རླུང་དལ་མོས་ཕར་གཡོ་ཚུར་གཡོ་བྱེད་བཞིན་པ་གསལ་པོར་མཐོང་ཐུབ།
་དཀོན་མཆོག་གསུམ་པོ་མཁྱེན། བློན་ཆེན་དར་དཀར་ཅན། གན་ལ་ན་ཟུག་སྡུག་བསྔལ་མྱོང་ཁོམ་མེད་པར་མཁྱེན་འབྲུག་ཐར་གྱིས་དབུགས་ཁོག་ལ་བཅུག་ནས་རིམ་བཞིན་མ་ཤུ་མནན། ད་ལྟ་འབྲུག་ཐར་ནི་མེ་མདའ་འཕེན་པར་ཧ་ཅང་བྱང་ཡོད་དེ་ཁོས་སློག་པའི་ཕུ་ཐུང་གཡས་པ་རང་གི་ཕྲག་པར་བླངས་པའི་སྟེང་ལ་མེ་མདའི་རྐུབ་དམ་པོར་གཏད་ཡོད་ནའང་མེ་མདའ་ཁ་གྲགས་པ་དང་ཁོའི་ཕྲག་མདུན་ལྗིད་ཏིག་གེར་སོང་ཞིང་རང་དབང་མེད་པར་ལུས་པོའང་ཕྱིར་དགྱེ་ཙམ་བྱས།
མདེའུ་བྲག་སྟེང་ལ་ཁེལ་བ་དང་འདྲ་བར་སིར་སྒྲ་དང་བཅས་རྩེ་གཞུང་སྡེ་བ་ཐད་ཀྱིས་བཅད་ནས་མཁའ་དབྱིངས་སུ་འཕུར་སོང་། ཡ་མཚར་ཞིག་ལ་ཁྲུང་ཁྲུང་ནག་པོས་འགུལ་ཙམ་ཡང་མི་བྱེད་པར་སྔར་བཞིན་མགོ་བོ་སྨད་ནས་འདུག འབྲུག་ཐར་གྱིས་མེ་མདའི་ཀླད་པ་བསྐོར་ནས་མདེལ་ཤུན་ཕྱིར་བཏོན་དུས་མདེལ་ཤུན་ཁ་ནས་ད་རུང་དུ་བ་འཕྱུར་གྱིན་འདུགཁོས་སླར་ཡང་མདེའུ་ཞིག་དེད་ནས་སྔར་བཞིན་མིག་གཡོན་པ་བཙུམ་ཞིང་གཡས་པ་ཕྱེས་ནས་ཁྲུང་ཁྲུང་ནག་པོའི་བྲང་ཁར་གཟས་བཞིན་དབུགས་ཁོག་ལ་བཅུག་ནས་མ་ཤུ་མནན་པ་ན་མེ་མདའི་སོ་ཁུང་ལས་སྒྲོ་སྤུ་ནག་པོ་འགའ་ཕྱོགས་བཞིར་འཐོར་བ་ཁོས་གསལ་བོར་མཐོང་། མདེའུ་སིར་སྒྲ་དང་བཅས་ཁོའི་མགོ་ཐོག་བརྒྱུད་ནས་རྒྱང་རིང་གི་མཁའ་དབྱིངས་སུ་ཡལ། འབྲུག་ཐར་གྱི་སེམས་ལ་དོགས་པ་ལངས་ནས་ཡར་ལངས་ཏེ་རིམ་བཞིན་ཁྲུང་ཁྲུང་ནག་པོའི་གམ་ལ་སོང་། གོམ་པ་དྲུག་བདུན་གྱི་ས་ལ་སླེབས་པ་ན་ཁྲུང་ཁྲུང་ནག་པོས་སྤྲུག་འདར་ཞིག་བྱས་ནས་ད་གཟོད་གཤོག་ཟུང་དལ་མོས་རྡེབ་བཞིན་མཁའ་ལ་འཕུར་ཞིང་ཧ་ཅང་དམའ་མོས་འབྲུག་ཐར་གྱི་མགོ་ནས་བསྐོར་བ་རྒྱག་གིན་འདུག
་ཁོ་ལ་མཚོན་མི་འཁོར་བ་ཁོ་ཐག་རེད་འབྲུག་ཐར་གྱི་སེམས་ལ་ཁོའང་འཇིག་རྟེན་འདི་དང་འབྲེལ་བ་མེད་པ་འདྲ། དེས་ན་ཁོ་ལ་སྡུག་བསྔལ་ཀྱང་ཡོད་མི་སྲིད། ཡིན་ནའང་ཁོའི་སྤུ་མདོག་ནག་པོར་གྱུར་པ་འདི་ཅི་ཡིན་ནམ་བསམ་བཞིན་མཁའ་དབྱིངས་ཀྱི་ཁྲུང་ཁྲུང་ནག་པོར་བལྟས་ནས་ཡུན་རིང་བསྡད་རྗེས་མེ་མདའ་རྒྱབ་ལའང་མ་ཁུར་བར་མཆུ་ནས་བཟུང་སྟེ་དྲུད་ནས་ཅུང་ཙམ་ཕར་སོང་བ་ན་ཁྲུང་ཁྲུང་ནག་པོ་དེ་སླར་ཡང་ཕྱིར་བབས་ནས་དབང་མེད་དུ་མིག་ཆུ་འཆོར་བའི་སྐད་སྒྲ་གཉོམ་པོ་འགའ་གྲགས་རྗེས་མུ་མཐུདདུ་མགོ་བོ་སྨད་ནས་འདུག
4
ངས་བཤད་ཟིན་པ་ལྟར་རྩྭ་སྔོན་ད་རུང་རྩྭ་སྐྱའི་གསེབ་ནས་ཕྱིར་བུད་མེད། འོན་ཀྱང་རྩེ་གཞུང་སྡེ་བའི་མཐའ་ཁོར་དུ་ལོ་སྔོན་མའི་རྩྭ་སྐྱ་ཕྱགས་ཟོག་གིས་ཟོས་ནས་སྲབ་མོ་བཟོས་ཡོད་པས་རྩྭ་སྔོན་ལྗང་ལྡེམ་མེར་སྐྱེས་ཡོད། དེ་བས་རྒྱང་རིང་གི་རི་མཐོན་པོའི་རྩེ་ནས་བལྟས་ན་རྩེ་ཆུའི་འགྲམ་གཉིས་ཀྱི་སྡེ་བ་གཉིས་ནི་མྱ་ངམ་ཐང་གི་མེ་ཏོག་ནག་པོ་ལོ་འདབ་ལྗང་ཁུས་བརྒྱན་པ་གཉིས་དང་མཚུངས་ལ་དཀར་ནག་གི་ཕྱུགས་ཟོག་ལྷས་ལ་འཁོར་བའི་ཚེ་ཟེའུ་འབྲུའི་སྟེང་ལ་བུང་བ་གཡོ་བ་འདྲའོ།
མགོན་པོ་རྣམ་རྒྱལ་གྱིས་ཟོག་རུ་འདབས་སུ་བསྐོར་རྗེས་དགའ་འཛུམ་འཛུམ་གྱིས་རྒྱུག་ཡོད་དུས་འབྲུག་ཐར་གྱི་རྟ་སྔོ་དཀར་ལ་སྒ་བསྟད་ནས་ཚ་སྒྲོག་བྱས་ཏེ་སྒོ་ཁར་བཏགས་ཡོད་པ་དང་། བསང་ཁུག་དང་སྤེན་མ་ཆུན་པོ་ཞིག་གམ་ལ་བཞག་ནས་དུ་བ་བར་མེད་དུ་འཐེན་གྱིན་འདུག
ཁྱིམ་ན་འཚམས་སྐྱིད་ཀྱིས་འཁུརན་སྒྲ་སྒྲོག་བཞིན་པ་ཐོས་ནས་མགོན་པོ་རྣམ་རྒྱལ་གྱི་གདོང་གི་འཛུམ་མདངས་དེ་མ་ཐག་ཡལ་ནས་འབྲུག་ཐར་གྱི་གདོང་ལ་གཅིག་བལྟས་ཏེ་མྱུར་དུ་ཁྱིམ་ལ་འགྲོ་རྩིས་བྱས། ནམ་རྒྱུན་འབྲུག་ཐར་གྱིས་འཚམས་སྐྱིད་ལ་གཅར་རྡུང་བྱས་རྗེས་འདི་ལྟར་སྒོར་བུད་ནས་དུ་བ་བར་མེད་དུ་འཐེན་ལ། འདི་ནི་ཁོའི་ཁོང་ཁྲོ་ད་རུང་མ་ཞི་བ་ཡིན་ནམ་ཡང་ན་རང་གི་རྩུབ་སྤྱོད་ལ་འགྱོད་པ་སྐྱེ་བཞིན་པ་གང་ཡིན་མི་ཤེས།
ཁྱིམ་ལ་མ་འགྲོ་འབྲུག་ཐར་གྱིས་བུའི་གདོང་ལ་ལྟ་བཞིན་་ཧེ་ཧེ། ཁྱེད་སྐྱེ་དུས་ཀྱང་ཏག་ཏག་འདི་ལྟར་རེད། ཧེ་ཧེ་ཟེར། བློ་རིག་ལྡན་པའི་མགོན་པོ་རྣམ་རྒྱལ་གྱིས་དེ་མ་ཐག་ཅི་ཡིན་ཤེས་ཏེ་སླར་ཡང་གདོང་ལ་འཛུམ་མདངས་རྒྱས་བཞིན་འུ་ཚང་གི་མཛོ་མོ་སྔོ་ལིང་མའང་རྩེབས་བྱུང། རྟོལ་ཕྲུག་སྔོ་སྔོ་ཡིད་དུ་འོངས་པ་ཞིག………
ཕོ་རྟོལ་ཡིན་ནམ་མོ་རྟོལ་ཡིན་
ང་མཛོ་མོར་སྐྲག་ནས་ཉེ་སར་བཅར་མ་ཕོད། མཛོ་མོའི་མིག་ཀྱང་དམར་པོར་གྱུར་ནས……
