༄༅།།སད་ཀྱིས་བཅོམ་པའི་མེ་ཏོག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-21


   ཚེ་རིང་གི་སྐད་ཆ།
   ངས་ཡིད་སྐྱོ་ཞིང་སེམས་སྡུག་པའི་གནས་ཚུལ་དེ་སེམས་ལ་དྲན་ཐེངས་རེར་དཔྲལ་བའི་མིག་གཉིས་ལས་མཆི་མའི་རྒྱུན་ནི་དབང་མེད་དུ་བཞུར་འོངས་ཏེ། གངས་དཀར་སེམས་ཀྱི་གཏིང་ལ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ཞིག་འཁྱིལ་ཞིང་། བསམ་པའི་བརྩེ་དུངས་ཀྱི་རླུང་གིས་རྒྱུ་ཕྱོགས་དང་བསྟུན་ནས་བཟོད་གླགས་མེད་པའི་རླབས་ཕྲེང་གི་ཟེགས་མ་མཁའ་ལ་འཐོར་གྱིན་འདུག མི་ལོ་ཉེར་བཞིའི་རིང་གི་འཇིག་རྟེན་གྱི་འཚོ་བ་ནི་སྐྱིད་སྡུག་འདྲེས་མའི་རྣམ་ཐར་ཞིག་རེད་ཨང་།
   ལྷ་སྐྱིད་དང་ངེད་གཉིས་ནི་ལྡུམ་ར་གཅིག་གི་ནང་དུ་སྐྱེས་པའི་མེ་ཏོག་གི་གང་བུ་ཆུང་ཆུང་གཉིས་ཡིན་ལ། འཇིག་རྟེན་གྱི་འཚོ་བ་དང་ཆུང་ངུའི་དུས་ཀྱི་མཛའ་མཐུན་གྱི་སྲད་བུས་ངེད་གཉིས་ཀྱི་སེམས་ཀྱི་རྩ་བ་གཞི་གཅིག་ཏུ་སྦྲེལ་བར་མ་ཟད། དུངས་པའི་འདབ་མ་ལྷན་ཅིག་ཏུ་རྒྱས་པ་དང་མཐུན་པའི་མེ་ཏོག་ཀྱང་ཆབས་ཅིག་ཏུ་བཞད་མོད། འོན་ཀྱང་སྙིང་རྗེ་མེད་པའི་གོམས་སྲོལ་གྱི་སད་ངན་ཞིག་གིས་འཚོ་བ་ལ་དགའ་ཞེན་དང་མ་འོངས་པར་རེ་བས་ཁེངས་པའི་མེ་ཏོག་གཞོན་ནུ་མ་ཞིག་གི་ལང་ཚོའི་དཔལ་ཡོན་གློ་བུར་དུ་བཅོམ་པ་དང་། དེ་ལ་ཆགས་ཤིང་འཁོར་བའི་བུང་བ་གཞོན་ནུ་ང་ཡང་སེམས་སྡུག་གི་རྒྱ་མཚོའི་ནང་དུ་ལྷུང་དགོས་བྱུང་། སྤྱིར་སེམས་སྐྱོ་བའི་གཏམ་རྒྱུད་འདི་ང་ལ་བཤད་འདོད་མེད་མོད། འོན་ཀྱང་ངའི་ཕུ་བོས་ང་ལ་ཡང་ཡང་སྐུལ་བར་བརྟེན། ངའི་སེམས་ལ་ཡིད་སྐྱོ་བའི་གཏམ་རྒྱུད་འདི་ལས་ང་ཚོའི་ཕ་མ་དང་རྒན་རབས་རྣམས་ཀྱི་བསམ་བློ་རྨོངས་པའི་རྒྱ་ལས་འགྲོལ་བར་རོགས་རམ་བྱེད་ཐུབ་པ་དང་། མ་མཐའ་ཡང་ང་ཚོའི་མི་རབས་ཕྱི་མ་རྣམས་ལ་ལྷ་སྐྱིད་དང་ངེད་གཉིས་ཀྱི་སྡུག་བསྔལ་དེ་མི་འབྱུང་བའི་གསལ་འདེབས་ཤིག་བྱེད་པར་བསམས་ནས། གཏམ་རྒྱུད་འདིའི་མགོ་ངས་གླེང་བ་ཡིན།