གློ་བུར་དུ་ཁྱིམ་ནས་བྱིས་པའི་ངུ་སྐད་ཅིག་གྲགས་པ་དང་འབྲུག་ཐར་གྱིས་ར་ཙེ་རུམ་ལ་བཅུགབསང་ཁུག་དང་སྤེན་མ་བཟུང་ནས་ཡར་ལངས་ཏེ་བུ་ལ་འགྲོའུ་གཉིས་ཀ་བློན་ཆེན་དར་དཀར་ཅན་ལ་བསང་འཕུད་དུ་འགྲོ——ཞི་ལི་ཞིག་ཡིན་ཁོ་ཐག་རེད་ཟེར་ཞོར་ཞོན་རྟའི་གམ་ལ་སོང་སྟེ་བསང་ཁུག་དང་སྤེན་མ་མགོན་པོ་རྣམ་རྒྱལ་གྱི་ལག་ལ་བཞག་སྟེ་རང་ཉིད་མར་སྒུར་ནས་རྟའི་སྒྲོག་གྲོལ་རྗེས་རྟ་ཁ་ནས་བཟུང་སྟེ་ཕྱིར་སྦྲ་སྒོར་བལྟས་འདུག
ངོ་གདོང་སྣུམ་མམ་རྔུལ་ཆུས་འོད་ཀྲིག་ཀྲིག་བྱེད་པའི་བུད་མེད་ཅིག་གིས་སྒོ་གསེབ་ནས་མགོ་ཕྱིར་ཕུད་དེ་འཛུམ་དམུལ་དམུལ་གྱིས་ཞི་ལི་ཞིག་རེད་ཅེས་བཤད་མ་ཐག་ཕྱིར་འཛུལ་སོང་།
སང་བཤད་པ་ཨེ་བདེན་གི ཧ་ཧ་ཧ་འབྲུག་ཐར་གྱིས་གླག་གིས་ལུ་གུ་འཁྱེར་བ་བཞིན་མགོན་པོ་རྣམ་རྒྱལ་གྱི་སྐ་རགས(དོན་ངོས་སུ་ཐ་གུ་དཀར་པོ་ཞིག་རེད)ནས་བཟུང་སྟེ་རྟའི་འཕོང་ལ་བསྐྱོན་རྗེས་རང་ཉིད་ཀྱང་ལྡེམ་མྱུར་གྱིས་སྒ་སྟེང་ལ་ཞོན་ནས་ཡོབ་རྡུང་ཞིག་བྱེད་རྩིས་བྱེད་སྐབས་འོད་ཀྲིག་ཀྲིག་གི་ངོ་གདོང་དེ་སླར་ཡང་ཕྱིར་མངོན་པ་དང་མཉམ་དུ་ལུས་ཡོངས་རྫོགས་ཕྱིར་བུད་ནས་འབྲུག་ཐར། འབྲུག་ཐར་ཟེར་བཞིན་ཚུར་བརྒྱུགས་ཡོང་།
ཅི་རེད་ཅི་རེད། འཚམས་སྐྱིད………
མ་རེད་མ་རེད། ཁྱོད་སྐྲག་མི་དགོས། འཚམས་སྐྱིད་འཚམས་པོ་བདེ་མོ་རེད། འོན་ཀྱང་ཞི་ལི་ཞིག་མ་རེད—སྲིད་ལོག་སོང་། སྐྱེས་མ་ཐག་ཞི་ལི་ཞིག་ཡིན་པ་ངས་གསལ་བོར་མ་མཐོང་ན་དཀོན་མཆོག་གསུམ། ཡིན་ནའང་སྲིད་ལོག་སོང—ཞི་མོ་ཞིག་ཏུ་འགྱུར་སོང་། འོན་ཞི་མོ་ཡིད་དུ་འོངས་པ་ཞིག་རེད། ཁྱོད་སོང་ནས་ལྟོས་དང་། ངོ་མ་ཡིད་དུ་འོངས་པ་ཞིག་རེད། ཞི་མོ་ཡིན་ན་སྐྱོན་ཅི་ཡོད། ངེད་ཚང་གི་མནའ་མར་ཡང………་
མགོན་པོ་རྣམ་རྒྱལ་མར་བབས་ནས་ཐེ་ཚོམ་གྱིས་ཁྱིམ་ལ་འཛུལ་བ་ན་ཁྱིམ་ཡོངས་རླན་དྲིད་ཁྱབ་འདུགའཚམས་སྐྱིད་ནི་ནད་གདོན་དང་ཡུན་རིང་འཐབ་འཛིང་བྱས་མཐར་གཞི་ནས་རྒྱལ་ཁ་ལོན་པའི་ནད་པ་ཞིག་དང་འདྲ་བར་སྔས་མགོ་མཐོན་པོ་ཞིག་ལ་ལུས་སྟོད་སྔས་ཤིང་མགོ་ལ་ཞྭ་མོ་གྱོན་ནས་འདུག ཁོ་མོ་སྐྲ་འདབས་ཀྱི་རྔུལ་ཆུ་ད་རུང་སྐམ་མེད།
མགོན་པོ་རྣམ་རྒྱལ་མཐོང་མ་ན་མོས་འཛུམ་ཞིག་དང་མཉམ་དུ་རང་གི་པང་གི་བྱིས་པ་དམར་འབྱར་དེར་མཆུ་སྟོན་ཞིག་བྱས། བྱིས་པ་དེའི་གནག་ཅིང་འཁྱིལ་བའི་མགོ་སྐྲ་ད་རུང་རློན་པ་ཡིན་པ་དང་། སྟེང་ནས་ད་རུང་རླངས་པ་ཕྲན་ཙམ་འཐུལ་གྱིན་འདུག སྤར་ཁ་དམ་པོར་བསྡམས་པའི་ལག་པ་ཆུང་ཆུང་གཉིས་བྲང་ཁར་བཟུང་སྟེ་གོམ་པ་སྤོ་བའི་ཚུལ་གྱིས་གཡུག་གིན་འདུགལུས་སྟེང་ལ་དམར་ཤས་ཆེ་ཞིང་སྣབས་དང་འདྲ་བའི་གཤེར་ཁུ་འབྱར་ཡོད་པ་དང་གཤེར་ཁུ་དེ་འབྱར་མེད་སའི་ལུས་ཤའང་དམར་ཉེར་ཉེར་བྱེད་པས་དངོས་གནས་མིང་དོན་གཉིས་མཚུངས་ཀྱི་དམར་འབྱར་ཞིག་རེད།
སྙིང་རྗེ་བ་ཞིག་ཨེ་རེད་འཚམས་སྐྱིད་ཀྱིས་མགོན་པོ་རྣམ་རྒྱལ་ལ་བལྟས་ནས་སྙིང་རྗེ་ན་འོ་ཞིག་བྱོས་ཟེར།
སྙིང་རྗེ་བོ་འདུག་མགོན་པོ་རྣམ་རྒྱལ་གྱིས་མགོ་བོ་གྱེན་དུ་གཡུག་ཙམ་བྱས་ནས་རིམ་བཞིན་ཚུར་ཡོང་སྟེ་བྱིས་པ་དེའི་ལུས་སྟེང་གི་གཤེར་ཁུ་འབྱར་མེད་སའམ་ཡང་ན་ཅུང་ཙམ་ལས་འབྱར་མེད་ས་ཞིག་བཙལ་གྱིན་འདུགམཇུག་མཐར་དེའི་ཐོད་པའི་སྟེང་ལ་མཆུ་རག་ཙམ་བྱས་ནས་སྙིང་རྗེ་བོ་འདུག་ཟེར་ཞོར་སྒོར་བུད་དེ་ལག་པའི་རྒྱབ་ཀྱིས་རང་གི་ཁ་ཤ་ཡང་ཡང་ཕྱིས་རྗེས་དུ་བ་འཐེན་བཞིན་པའི་འབྲུག་ཐར་གྱི་གམ་ནས་ཙོག་སྟེ་གཟས་ནས་དུ་དྲི་རང་གི་སྣ་སྒོར་ཁྱབ་ཏུ་བཅུགཚུལ་དེ་མཐོང་བ་ན་འབྲུག་ཐར་གྱིས་ཀྱང་གཟས་ནས་ར་ཙེ་རྔུབ་འཇིབ་ཅིག་བླངས་ནས་མགོན་པོ་རྣམ་རྒྱལ་གྱི་སྣ་སྒོར་ཕུ་བརྒྱབ།
ཨ་ཧི་ཨ་ཧི་ཨ་ཧི……ཨ་ཧི་ཨ་ཧི་ཨ…མགོན་པོ་རྣམ་རྒྱལ་གློ་ལུ་བརྒྱབ་ནས་མིག་ཆུའང་ཤོར་སོང་།
ཨ་ཧི་ཨ་ཧི………་བྱེའུ་ཕྲུག་ཨ་ཧི་ཨ་ཧི……དམར་འབྱར་ཞིག་དང་ཨ་ན་མ་ན་རེད་ཟེར་ཞོར་མགོན་པོ་རྣམ་རྒྱལ་གྱིས་སླར་ཡང་ཡིད་ལ་ཅི་ཞིག་དྲན་པ་བཞིན་ལག་པའི་རྒྱབ་ཀྱིས་ཁ་ཤ་ཕྱིས་ཤིང་མཆིལ་མ་ཞིག་ས་ལ་འཕངས།
ཡ——ཞི་ལི། ཁྱོད་སོང་ནས་ལུག་དེད་ཤོག་དང་། ད་དཔྱིད་ལུག་བཤའ་ཉན་མེད་ཀྱང་གང་ལྟར་ཨ་མའི་ཁ་ལ་ཤ་གསར་ཁྲག་གསར་ཞིག་བསྒོ་དགོས་རྒྱུརེད་ཟེར་ནས་རང་ཉིད་ཁྱིམ་ལ་འཛུལ་ཏེ་འཚམས་སྐྱིད་ལ་འཛུམ་མདངས་ཤིག་བསྟན་པ་དང་ཉེ་སར་སོང་ནས་དུ་དྲི་འཐུལ་བའི་ལག་པ་ཆེན་པོས་ཞི་མོའི་གདོང་ལ་བྱིལ་བྱིལ་ཞིག་བྱས། འདི་ནི་ཁོས་ཞི་མོ་དེར་ཤ་ཚ་སྙིང་རྗེ་སྐྱེས་པ་མིན་པར་འཚམས་སྐྱིད་ལ་ཁམས་འདྲི་ཞིག་བྱས་པ་རེད། འཚམས་སྐྱིད་ཀྱིས་ཀྱང་གདོང་ལ་འཛུམ་ཞིག་བྱུང་ནས་མགོ་ནང་དུ་ལྡེམ་ཙམ་བྱས། འདི་ནི་ཁོ་མོས་འབྲུག་ཐར་ལ་སེམས་གསོའམ་བཟོད་གསོལ་ཞུ་བ་དང་འདྲ། ཁོ་གཉིས་ཀས་གཉེན་སྒྲིག་བྱས་མ་ཐག་མགོན་པོ་རྣམ་རྒྱལ་སྐྱེས་པ་དང་དེ་ནས་ད་བར་དུ་འཚམས་སྐྱིད་ཀྱིས་ཉིན་རེར་ཞི་མོ་ཞིག་སྐྱེས་ན་ཅི་མ་རུང་ཟེར་བ་དང་འབྲུག་ཐར་གྱིས་ད་རུང་ཞི་ལི་ཞིག་སྐྱེས་ན་བཟང་ཟེར་ནས་ཡུན་རིང་འགོར་ནའང་འཚམས་སྐྱིད་ལ་མངལ་མ་ཆགས་པས་ལོ་འགའི་སྔོན་ནས་ཁོང་གཉིས་ཀས་ཞི་ལི་ཞིག་སྐྱེས་ན………ཞི་མོ་ཞིག་སྐྱེས་ན……ཟེར་བ་དེའང་མཚམས་ཆད་སོང་། འོན་ཀྱང་ཟླ་འགའི་སྔོན་ལ་འཚམས་སྐྱིད་ལ་མངལ་ཆགས་པ་ནས་བཟུང་སླར་ཡང་ཁོང་གཉིས་ཀས་ཞི་མི་ཞིག་ཡིན་ན………་་ཞི་ལི་ཞིག་ཡིན་ན……ཞེས་པ་དེ་མ་ཎི་འདོན་འདོན་བྱས་པ་དང་། ཉེ་སྔོན་འཚམས་སྐྱིད་ལ་ཅུང་མི་བདེ་བའི་སྣང་བ་རེ་སྐྱེས་ཐེངས་རེར་འབྲུག་ཐར་གྱིས་བསང་ཁུག་གྲ་སྒྲིག་བྱས། འོན་ཀྱང་བུད་མེད་སྣུམ་ངོ་མ་དེས་ཐོག་མར་ཞི་ལི་ཞིག་རེད་ཟེར་བ་དང་ཐོག་འབྲུག་ཐར་ལ་དགའ་སྤྲོ་ཞིག་སྐྱེས་པ་དང་སླར་ཡང་འཚམས་སྐྱིད་ལ་སྙིང་རྗེ་ཞིག་སྐྱེས། བུད་མེད་སྣུམ་ངོ་མ་དེས་སླར་ཡང་ཞི་མོ་ཞིག་རེད་ཟེར་བ་ན་འབྲུག་ཐར་དང་ཐོག་ཧ་ཅང་ཡིད་ཆད་པ་དང་ཡང་འཚམས་སྐྱིད་ཀྱི་དོན་དུ་དགའ་སྤྲོ་ཞིག་སྐྱེས། དེ་བས་ཁོས་ཡང་བསྐྱར་གདོང་ལ་འཛུམ་ཞིག་བྱུགས་ནས་ཧེ་ཧེ། ཁྱོད་ཀྱི་འདོད་ཐོག་ལ་བུད་སོང་་ཟེར།
ཁྱོད་སྤོ་མི་ལངས་སམ།
གང་ལྟར་འུ་གཉིས་ལ་ཞི་ལི་ཞིག་ཡོད་འདུག དེ་མིན་ན་ངས་འདི་སྔར་ནས་རྩེ་ཆུའི་ནང་ལ་གཡུག་ཟིན།
འཚམས་སྐྱིད་ཀྱི་གདོང་ལ་བཅོས་མ་མིན་པའི་འཛུམ་ཞིག་ཤར་ནས་ཞི་མོ་དམར་འབྱར་ལ་ངོ་གདོང་སྦྱར།
ཕྱི་རོལ་ནས་ལུག་གི་འབའ་སྒྲ་གྲགས་ཡོང་། འབྲུག་ཐར་གྱིས་རྡོ་བརྡར་སྔོན་པོ་སྣུམ་གྱིས་ཟིན་པ་ཞིག་བླངས་ནས་སྟེང་ལ་མཆིལ་མ་འདེབས་ཞོར་སྐེད་པའི་གྲི་ཆུང་ཤུབས་ལ་བཏོན་ཏེ་བརྡར། གྲི་དེའི་ཡུ་བ་ནི་ཟངས་སེར་དང་ཟངས་དམར། ནོར་རྭ་སོགས་སྲབ་མཐུག་མེད་པར་ལེབ་མོ་བཟོས་རྗེས་བུ་ག་བཏོད་ནས་རིམ་པ་ལྟར་བརྩེགས་ཡོད་པས་བལྟས་མ་ཐག་ཏུ་པུ་ཤུད་ཅིག་དང་འདྲ་བར་དངོས་གནས་གྲིག་ཡག་པོ་ཞིག་རེད། འདི་ནི་ཁོས་ལོ་འགའི་སྔོན་ལ་ཤ་བཟན་གཉིས་བྱིན་ནས་ཉོས་པ་ཡིན་ལ་དེ་དུས་གྲི་ལྕགས་སྟེང་ལ་འབྲུག་རིས་ཤིག་བརྐོས་ཡོད་པས་ངོ་མ་གྲི་འདིའི་མཛེས་སྡུག་ཕལ་ཆེར་རྨ་སྟོད་ཡོངས་སུ་གྲགས་མྱོང་། ཡིན་ནའང་ད་ནི་འབྲུག་རིས་ཀྱི་རྐེད་པའི་བར་དུ་ཟད་དེ་གྲི་ལྕགས་ཟུར་གསུམ་དུ་གྱུར་ནས་ཡུ་བ་ལས་ཀྱང་ཐུང་།
འབྲུག་ཐར་གྱིས་གྲིའི་སྟེང་གི་རྡོ་ཁུའམ་སྣུམ་ཁུ་ནག་པོ་དེ་ཐོག་ཐུའི་ནང་ལ་ཕྱིས་ཤིང་མཇུག་མཐར་ལྷམ་གྱི་འགྲམ་པའི་སྟེང་ལ་དངོ་ལེན་འགའ་བྱས་རྗེས་སྒོར་བུད།
མགོན་པོ་རྣམ་རྒྱལ་གྱིས་ལུག་བཞི་བཅུ་ཙམ་ཞིག་ལྷས་ལ་དེད་ཡོང་ནས་ཨ་ཕ། ཤ་བཟན་དམར་ལྡང་ཡིན་ནམ་ཟེར།
ཆོག་གི
མགོན་པོ་རྣམ་རྒྱལ་གྱིས་ཞགས་པ་མགོ་ལ་འགའ་བསྐོར་ནས་ཕར་གཡུག་མ་ཐག་གཡོན་ལག་གིས་ཞགས་ཐག་གི་སྣེ་མོ་ནས་ཕྱིར་འཐེན་ཞོར་རང་ཉིད་ཀྱང་ཕྱིར་བཀྱེད། ཞགས་ཐག་ཏག་ཏག་ཤ་བཟན་དེའི་རྭ་གཉིས་ལ་བསྐོན་ཡོད་ལ། དེས་ཐག་རྩེ་ནས་ལྡིང་སྐོར་རྒྱག་པ་དང་སྐབས་འགར་རྐང་པ་གཉིས་ཀའི་སྟེང་ལ་གྱེན་དུ་ལངས་པ་སོགས་ཀྱིས་མགོན་པོ་རྣམ་རྒྱལ་ཕར་དྲུད་སྐབས་འབྲུག་ཐར་ཀྱང་ཞགས་པར་འཇུས་སྟེ་ཚུར་འཐེན་པ་ན་ད་གཟོད་རྐང་ལག་བཞི་བོས་ཐོང་གཤོལ་དྲུད་པ་ལྟར་དུ་ས་གཤག་བཞིན་འབྲུག་ཐར་གྱི་གམ་ལ་ཐོན། དེ་ནི་མགོ་ནས་སྐེ་བར་དུ་ཁམ་སྨུག་ཡིན་པ་དང་ཤིན་ཏུ་སྦོམ་པའི་རྭ་གཉིས་ཟངས་དམར་གྱི་མདོག་དང་འདྲ། ལུག་འདི་ནི་རྨ་སྟོད་ཀྱི་དངུལ་རའི་ལུག་རྒྱུད་ཡིན་པས་གཟུགས་སྟོབས་ཆེ་ཞིང་ཤ་ཞིམ་པ། བལ་རིང་བ་སོགས་ཀྱི་ཁད་ཆོས་ལྡན།
འབྲུག་ཐར་གྱིས་ཤ་བཟན་དེ་བྲང་ཁའི་བར་ཏུ་བཀྱག་ནས་ཐང་ལ་བརྒྱབ་རྗེས་ཞགས་ཐག་གི་སྣེ་མོས་རྐང་ལག་གསུམ་དམ་པོར་བཀྱིགས། ལྷམ་སྒྲོག་བཀྲོལ་ནས་མཆུ་བསྡམས་རྗེས་མ་ཎི་འདོན་བཞིན་ཁྱིམ་ལ་སོང་།
ལུག་དེས་དང་ཐོག་རྩལ་ཤུགས་ཡོད་དགུ་བཏོན་ནས་འཕག་འཚག་བར་མེད་དུ་རྒྱག་པ་དང་བཀྱིགས་མེད་པའི་རྐང་པ་གཅིག་གིས་ས་བྲད། མགོས་ཐང་ལ་བརྒྱབ། རྔ་མ་ཐུང་ཐུང་དེ་གཡུག་བཞིན་དང་པོ་གཅིན་ཤོར། དེ་ནས་རིལ་མ་སྤར་མོ་གང་ཙམ་ཤོར། མཇུག་མཐར་མིག་ཆུ་ཅུང་ཙམ་ཤོར་བ་དང་སྤུ་འདར་འགའ་བརྒྱབ་ནས་རིམ་བཞིན་འགུལ་རྒྱུ་མེད་པར་གྱུར།
མགོན་པོ་རྣམ་རྒྱལ་གྱིས་ཤ་བཟན་དེས་ཆེ་རུ་བགྲད་པའི་མིག་འབྲས་ལ་མཛུབ་གུས་ཐེངས་གཉིས་རེག་ནའང་མིག་དེ་བཙུམ་རྒྱུ་མེད་པས་ཁྱིམ་ལ་བརྒྱུགས་ནས་ཤི་སོང་། ཤི་ཚར་སོང་ཟེར།
འབྲུག་ཐར་གྱིས་ལུག་དེའི་རྐང་ལག་བསྡམས་པ་དེ་བཀྲོལ་ནས་གན་རྐྱལ་དུ་བཞག་རྗེས་བྲང་ཞོལ་ནས་སོར་བཞི་ཙམ་ཞིག་གཤགས་པ་ན་ཚིལ་དཀར་པོ་བལ་འདྲ་བ་ཞིག་ཕྱིར་འཚིར་ཡོང་བས་འབྲུག་ཐར་ཁ་གདངས་ནས་ཡུན་རིང་ལུས་རྗེས་ཨ་ཙི། ཨ་ཙི། སྟོན་ལུག་ཅིག་དང་འདྲ། ས་རྩེ་གཞུང་འདི་ངོ་མ་ཡ་མཚར་རེད་ཟེར།
5
ཤར་ཕྱོགས་ཀྱི་རི་རྒྱུད་སྨུག་པོའི་རྩེ་ནས་ཁྲག་ལ་བྲན་འདྲའི་ཉི་མ་ཞིག་རིམ་བཞིན་འཕགས་ཏེ་ཐོག་མར་རི་ནག་མའི་རྩེ་ལ་ཉི་འོད་འཕྲོས། དེ་ནས་གྲྭ་ཤག་རེ་རེ་དང་མཇུག་མཐར་སྦྲ་གུར་རེ་རེའི་སྟེང་ལ་འཕྲོས། ནམ་མཁའ་ན་སྤྲིན་མེད་ཀྱང་དུ་སྨུག་ལངས་པ་དང་འདྲ་བས་ཉི་འོད་དེ་འདྲའི་མཚར་སྡུག་ལྡན་པ་ཞིག་མ་རེད།
འབྲུག་ཐར་ཚང་གི་ཁྱིམ་ལ་ད་རུང་རློན་དྲིས་ཁྱབ་འདུགམགོན་པོ་རྣམ་རྒྱལ་གྱིས་ཐེངས་འགའ་ལ་ཤུག་བདུག་བྱས་ཀྱང་རློན་དྲི་དེ་ཡལ་རྒྱུ་མེད་པས་ཁོའི་མིད་པར་ཟས་ཀྱང་འགྲོ་དཀའ་བའི་སྣང་བ་ཞིག་སྐྱེས། ཡིན་ནའང་ཕ་མ་གཉིས་ཀྱིས་དེ་ལ་གཏན་ནས་དོ་སྣང་བྱེད་ཀྱིན་མེད་པ་འདྲ་བས་ཁོས་ཀྱང་དེ་མ་ཤེས་ཁུལ་བྱས་ནས་བསྡད།
ཁ་སང་སྐྱེས་པའི་ཞི་མོ་དེ་བལ་འཕྱིང་ལེབ་མོ་ཞིག་གིས་དཀྲིས་ནས་མེས་པོའི་ཞོལ་ན་བཞག་ཡོད་པ་དང་། དེས་ད་རུང་འཇིག་རྟེན་ཁམས་འདིར་ལྟ་འདོད་མེད་པ་དང་འདྲ་བར་མིག་ཕྱེས་མེད།
འཚམས་སྐྱིད་ཀྱིས་ཤིང་གི་སླ་ངའི་ཁ་ལེབ་སླ་ང་ལྟར་ནག་པ་ཞིག་གི་སྟེང་ལ་ལུག་གི་ནང་ཁྲོལ་ཅུང་ཙམ་བཞག་ནས་མགོན་པོ་རྣམ་རྒྱལ་གྱི་ལག་ལ་བཞག་སྟེ་འདི་ཨ་ཁུ་འཕྲིན་ལས་ཚང་ལ་སྟེར་དུ་སོང་ཟེར་ནས་མོ་རང་ཆུ་ལེན་དུ་སོང་། རྩྭ་ཐང་གི་བུད་མེད་རྣམས་འདི་ལྟར་ཡིན་ཏེ་གཞུག་གཟེར་སོགས་གནད་དོན་ཆེན་པོ་མེད་ན་ཁ་སང་བྱིས་པ་སྐྱེས་ན་དེ་རིང་ངལ་རྩོལ་བྱེད་པར་ངེས་ལ། འདི་ནི་མི་སྐྱ་བོ་ཚོ་ཧ་ལས་དགོས་པ་ཞིག་རེད།
འབྲུག་ཐར་གྱིས་ཤ་ཟོས་ནས་སྣུམ་ཀྲིག་ཀྲིག་བྱེད་པའི་ལག་ཟུང་གིས་རང་གི་ངོ་ལ་འགའ་ཕུར་རྗེས་ཡར་ལངས་ཏེ་རི་ནག་མའི་ངོས་ལ་སོང་།
རི་ནག་མའི་ངོས་ན་ཅལ། ཅལ……དང་ཧྲག་ཧྲག……གི་སྒྲ་ཡོངས་སུ་ཁེངས་ཏེ་སྔར་གྱི་འཛུགས་སྐྲུན་ཡོད་ཚད་ལས་ཀྱང་བྲེལ་ཟིང་གིས་འཛུགས་སྐྲུན་གསར་པ་ཞིག་སྟེ་འདུ་ཁང་གི་འཛུགས་སྐྲུན་མཚམས་བཞག་ནས་སྟོབས་ཤུགས་ཡོད་ཚད་གཅིག་སྡུད་སྒོས་མ་འོངས་པའི་བླ་མ་ལ་གཟིམ་ཁང་བཟོ་བཞིན་པ་རེད།
ཉེ་སྔོན་འབྲུག་ཐར་སྡེ་དཔོན་བྱེད་རྒྱུར་སྡེ་བ་ཡོངས་རྫོགས་འཐད་པ་བྱུང་བ་དང་བླ་མ་གདན་འདྲེན་བྱེད་རྒྱུ་སྐྱ་སེར་ཚང་མ་དེ་བས་ཀྱང་མོས་མཐུན་བྱུང་། ཡིན་ནའང་སུ་ཞིག་གིས་བླ་མ་གདན་འདྲན་བྱེད་ན་ཐོག་མར་གཟིམ་ཁང་ཞིག་བཟོ་དགོས། དེ་མིན་ན་བླ་མ་ཕེབས་དུས་གང་ནས་བཞུགས་རྒྱུ་ཟེར།
་རེད་ཡ། ངས་ཀྱང་སྔར་ནས་དེ་བསམ་གྱིན་འདུག་འཕྲིན་ལས་ཁ་ཤོས་སྡུག་བསྔལ་གྱིས་མགོ་འདར་ཞོར་ཨ་ཇོ་འབྲུག་ཐར་གྱིས་བལྟས་ན?་ཟེར་ནས་འཛུམ་མདངས་ཤིག་སྟོན་རྩིས་བྱས་ཀྱང་དེ་མ་ཐག་ཁ་ཆུ་ཞིག་བཞུར་ཡོང་བས་འཛུམ་མདངས་སྟོན་ཁོམ་མ་བྱུང་།
འབྲུག་ཐར་གྱིས་དུ་བ་འཐེན་མཚམས་བཞག་ནས་ནངས་ཀ་ནས་ཚང་མས་རྡོ་སྐྱེལ། ཤིང་འདྲུད། ད་ལོ་དབྱང་ཁར་ཅིས་ཀྱང་གཟིམ་ཁང་འགྲུབ་ཐབས་བྱེད། སྟོན་ཀར་བླ་མ་གདན་འདྲེན་ཞུ་རུ་འགྲོ་ཟེར་ནས་ཡར་ལངས་ཏེ་ཤིང་དཔོན་དང་རྡོ་དཔོན་འཚོལ་དུ་སོང་། དེ་ནས་བཟུང་ཁོས་རང་ཚང་གི་ནོར་ལུག་གཉིས་ཀ་མགོན་པོ་རྣམ་རྒྱལ་གྱི་ཕྲག་ལ་གཡུགས་ཏེ་སྔ་མོ་ནས་ས་རུབ་རེག་བར་དུ་རི་ནག་མའི???/U??་ཉིན་ངོས་ནས་ཕར་འགྱིང་ཚུར་འགྱིང་བྱས་ནས་འདུགཁོ་ལ་སྔར་བཞིན་ཚི་ལེན་མེད་པ་དང་སློག་པར་ཁ་ཆོན་མེད་ནའང་སྨིན་མའི་བར་དུ་གཉེར་མ་བྱིས་པའི་ཁུ་ཚུར་འདྲ་བ་ཞིག་བསྡུས་ཤིང་ངོ་གདོང་སྣུམ་ཀྲིག་ཀྲིག་བྱེད་པ་དང་། ལྗིད་ཏིག་ཏིག་གི་གོམ་པ་སྤོ་བཞིན་ཡར་འགྱིང་མར་འགྱིང་བྱས་པ་ན་དངོས་གནས་སྡེ་དཔོན་གཏུམ་དྲག་ཅན་ཞིག་ཡིན་པའི་སྣང་བ་སྟེར། དེ་བས་ད་ལྟ་མི་སྐྱ་བོ་རྣམས་ཀྱིས་རི་དྭགས་རྔོན་པ་ཕར་ཞོགགཅིན་པ་གཏོང་སྐབས་ཀྱང་འབྲུག་ཐར་ལ་ཡང་ཡང་ཕྱི་མིག་གིས་ལྟ་བ་དང་གཅིན་བཏང་ཚར་མ་ཐག་ཕྱིར་རྒྱུག་ཡོང་ནས་ལས་ཀ་ལས།
ཨ་ཇོ་ཁྱེད་རང་སྔར་ནས་སྡེ་དཔོན་དུ་བསྡད་ཡོད་ན་འདུ་ཁང་ཡང་སྔར་ནས་འགྲུབ་ཡོད། ཧེ་ཧེ་ཧེ་འཕྲིན་ལས་ཁ་ཤོ་འབྲུག་ཐར་གྱི་གམ་ལ་ཡོང་ནས་དེ་ལྟར་བཤད། འོན་ཀྱང་འབྲུག་ཐར་གྱིས་ཁོ་ལ་ཁ་ཡ་མ་བྱས་པར་ཕར་སོང་ནའང་དེ་མུ་མཐུད་དུ་འབྲུག་ཐར་གྱི་རྗེས་སུ་དེད་པས་འབྲུག་ཐར་འཚིག་པ་ཟོས་ནས་འཕྲིན་ལས་ཁ་ཤོ། ཚང་མས་རྔུལ་ཆུ་ཁྲག་དང་རྣག་བྱས་ནས་རྡོ་སྐྱེལ་བཞིན་པ་མི་མཐོང་ངམ། ཁྱོད་འདིར་ཡོང་ནས་སྐྱག་པ་མ་ལོན་པ་ཨེ་ཡིན། ཧིན་ཟེར་བ་ན་འཕྲིན་ལས་ཁ་ཤོ་དངོས་གནས་སོང་ཡང་མིན་ལ་བསྡད་ཀྱང་མིན་པའི་གནས་སུ་གྱུར་ཏེ་ཨ་ཇོ་ཁྱེད་རང་ཉིན་གང་པོར་ཡར་ལངས་ནས་བསྡད་ན་རྐང་པས་ཀྱང་ནུས་སམ། ངས་ཁྱེད་ལ་ཅུང་ཚམ་ངལ་གསོ་བྱོས་ཟེར་བསམས་ནས་ཡོང་བ་ཡིན་ཟེར།
འོ་ན་ཁྱེད་ཀྱིས་མི་སྐྱ་བོ་ཚོར་བཀོད་འདོམས་བྱོས་དང་ང་རྡོ་བསྐྱལ་དུ་འགྲོ་
མིན་མིན་མིན། ཨ་ཇོས་གོ་བ་ལྡོག་ལེན་བྱས་སོང་། ངས………ང་རྡོ་བསྐྱལ་དུ་འགྲོ་འཕྲིན་ལས་ཁ་ཤོས་མགོ་ཐད་དུ་གཡུག་པའམ་འདར་བ་ཙམ་བྱེད་ཞོར་བུད་སོང་།
འཇམ་དབྱངས་ཤེས་རབ་ཚུར་ཡོང་བ་ན་འབྲུག་ཐར་གྱིས་རྡོ་རྒན་ཞིག་ལ་མཛུབ་སྟོན་ཞིག་བྱས་པས་འཇམ་དབྱངས་ཤེས་རབ་ཀྱིས་དེར་རྐུབ་སྟེགས་བྱས་ནས་མར་བསྡད་རྗེས་འབྲུག་ཐར་གྱིས་ཀྱང་རྡོ་རྒན་གཞན་ཞིག་ལ་རྐུབ་སྟེགས་བྱས་ནས་བསྡད་དེ་ང་སྡེ་དཔོན་བྱས་པ་ནས་འཕྲིན་ལས་ཁ་ཤོར་ཁ་མ་གྲགས་པས་ཁོ་རང་ཡང་ངའི་གམ་ལ་མི་ཡོང་། འོན་ཀྱང་ད་ནངས་འཚམས་སྐྱིད་ཀྱིས་ཁོ་ཚང་ལ་ནང་ཁྲོལ་ཞིག་བྱིན་པས་ཁོ་རང་སླར་ཡང་ངའི་གམ་ལ་ཡོང་གིན་འདུག་ཟེར་ནས་འཕྲིན་ལས་ཁ་ཤོའི་རྗེས་སུ་བལྟས་འདུག
ཧེ་ཧེ། ཁྱོད་ངོ་མ………ཁོ་ལ་ཁ་མི་གྲག་པའི་དགོས་པའང་མེད། གཙོ་བོ་ནི་ཁོའི་སྐད་ཆ་ཡིན་མིན་ལ་མ་ཉན་ན་དེ་རེད། ཁོ་རང་་ཡང་གང་ལྟར་ཁྱོད་ང་ཉེ་འབྲེལ་ཡོད་པ་དང་ལྷག་པར་དུ་ཁོས་ཁྱོད་ལ་གནོད་བྱེད་མ་མྱོང་བས་ངོ་མ་ཁ་མི་གྲག་དགོས་དོན་མེད། ་
དེ་རེད། ཁོས་ངོ་མ་ང་ལ་གནོད་བྱེད་མ་མྱོང་། འོན་ཀྱང་ངས་ཀྱང་ཅི་ལྟར་བཤད་དགོས་མི་ཤེས་ཏེ་གང་ལྟར་ང་རང་ཁོ་ལ་ཧ་ཅང་མི་འཐད།
ཁོས་བཤད་པ་ངོ་མ་བདེན་ཏེ་མི་ལ་ལ་ཞིག་གིས་ཁྱོད་ལ་རོགས་བྱས་མ་མྱོང་བ་དང་ཐ་ན་ངོ་མཐོང་བའང་ཐེངས་དང་པོ་ཡིན་ནའང་ཁྱོད་རང་དེ་ལ་ངང་ངམ་ཤུགས་ཀྱིས་འཐད་པ་དང་། ལ་ལ་ཞིག་གིས་ཁྱོད་ལ་གནོད་བྱས་མ་མྱོང་བ་དང་ཐ་ན་ངོ་མཐོང་བའང་ཐེངས་དང་པོ་ཡིན་ནའང་ཁྱོད་རང་དེ་ལ་ཧ་ཅང་སུན་སྣང་སྐྱེ་བར་མ་ཟད་དེའི་འགྲོ་ལུགས་འདུག་སྟངས་དང་ཐ་ན་དེས་ཁྱོད་ལ་བློ་སེམས་རྣམ་དག་གིས་འཛུམ་དམུལ་ཞིག་བསྟན་པ་དེས་ཀྱང་ཁྱོད་ཀྱི་སེམས་ལ་ཁྲེལ་དགོད་ཀྱི་སྣང་བ་ཞིག་སྟེར་སྲིད། འབྲུག་ཐར་ལ་མཚོན་ན་འཕྲིན་ལས་ཁ་ཤོ་ནི་ཏག་ཏག་ཕྱི་མ་ཡིན་པ་འདྲ། དེ་བས་ཁོས་འཕྲིན་ལས་ཁ་ཤོ་མཐོང་བ་ན་དངོས་གནས་སུན་སྣང་བཟོད་ཐབས་མེད་པ་ཞིག་སྐྱེ་མོད། འོན་ཀྱང་ཁོས་དེ་ལ་གནོད་བྱས་མ་མྱོང་ལ་གནོད་བྱེད་བསམ་པའང་གཏན་ནས་མེད།
ངས་ཁྱོད་ཀྱིས་ཁོ་ལ་ཁ་གྲག་གི་མེད་པ་མ་ཤེས། དེ་ལྟར་བྱེད་དགོས་དོན་མེད། གཙོ་བོ་ཁོའི་སྐད་ཆ་ཡིན་མིན་ལ་མ་ཉན་ན་ཆོག ཁོ་རང་ཡང་བཟང་རུང་ངན་རུང་ཁྱོད་ཀྱི་གཉེན་ཉེ་རེད། ཁྱོད་ཀྱིས་སོམས་དང—མི་ཞིག་གིས་ཐབས་བརྒྱ་ཇུས་སྟོང་གིས་གཞན་ཞིག་གི་ལྟ་སྟངས་ཡག་པོ་འཐོབ་ན་བསམ་དུས་དེས་ཁོ་ལ་ཁ་ཡ་མ་བྱས་ན་དེ་ནི་ཅི་འདྲའི་སྡུག་བསྔལ་ཞིག་རེད་ཨང་འཇམ་དབྱངས་ཤེས་རབ་ཀྱིས་དེ་ལྟར་བཤད་པ་ན་འབྲུག་ཐར་གྱིས་འཕྲིན་ལས་ཁ་ཤོའི་མགོ་འདར་བཞིན་འགྲོ་བའི་ཚུལ་ལ་ལྟ་བཞིན་རང་དབང་མེད་པར་དེ་ལ་སྙིང་རྗེ་ཞིག་སྐྱེས། ཁོས་གློ་བུར་དུ་དུ་བ་ཞིག་འཐེན་འདོད་སྐྱེས་ནས་རུམ་ལ་ལག་པ་བསྲིངས་ནས་རྭ་ཙེ་བླངས་པ་དང་། སླར་ཡང་རུམ་ལ་བཅུག་ནས་ཡར་ལངས་ཏེ་ཨ་ཁུ་འཇམ་དབྱངས་ཤེས། ཁྱེད་ཀྱིས་ལྟོས་དང་། ཤིང་ཆས་བར་ཆད་མ་བྱས་ན་ད་ལོའི་དབྱར་ཁ་འགྲུབ་མི་འགྲུབ་བསམ་མི་དགོས་ཟེར།
འཇམ་དབྱངས་ཤེས་རབ་ཡར་ལངས་ནས་ཁོང་གཉིས་མཉམ་དུ་གཟིམ་ཁང་གི་ལས་ཡུལ་དུ་སོང་བ་ན་ངོ་མ་ལས་ཀ་ལྗིད་མོ་ལས་མཁན་རྣམས་ཀྱི་དཔྲལ་བའི་སྟེང་ན་རྔུལ་ཆུ་ཁྲ་ལམ་མེར་ཡོད་པ་དང་། རི་མོ་དང་པ་ཏྲ་རྐོ་མཁན་རྣམས་ཀྱིས་ཀྱང་བློ་སེམས་རྩེ་གཅིག་གིས་རང་གི་ལས་ཀར་འབད་བཞིན་ཡོད་པས་འབྲུག་ཐར་གྱིས་ས་འགུལ་བྱེད་ཞོར་རང་གི་གམ་དུ་སླེབས་པའང་མ་ཚོ། དེ་སྔོན་འདུ་ཁང་བཞེང་སྐབས་ཡིན་ན་མི་སྐྱ་མོ་དེ་ཚོས་ལས་ཀ་ལས་སྐབས་འཇམ་དབྱངས་ཤེས་རབ་དང་འབྲུག་ཐར། ཡི་དམ་སོགས་གམ་དུ་ཡོང་ན་འཛུམ་དམུལ་དམུལ་བྱེད་པ་དང་ལ་ལས་ད་རུང་རང་གིས་སྒྲུབ་བཞིན་པའི་ལས་ཀ་དེར་ཅི་འདྲའི་ཧུར་བརྩོན་བྱས་པ་དང་དེའི་གཞན་དང་མི་འདྲ་བའི་ཁྱད་ཆོས་སོགས་ལུང་པ་གང་བཤད་དེ་མི་རྣམས་སུན་ནས་ཕར་ལ་འགྲོ་རག་བར་ཚར་རྒྱུ་མེད་ནའང་ད་ལྟ་དངོས་གནས་དེ་དག་བརྗོད་པའི་ཁོམ་པའང་མེད་པ་འདྲ། རྡོ་རྩིག་བརྒྱབ་ནས་འབྲུག་ཐར་གྱི་གཟུགས་ཀྱི་རིང་ཚད་ལས་ཀྱང་མཐོ་རུང་འཕགས་ཡོད་པ་དང་འབྲུག་ཐར་གྱིས་ཤུགས་གང་ཡོད་བཏོན་ནས་ས་འགུལ་འགའ་བྱས་ཀྱང་རྡོ་འདམ་སེན་མོ་ཙམ་ཡང་ས་ལ་འཐོར་རྒྱུ་མེད་པར་མ་ཟད་རྡོ་དཔོན་གྱིས་སྣ་དགོད་རྒྱག་ཞོར་སྡེ་དཔོན་འབྲུག་ཐར། རང་གི་རྐང་པར་ངལ་བ་མ་བཟོ། རྡོ་ལེབ་མོ་གཅིག་ས་ལ་ལྷུང་ན་ངའི་རྣ་ཅོག་ཆོད་དང་ཨ་ཚ་མི་ཟེར་ཞེས་བཤད།
མི་སྐྱ་བོ་འདི་དག་གིས་ཁོག་ལ་འཁྱོག་མ་བྱས་ན་ངོ་མ་ལག་རྩལ་ཡོད་པ་འདྲ་འབྲུག་ཐར་གྱིས་འཇམ་དབྱངས་ཤེས་རབ་ལ་ལྟ་བཞིན་དེ་ལྟར་བཤད།
འཇམ་དབྱངས་ཤེས་རབ་ཀྱིས་ལག་རྩལ་ལོས་ཡོད། ངས་ས་ཕྱོགས་ཀུན་ལ་རྩད་བཅད་ནས་བཙལ་ཡོང་བ་ཡིན། ཁོ་ཚོའི་ཕ་མེས་ཀྱིས་མདོ་སྨད་ན་མིང་གྲགས་ཆེ་བའི་དགོན་སྡེ་དུ་མ་བཟོས་མྱོང་ཟེར།
སྐབས་འདིར་བསྟན་པ་རྒྱ་མཚོའང་ཁོང་གཉིས་ཀྱི་གམ་ལ་ཐོན། བླ་མ་གདན་འདྲེན་བྱེད་རྒྱུ་བྱས་པ་ནས་ཁོས་ཀྱང་རྡོ་ཐའི་འཁང་ར་བརྗེད་པའམ་ཡང་ན་མེད་པར་བཟོས་ནས་འཇམ་དབྱངས་ཤེས་རབ་ལ་ཁ་བཏགས་རྙིང་པ་ཞིག་ཕུལ་ནས་འགྲིག་མཐུན་བྱས་ཏེ་གཟིམ་ཁང་གི་ལས་དོན་ལ་སེམས་ཁུར་བྱེད་ཀྱིན་འདུག
ཨ་ཁུ་བསྟན་པ་ཕེབས་བྱུང་ངམ་འཇམ་དབྱངས་ཤེས་རབ་ཀྱིས་རང་ལ་ཁྱད་དུ་ཡོད་པའི་སྐད་ངག་འཇམ་པོས་ཁྱེད་ཀྱིས་གཟིགས་དང་། ད་བློ་བཀོད་རེ་གནང་རྒྱུ་ཨེ་ཡོད་ཟེར།
ཨ་ཙི། ཨ་ཙི། ད་ངོ་མ་མགྱོགས་གིངའི་སེམས་མ་ཁོམ་པར་ལྟ་རུ་ཡོང་བ་ཙམ་ལས་ཐབས་བཀོད་འཇོག་རྒྱུ་གང་ན་ཡོད། ཨ་ཁུ་འཇམ་དབྱངས་ཀྱིས་མི་མཁྱེན་པ་ཅི་ཡོད་ཟེར་ཞོར་བསྟན་པ་རྒྱ་མཚོས་འབྲུག་ཐར་གྱི་གདོང་བལྟས་ཏེ་འཚམས་སྐྱིད་ལ་ཞི་ལི་ཞིག་སྐྱེས་སམ་ཟེར།
ཞི་མོ་ཞིག་རེད།
དཔེ་མི་སྲིད—ངས་ཐེངས་གསུམ་ལ་མོ་རྩིས་བྱས—ཞི་ལི་ཞིག་རེད་
སྐྱེས་མ་ཐག་ཞི་ལི་རེད་ཟེར་ཡང………
སྲིད་ལོག་སོང་།
ཨུམ།
བསྟན་པ་རྒྱ་མཚོས་ཕངས་སེམས་སྐྱེ་བའི་ཚུལ་གྱིས་དབུགས་རིང་ཞིག་འབྱིན་པ་དང་སླར་ཡང་དགའ་སྤྲོའི་ཚུལ་གྱིས་གང་ལྟར་ཁྱོད་ལ་ཞི་ལི་གཅིག་ཡོད་པས་ད་ནི་ཞི་མོ་ཞིག་སྐྱེས་པ་འགྲིག་འདུག་ཟེར།
འབྲུག་ཐར་གྱིས་སྤྱིར་ཞི་མོ་ཞིག་ཡིན་ནའང་སྐྱོན་མེད་ཀྱང་གལ་ཏེ་ཞི་ལི་ཞིག་ཡིན་ན་ངས་མགོན་པོ་རྣམ་རྒྱལ་ལ་རབ་བྱུང་བསྒྲུབ་ཏུ་འཇུག་རྩིས་ཡོད། ངེད་ཚང་ལ་གྲྭ་པ་གཅིག་ཀྱང་མེད་པས་ངོ་མ…………ཟེར་ནས་གདོང་ལ་ཕངས་སེམས་ཤིག་ཤར་འདུག
བསྟན་པ་རྒྱ་མཚོས་འཇམ་དབྱངས་ཤེས་རབ་ལ་ལི་མོ་ཞི་ལིར་སྲིད་ལོག་པ་ཞིག་གོ་མ་མྱོང་། འོན་ཀྱང་ཞི་ལི་ཞི་མོར་སྲིད་ལོག་པ་འདི་ཅི་ཡིན་ནམ་ཞེས་དྲིས།
དེ་བསོད་ནམས་ཀྱི་ཆེ་ཆུང་གིས་རེད་ཅེས་འདང་རྒྱག་ཙམ་ཡང་མི་བྱེད་པར་ལན་བཏབ།
6
རྩྭ་ཐང་སྟེང་ལ་ཡང་བསྐྱར་མེ་ཏོག་རྣམ་པར་བཞད་ནས་དྲི་བསུང་ཐུལ་བ་དང་མིག་དབང་འཕྲོག་པར་བྱེད། ཚ་གདུག་ཆེ་བའི་ཉིན་གུང་སྤང་ལ་ཅུང་ཙམ་བལྟས་ན་དགུན་དུས་ཀྱི་ཁ་བའི་སྟེང་ལ་ཉི་འོད་ཕོག་པར་བལྟས་པ་དང་འདྲ་བར་མིག་སྦྲིད་ནས་སྦྲ་ནང་ལ་ཡོང་མ་ཐག་ཅི་ཡང་མི་མཐོང་བར་འགྱུར། ཡིན་ནའང་སྐབས་འདིར་རྩེ་གཞུང་སྡེ་བའི་ལྷས་ལ་སོང་བ་ན་ཕྱུགས་ཟོག་གི་གཅིན་ལྕི་ཉི་མས་བཙན་སྐེམ་བྱས་པའི་དྲི་མ་བཙན་པོས་ཁྱབ་པ་དང་མི་རྣམས་ཀྱི་ལུས་སྟེང་ནས་སྣུམ་དང་འདྲེས་མའི་རྔུལ་ཆུ་ནག་པོ་བཞུར་ཏེ་དྲི་ངན་ཐུལ་ནས་མི་སྐྱ་བོ་རྣམས་གམ་ལ་བཅར་མི་ཐུབ་པར་གྱུར། འདི་ལྟར་ཉིན་འགའ་སོང་བའི་རྗེས་སུབར་སྣང་ལ་རིམ་བཞིན་སྤྲིན་དཀར་དུམ་བུ་དུམ་བུ་འདུས་ནས་རིམ་བཞིན་ཇེ་ནག་དང་ཇེ་འཐུགཇེ་དམའ་རུ་སོང་སྟེ་དངོས་གནས་སླ་ངར་ཁ་ལེབ་བཀབ་པ་ལྟར་གྱུར། འོན་ཀྱང་ཚ་གདུག་སྔར་ལས་ཇེ་ཆེར་སོང་བར་མ་ཟད་བསེར་བུ་ཅུང་ཙམ་ཡང་གཡུག་རྒྱུ་མེད་པས་ལས་ཀ་མ་ལས་ནའང་ལུས་སྟེང་ནས་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་ཏེ་དབུགས་འབྱིན་པའང་དཀའ་བས་བུད་མེད་ཚོས་ཕྱིང་བའི་ཆར་ལྭ་རེས་ལུས་སྨད་དཀྲི་བ་དང་སྐྱེས་པ་ཚོས་བྱིས་པ་ཚོའི་སྤུ་ཟད་ནས་སྐྱི་མོར་ཐུག་པའི་སློག་པ་སྲབ་མོས་གསང་གནས་འགེབ་ཙམ་བྱེད་པ། ད་སོ་མ་ངོ་ཚ་ཤེས་བཞིན་པའི་བྱིས་པ་ཚོས་ཀྱང་ཕྱོགས་མང་པོར་འདང་རྒྱག་ཁོམ་མ་བྱུང་བར་ཡང་བསྐྱར་མགྲིན་པའི་ཕྱག་མདུད་མ་གཏོགས་ཡོད་ཚད་ཕུད་ནས་དམར་ཧྲང་ངེར་འདུགཐ་ན་འཇིག་རྟེན་འདི་དང་འབྲེལ་བ་མེད་པའི་ཁྲུང་ཁྲུང་ནག་པོ་དེས་ཀྱང་སན་ཆུའི་ནང་ལ་ལྟོ་བ་སྦྱར་ནས་འདུག མཚན་མོ་སྔར་ལས་ཇེ་ནག་ཏུ་སོང་ཞིང་སྔར་ལས་དྲོ་བའི་སྣང་བ་ཞིག་སྟེར་བས་ཕྱུགས་ཟོག་བརྒྱགས་དྲགས་ནས་ལྗིད་ཏིག་ཏིགགི་འཁུན་སྒྲ་སྒྲོག་པ་དང་སྐྱུག་་ལྡད་བཻཡད་པའི་སྒྲ་མ་གཏོགས་གྲག་འགུལ་ཅི་ཡང་མེད་ལ། ཐ་ན་སྒོ་ཁྱི་རྣམས་ཀྱིས་རང་ཉིད་ལ་དོགས་ཟོན་མཐོ་ཚུལ་ངོམ་པའི་དོན་མེད་ཀྱི་ཟུག་སྐད་ཀྱང་ཐོས་རྒྱུ་མེད་པ་སོགས་མདོར་ན་སེམས་ཅན་གྱིས་གནམ་བརྡིབ་པར་སེམས་ཁྲལ་བྱེད་བཞིན་པ་དང་འདྲའོ། །
འདི་ལྟར་ཧ་ཅང་དུས་ཡུན་རིང་པོ་ཞིག་སོང་ནའང་གནམ་ངོ་ཐང་རྒྱུ་མེད་ལ་འབབ་རྒྱུའང་མེད་པས་གཟིམ་ཁང་འཛུགས་སྐྲུན་གྱི་མྱུར་ཚད་རིམ་བཞིན་ཇེ་དལ་དུ་སོང་། ཕྱི་དྲོ་ཞིག་ལ་གཞི་ནས་ཤིན་ཏུ་ལྷོད་པའི་འབྲུག་སྒྲ་ཞིག་གྲགས་པ་དང་མཉམ་དུ་ཆར་བ་ཐར་ཐོར་ཞིག་བབས། ཇ་དཀར་ཡོལ་གང་འཐུང་བའི་དུས་ཚོད་ཀྱང་མ་འགོར་བར་གནམ་རྒན་མ་ནི་ཆོག་ཤེས་མེད་པའི་མི་ཞིག་གིས་གཞན་ཟས་གང་འདོད་དུ་བཟས་རྗེས་སླར་ཡང་ཕྱིར་བསྐྱུགས་པ་བཞིན་ཆར་ཆེན་ཆུ་ཟོའི་ཁ་ཡིས་བྱོ་བ་ལྟར་དུ་བབས།
ལུག་གི་འབའ་སྐད་ནོར་གྱི་ངུར་སྐད། ཕྱུགས་རྫིའི་ཁ་ཤུ་འདེབས་པའི་སྐད་སྒྲས་གནས་སྐབས་སྡེ་འདབས་སྡེ་ལྷས་ཡོངས་སུ་ཁྱབ། ཡིན་ནའང་ཅུང་ཙམ་འགོར་རྗེས་སླར་ཡང་དལ་འཇགས་སེ་སོང་སྟེ་ཆར་རྡེའུ་ཆུ་འཁྱིལ་ནང་དུ་ལྷུང་བའི་འགྱུར་ཁུགས་ལྡན་པའི་སྒྲ་སྙན་མོ་མ་གཏོགས་ཅི་ཡང་མེད་པར་གྱུར། སྡེ་བའི་ལྷས་ནས་ཕྱུགས་ཟོག་གི་གཅིན་ལྕིས་སེར་ནག་ཏུ་བསྒྱུར་པའི་ཆུ་ཕྲན་ཕན་ཚུན་འདྲེས་ཤིང་མཇུག་མཐར་རྩེ་ཆུའི་ནང་ལ་བཞུར་ནས་གོས་ཡུག་དཀར་པོ་མཐའ་རྒྱན་སེར་པོ་ཅན་ཞིག་རླུང་གིས་བསྐྱོད་པ་ལྟར་བཞུར་སོང་།
རི་ནག་མའི་ངོས་ནས་ས་དམར་གྱིས་དམར་པོར་བསྒྱུར་པའི་ཆུ་ཕྲན་ཕན་ཚུན་ལ་འདྲེས་ཤིང་། འཁྱིལ་ནས་གོར་གོར་དུ་གྱུར་པའི་ཤིང་གཞོགས་ཡོད་ཚད་ཁུར་ནས་རྩེ་ཆུར་འདྲེས། རྩེ་ཆུའི་ཁ་ལ་མེ་ཏོག་དཀར་པོའི་འདབ་མ་གཏོར་བ་བཞིན་དུ་གྱུར།
བྱིས་པ་རྣམས་ཁྱིམ་ཚང་ཕན་ཚུན་གྱི་བར་ལ་ཤུགས་ཀྱིས་བརྒྱུགས་ནས་ཆུའི་ཟེགས་མ་ཕྱོགས་བཞིར་གཏོར། གཟས་ནས་ཇང་ལ་འགྱེལ་ཁུལ་བྱས་ནས་ཆུ་འཁྱིལ་ནང་དུ་འཕག་ར་བྱས། འཇམ་མཉེན་གྱི་རྩྭ་ལྗང་ཆར་ཆུས་རློན་པ་བྱས་པས་སྔར་ལས་འཇམ་མཉེན་དུ་གྱུར་ཏེ་ལུསལ་རེག་ན་བདེ་སྣང་སྨྲ་མི་ཤེས་པ་ཞིག་སྐྱེ་སྲིད། དྲོད་འཇམ་གྱི་ཆར་ཆུས་བྱིས་པ་ཚོའི་སྐྲ་གསེབ་ཀྱི་ཚི་དྲེག་མར་དེད་ཡོང་ནས་མིག་ནང་ལ་བཞུང་ཚེ་ཚ་ལམ་ལམ་བྱེད། ཡིན་ནའང་ཁོ་ཚོས་དེ་ལ་དོ་སྣང་མི་བྱེད་པར་མུ་མཐུད་དུ་རང་བྱུང་ཁམས་ཆེན་པོའི་བདེ་བ་ཉམས་སུ་མྱོང་བར་བྱེད།
རྩེ་གཞུང་སྡེ་བའི་ཁྱིམ་ཚང་མང་ཤོས་ཀྱི་སྦྲ་ལ་ཐིགས་ཆུ་བབས་པ་དང་ཧྲག་འདབས་ནས་ཆུ་བཞུར་ནས་ཁྱིམ་ལ་བླུགས་ཏེ་སྒོ་དང་ཁྱད་པར་མེད་པས་མེས་པོའང་འདུག་ཐབས་མེད་པའི་གནས་སུ་གྱུར། འོན་ཀྱང་ཉིན་མཚན་དྲུག་ལ་གནམ་རྒན་པའི་ངུ་མཚམས་མིའཇོག་པ་དང་ཡར་བལྟས་ན་ད་རུང་ངོ་གདོང་ཧ་ཅང་གནག་པས་མུ་མཐུད་དུ་ངུ་རྩིས་ཡོད་པ་འདྲ་བས་ཁོ་ཚོ་འདི་རུ་མི་སྡོད་ཀ་མེད་བྱངུ་།
ད་ནངས་ནམ་ལངས་དུས་གནམ་ངོ་སྔར་བཞིན་གནག་ནའང་འབབ་གི་མེད་པས་ཅུང་མཐོ་བའི་ས་སྒང་ཞིག་ལ་རུ་སྤོར་རྩིས་བྱས། འདི་ནི་ཕྱུགས་ཟོག་ལ་རྩྭ་ཚར་ནས་རུ་སྤོར་བ་ཞིག་མ་ཡིན་པར་རྩེ་གཞུང་ཡོངས་རྫོགས་ཕལ་ཆེར་ཆུས་གང་ནས་སྡོད་ཐབས་མེད་པར་གྱུར་པས་རེད།
ཁོ་ཚོས་མ་གྲོས་རང་མཐུན་གྱིས་རང་རང་གི་ཧ་ཅང་ལྗིད་པའི་སྦྲ་རྣམས་ཕབ་སྟེ་གཡག་རྒྱབ་ལ་བཀལ་ནས་ཆུ་འཛར་བཞིན་སྡེ་བ་གཉིས་ཕན་ཚུན་བར་ཐག་བཀྱེད་ནས་རྩེ་ཆུའི་འགྲམ་རྒྱུད་ལས་ཅུང་མཐོ་བའི་རི་སྒང་དུ་བསྟར་ནས་བབས། མི་ཕྱུགས་སོང་བའི་རྐང་ཤུལ(ད་ལྟ་མི་རྣམས་ཀྱི་ཉེ་སྔོན་ཤིན་ཏུ་སྲ་ཞིང་གནག་པའི་རྐང་མཐིལ་ཡང་འཇམ་ཞིང་དཀར་པོར་གྱུར་ཡོད)ནས་ཆུ་འཛུམ་གྱིན་པ་དང་ནང་ནས་ཉལ་མི་དགོས་པས་ཅུང་ཙམ་བདེ་བའི་སྣང་བ་ཞིག་སྟེར། ཕྱིར་རྩེ་གཞུང་ལ་བལྟས་ན་དངོས་གནས་ཁྲ་མེར་རེར་ཡོད་པས་ད་བར་དུ་ཅི་ལྟར་བསྡད་པ་ཡིན་ནམ་སྙམ་པའི་དྲི་བ་ཞིག་སྟེར་སྲིད། ཡིན་ནའང་ཐབ་ཀ་གསར་པ་མ་བཟོས་ལ་བཟོས་ཀྱང་སྐམ་ཐབས་མེད་པ་དང་། ཐབ་ཀ་རྙིང་པ་རྣམས་རུ་འགེལ་སྐབས་ཐོར་ཞིག་ཏུ་སོང་བའི་སྟེང་ལ་ཨོང་བ་ཚར་ནས་ཇ་བསྐོལ་ཐབས་བྲལ། སྤེན་མ་དང་སུ་རུ་རེ་བཏུས་ཡོང་ནའང་ད་རུང་ཆུ་འཛར་བཞིན་ཡོད་པས་འགྲམ་ཤ་ན་རེག་བར་དུ་སྤུར་ནའང་མིག་ཚ་བའི་དུ་བ་འཕྱུར་བ་ལས་མེ་འབར་རྒྱུམེད་པས་འོ་མ་འཁྱག་པའི་ནང་ལ་རྩམས་པ་དཀྲུགས་ནས་ཟ་བ་ལས་ཐབས་མེད་པར་གྱུར། ཁྱིམ་ཚང་ཕྱུག་པོ་རྣམས་ཀྱི་ཁྱིམ་ལ་སོང་ན་བསྐམ་མ་ཐུབ་པའི་ཆུར་བ་རུལ་ནས་ལ་ལ་དམར་པོར་གྱུར། ལ་ལ་ལྗང་ཁུར་གྱུར་ནས་གཡུ་བྱུར་བརྡལ་པ་དང་འདྲ་ལ་སྐྱུང་དྲིའམ་རུལ་དྲི་ཐུལ་གྱིན་འདུག
འབྲུག་ཐར་གྱིས་མེས་པོར་འོ་མ་དཀར་ཡོལ་གང་བླུད་རྗེས་རྐང་ཐང་ལ་རི་ནག་མའི་ཉིན་ངོས་སུ་འགྲོ་སྐབས་སླར་ཡང་གནམ་བབས་བྱུང་བས་ཁོས་གོམ་པ་མྱུར་ལེན་བྱས་ནས་འཇམ་དབྱངས་ཤེས་རབ་ཀྱི་གྲྭ་ཤག་ཏུ་སོང་།
འཇམ་དབྱངས་ཤེས་རབ་ཀྱིས་ཆར་འགོག་ནུས་པ་ལྡན་པའི་ཁ་ཏོན་ཞིག་ཤུགས་དྲག་ཏུ་འདོན་བཞིན་ཐལ་མོ་རྡེབ་ཀྱིན་འདུགགྲྭ་པ་གཞན་རྣམས་ཀྱིས་ཀྱང་ནུས་ཤུགས་གང་ཡོད་བཏོན་ནས་ཁ་ཏོན་འདི་འདོན་གྱིན་ཡོད་ནའང་གནམ་རྒན་མའི་རྐུབ་ལྷུང་བ་ལྟར་འབབ་མཚམས་མ་ཆད་པས་མི་སྐྱ་བོ་ཞིག་གིས་ཨེ—གྲྭ་པ་འདི་ཚོས་དཔེ་ཆ་འཆུགས་ནས་གནམ་འབེབས་བྱེད་འདོན་གྱིན་ཡོད་པ་མིན་ནམ་ཟེར་བར་ཡང་ཁག་མེད་པ་འདྲ།
འབྲུག་ཐར་ཁྱིམ་དུ་སླེབས་ནས་ཅུང་ཙམ་འགོར་བ་ན་འཇམ་དབྱངས་ཤེས་རབ་ཀྱིས་ཀྱང་འདོན་མཚམས་བཞག་སྟེ་ཡར་ལངས་ནས་ཇ་ཅ་ནེ་གང་ལྡུག་ཞོར་ཨེ—གནམ་རྒན་མ་འདིས་ཐུགས་རྗེ་ཞིག་གཟིགས་ཡོད་ན་ད་ལྟ་གཟིམ་ཁང་ཡང་ཕལ་ཆེར་ཕྲ་ས་སླ་སར་གཏུག་ཡོད། ཡིན་ནའང་མགོ་ནག་སྐྱིད་སྡུག་གནམ་གི་ལག’ཡིན་པས་ང་ཚོར་ཐབས་ཅི་ཡོད། དཀོན་མཆོག་གསུམ་པོ་མཁྱེན—གཟིམ་ཁང་འདི་ལ་བར་ཆད་ཅིག་མེད་པར་སྨོན་ཟེར། ཁོའི་བཤད་ཚུལ་ལ་བལྟས་ན་རང་གིས་བློ་སེམས་རྩེ་གཅིག་གིས་འདོན་བཞིན་པའི་ཆར་འགོག་ཁ་ཏོན་དེ་ལའང་དེ་འདྲའི་ཡིད་ཆེས་བྱེད་ཀྱིན་མེད་པ་འདྲ།
སྤྱིར་གནའ་མིའི་གཏམ་དཔེ་ལ་མགོ་ནག་སྐྱིད་སྡུག་གནམ་གྱི་ལགམེ་ཁ་དྲོན་པོ་རང་གི་ལག་ཟེར་མོད། ད་ལྟ་རྩེ་གཞུང་སྡེ་བར་མཚོན་ན་མེ་ཁ་དྲོན་པོའང་གནམ་ཏུ་ཤོར་འདུག་པས་ཇ་དྲོན་པོ་ཅ་ནེ་གང་འཐུང་རྒྱུའང་ཧ་ཅང་དཀའ་མོར་གྱུར་འདུགདེ་བས་འབྲུག་ཐར་གྱིས་འཇམ་དབྱངས་ཤེས་རབ་ཀྱིས་བླུགས་པའི་ཇ་དེ་གཙང་མར་བཏུང་རྗེས་ཨ—ངོ་མ་དགེ་བ་ཞིག་རེད་ཟེར།
ད་རུང་གང་འཐུང་ངམ།
འཐུང་ན་འཐུང་། ཉིན་འགའ་ལ་ཇ་ཚ་ཚ་ཞིག་ཁ་ལ་མ་རེག
དེ་ཅི་ཡིན།
ཁྱིམ་ཚང་མང་ཤོས་ལ་འབུད་རྒྱུ་ཆད་འདུག
ཨ་ཙི་ཨ་ཙི། ད་ཅི་བྱེད། དཀོན་མཆོག་གི་ཐུགས་རྗེ་ལ་ངེད་གྲྭ་པ་ཚོར་ད་རུང་ཤིང་གཞོག་ཤིང་སྣེ་རེ་འབུད་རྒྱུཡོད་མོད། གནམ་འདི་ད་རུང་བབས་ན་དེའང་དཀའ་མོ་རེད། ད་ཅི་བྱེད། ད་ལོའི་གནམ་རྒན་མ་འདི་ཅི་ཡིན། དཀོན་མཆོག་གསུམ་པོ་མཁྱེན།
་ཇ་བསྐོལ་མ་ཐུབ་ན་སྐྱོན་མེད་ཀྱང་ནང་བརྔོད་མ་ཐུབ་ན་རྩམ་པ་ཚར་རྒྱུ་རེད་་བསྟན་པ་རྒྱ་མཚོས་མོ་རྩིས་བྱས་པ་ལྟར་ན་ད་རུང་འབབ་རྒྱུ་རེ་ཟེར་བས་ད་ཅི་བྱེད། དཀོན་མཆོག་གསུམ་པོ་མཁྱེན།
ང་ཡོང་དོན་ཡང་དེ་ཡིན། ཁྱེད་ཀྱིས་སྐུལ་སློང་བྱས་ནས་གྲྭ་པ་ཚང་མས་གནམ་འགོག་ཁ་ཏོན་དེ་གང་འདོད་དུ་མ་བཏོན་ན་གཙོ་བོ་གཟིམ་ཁང་ལ་བར་ཆད་འབྱུང་རྒྱུ་རེད། གཟིམ་ཁང་ལ་བར་ཆད་བྱུང་ན་བླ་མ་གདན་འདྲེན་མ་ཐུབ་རྒྱུ་མ་རེད། བླ་མ་གདན་འདྲེན་མ་ཐུབ་ན་ང་ཚོས་དོན་དག་གཅིག་ཀྱང་མི་འགྲུབ་པ་འདིར་ལྟོས་དང………ཨེ……
འོ་མ་འོ་ཡ། གལ་ཏེ་བླ་ཞིག་བཞུགས་ན་གནམ་འདི་ལའང་ཐབས་མེད་པ་ཞིག་ག་ལ་ཡིན། ཨ་རོགས་འབྲུག་ཐར་འཇམ་དབྱངས་ཤེས་རབ་ཀྱིས་གློ་བུར་དུ་ཡིད་ལ་ཅི་ཞིག་དྲན་པ་ལྟ་སྐེ་ཚུར་བསྲིངས་ནས་འུ་གཉིས་ཀ་དུང་དཀར་ངོས་ལ་གཅིག་སོང་ན་ཟེར།
་ཨ་ཙི་ཨ་ཙི། ངས་དེ་ཡིད་ལའང་མ་དྲན་འབྲུག་ཐར་གྱི་གདོང་ལ་འཛུམ་མདངས་ཤིག་ཤར་ཏེ་འགྲོ འུ་གཉིས་ད་འགྲོ་ཟེར་ནས་ཡར་ལངས།
འཇམ་དབྱངས་ཤེས་རབ་ཀྱང་རྐང་རྗེན་ལ་བུད་ནས་སོང་ཞིང་། དགོན་འདབས་ནས་ཅུང་ཙམ་ཕར་སོང་མ་ཐག་ཁོང་གཉིས་ཀའི་རྐང་པའི་མཛུབ་མོའི་བར་ལ་མེ་ཏོག་སྣ་ཚོགས་འཚངས་ནས་རྐང་མགོ་མི་མངོན་པར་གྱུར། འཇམ་དབྱངས་ཤེས་རབ་ཀྱི་གཟན་རློན་པར་གྱུར་ཏེ་སྣེ་མོ་ནས་ཁྲག་དང་འདྲ་བའི་ཆུ་ཐིགས་དམར་པོ་འཛར་གྱིན་འདུག་པར་བལྟས་ན་འདི་ནི་རྒྱུ་སྤུས་ཧ་ཅང་ཞན་པའི་རས་ཤིག་ཡིན་པ་ཤེས་ཐུབ།
རླུང་ཅུང་ཙམ་ཡང་མེད་པ་དང་ཆར་བ་གདོང་ལ་ཕོག་ན་ཧ་ཅང་བསིལ་བའི་སྣང་བ་ཞིག་སྟེར་བས་གནམ་འབབ་པའི་ཉིན་མོར་ཡང་རང་བྱུང་ཁམས་ཆེན་པོས་ཁྱད་པར་བདེ་སྣང་ཞིག་སྟེར་ནའང་ཁོང་གཉིས་ཀྱི་ཕྲག་པར་སྡེ་བ་ཞིག་བདེ་སྡུག་བབས་ཡོད་པས་དེ་ལ་དོ་སྣང་བྱེད་ཁོམ་མ་བྱུང་།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1