ལྷ་སྐྱིད་དང་ངེད་གཉིས་ནི་ཁྱིམ་མཚེས་ཡིན་ལ། ཁྱིམ་གཉིས་ཀྱི་བར་ན་གྱང་ལག་ཅིག་མ་གཏོགས་མེད་པས་ཆུང་ངུའི་དུས་ནས་བཟུང་རྩེ་གྲོགས་འདང་ཅན་ཞིག་ཡིན། ང་ཚོས་མཉམ་ཅིག་ཏུ་རྡོ་ཡི་སྡེར་ཁ་བསྒྲིགས་ཏེ་ཕན་ཚུན་ལ་ལོ་གསར་ལེགས་སྐྱེས་ཀྱི་ཚུལ་དུ་ཕར་འབུལ་ཚུར་འབུལ་བྱས་མྱོང་བར་མ་ཟད། ས་དམར་གྱིས་རྟ་དང་བོང་བུ་སོགས་ལས་ནས་རིག་པ་སུ་རྣོ་བ་དང་ལག་པ་སུ་བདེ་བའི་འགྲན་བསྡུར་ཡང་བྱས་མྱོང་། སྐབས་རེར་ང་ཨ་ཕ་དང་ཁོ་མོ་ཨ་མའི་ཚུལ་བྱས་ནས་གཅིག་གཅིག་ལ་བྱམས་བྱམས་བྱས་པ་དང་། སྐབས་འགར་གཞའ་རེས་ཡིབ་རེས་དང་བདའ་མ་འདེད་རེས་བྱས་ཏེ་རྩེད་མོ་སྐྱིད་པོ་སྣ་ཚོགས་བརྩེས་མྱོང་། ཆུང་ངུའི་དུས་སུ། ལྷ་སྐྱིད་དང་ངེད་གཉིས་ནི་སྤུན་ཟླ་ལྟར་སྙིང་ཉེ་ཞིང་མིང་སྲིང་ལྟར་སེམས་བརྩེ་བ་ཞིག་ཡིན་མོད། འོན་ཀྱང་། ངའི་ཕུ་བོ་རིག་ཡག་དང་ལྷ་སྐྱིད་གཉིས་ནི་ཁྱི་དང་ར་འགྲོགས་པ་ལྟར་གཏན་ནས་མི་མཐུན། སྐབས་རེར། ངའི་ཕུ་བོས་ལྷ་སྐྱིད་ལ་ཐུབ་ཚོད་འདྲ་བྱས་པ་ཡིན་ན། ལྷ་སྐྱིད་ཀྱིས་ང་ལ་སྐྱབས་བཅོལ་བ་དང་། ངས་ཀྱང་ཁོ་མོའི་རྒྱབ་རྩ་མནན་ཏེ་ཕུ་བོར་འཁོན་ལན་སློག་པ་ཡིན། ངའི་ཕུ་བོ་ལ་ན་བསྲན་དེ་འདྲ་མེད་པས་ངས་རྒྱུན་པར་ཁོ་ལ་ཐུབ་ཚོད་བྱས་པ་དང་། ད་དུང་བཙན་ཚུགས་ཀྱིས་ང་ལ་ཕུ་བོ་ཞེས་འབོད་དུ་བཅུག ཉིན་ཞིག་ལ། ཨ་མས་ང་ལ་ཁ་ཅི་ཡང་མི་གྲག་པར་མགོ་རྔ་མེད་པར་ཁུ་ཚུར་གྱིས་བརྡུངས་པ་དང་། དེ་ནི་ངས་ཕུ་བོ་ལ་བརྙས་བཅོས་བྱས་པའི་སྐྱིན་པ་ཡིན་ཟེར། ལྷ་སྐྱིད་ཀྱིས་ང་ངུ་བ་མཐོང་ནས། ཨ་རྒྱ[1]ཚེ་རིང་། ཁྱོད་མ་ངུ་དང་། གལ་སྲིད་རིག་ཡག་གིས་ཁྱོད་ལ་ཕུ་བོ་ཞེས་མི་འབོད་ན། དེ་རིང་ནས་བཟུང་ངས་ཁྱོད་ལ་ཕུ་བོ་ཞེས་འབོད་ཆོག ཟེར། དེ་ནས་བཟུང་། ཁོ་མོས་ང་ལ་ཕུ་བོ་ཞེས་བོས་པ་དང་། ངས་ཀྱང་ཁོ་མོ་ལ་སྲིང་མོ་ཞིག་གི་མདངས་བཟུང་བ་ཡིན།
ཨེ་མ། ཆུང་དུས་ཀྱི་འཚོ་བའི་གནས་ཚུལ་དེ་ཚོ་ཕྱིར་དྲན་བྱས་ན་ངོ་མ་བློ་དགའ་ཞིང་སྣང་བའང་སྐྱིད་པ་ཞིག་རེད། བྱིས་བློའི་དྲི་མས་སྦགས་ཀྱང་ར་རོའི་སྙིགས་མ་མེད་པའི་བསམ་པ་ཆུང་ཆུང་གཉིས་ཆུ་དང་འོ་མ་འདྲེས་པ་ལྟར་གཞི་གཅིག་ཏུ་མཐུན་སོང་། ཡིན་ན་ཡང་། ལོ་ཟླའི་འཕེལ་འགྲོས་དང་བསྟུན་ནས་ལྷ་སྐྱིད་དང་ངེད་གཉིས་ཀྱི་ན་སོ་རིམ་གྱིས་སྨིན་ཏེ་ལང་ཚོའི་མེ་ཏོག་གི་འདབ་མའང་རྒྱས་པར་གྱུར་སྟབས། ལྷ་སྐྱིད་ཀྱིས་ང་ལ་ཕུ་བོ་ཞེས་འབོད་ཐེངས་རེར་ཁོ་མོའང་དོགས་མི་བདེ་བར་སྣང་ཞིང་། ངས་ཁོ་མོ་ལ་ཨ་ལན་སྟེར་སྐབས་ཀྱང་རང་བཞིན་གྱི་གནས་ཚུལ་ལས་འདའ་དགོས་བྱུང་། དུས་དེ་ནས་བཟུང་། ལྷ་སྐྱིད་དང་ངེད་གཉིས་ཀྱི་འབྲེལ་བ་དེ་གོ་རིམ་གསར་བ་ཞིག་ལ་འགྱུར་མགོ་ཚུགས་སོང་། སྐབས་དེར། ང་རང་སློབ་ཆུང་ནས་མཐར་ཕྱིན་ཏེ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་རྒྱུགས་སྤྲོད་པའི་གྲ་སྒྲིག་བྱེད་བཞིན་ཡོད། ངའི་ཨ་ཕས་ཀྱང་ང་ལ་རྒྱབ་སྐྱོར་ཆེན་པོ་གནང་བ་དང་སློབ་སྦྱོང་ལ་འབད་པ་བྱས་ན་འབྱུང་འགྱུར་ལེགས་ཆ་དང་ཕན་པ་འདི་དང་དེ་ལྟ་བུ་ཡོད་ཟེར་ནས་མཛུབ་མོ་འགུག་ཅི་ཐུབ་ཀྱིས་ང་ལ་སློབ་གསོ་བཏང་། སྐབས་དེ་དུས་ཨ་ཕས་རང་ལ་ཤ་ཚ་བ་དང་སྙིང་ཉེ་བ་རེད་སྙམ་ནས་དགའ་ཚོར་ཆེན་པོ་བྱུང་ཡང་། ཕྱིས་སུ་ངས་ད་གཟོད་ཨ་ཕའི་གཏམ་དེ་དག་ལ་དམིགས་ཡུལ་གཞན་པ་ཞིག་ཡོད་པ་ཤེས་སོང་།
ཡ། ད་ཁྱོད་སྤུན་གཉིས་ཀ་བློ་ཕ་ལ་འདྲི་མི་དགོས་པ་དང་བྲོ་མ་ལ་སློང་མི་དགོས་པའི་དུས་ལ་སླེབས་འདུག ཆུང་མ་ལེན་རན་པས་མི་ཚད་འཕྱིས་དྲགས་འདུག ཉིན་ཞིག་གི་དགོང་ཇ་འཐུངས་རྗེས། ངེད་ཕ་བུ་གསུམ་གྱིས་འོ་ཇ་འཐུང་གིན་སྡོད་དུས་ཨ་ཕས་དེ་ལྟར་བཤད། ཡིན་ན་ཡང་། ཁྱོད་སྤུན་གཉིས་ཀྱི་ཆེ་མགོ་རིག་ཡག་རེད། ཕ་གཞིས་བུ་ཆེ་མགོས་སྐྱོང་བ་ནི་འུ་ཅག་བོད་ཀྱི་དཔེ་རེད། ཚེ་རིང་། ཨ་ཕས་ང་ལ་མིག་མདའ་ཞིག་འཕངས་ཏེ་མུ་མཐུད་ནས་བཤད་རྒྱུར། ཁྱོད་སྤུན་གཉིས་ཀྱི་ནང་ནས་རིག་རྒོད་པོ་ཁྱོད་རེད། སློབ་གྲྭ་ཞིག་ལ་འགྲོ་ཐུབ་ན་རབ་ཡིན། འགྲོ་མ་ཐུབ་ན་མག་པ་ཞིག་བྱེད་དགོས་རྒྱུ་རེད། ཨིན་་་ ཨ་ཕ་འདང་རྒྱག་གི་ནང་དུ་ལྷུང་སོང་། ཕུ་བོའི་གདོང་ལ་རྒྱལ་ཁའི་འཛུམ་མདངས་ཤིག་ཤར་འདུག ང་རང་ནི་ཕོ་ལོ་བཅོ་ལྔ་སོན་མ་ཐག་ཡིན་པས་ཨ་ཕའི་གཏམ་དེ་ཚོ་རྒོད་བྲོ་བ་ཞིག་རེད་སྙམ་ནས་ཁོང་དགོད་ཤོར་སོང་།
ཨ་ཕས་ང་ཁོང་དགོད་བྱེད་པ་མཐོང་ནས་ངའི་གཉའ་ལ་ཐལ་ལྕག་ཡང་མོར་རྡེབ་བཞིན། ད་ཁྱོད་གླག་ཕྲུག་དང་འདྲ་ན་གཤོག་རྩལ་རྒྱས་ཟིན། ཉ་ཕྲུག་དང་འདྲ་ན་རྐྱལ་རྩལ་རྒྱས་འདུག ད་སོང་སོང་སོང་། གླག་ཕུག་ཁྱོད་གནམ་འཕང་བསྟོད་རན་རེད། ཉ་ཕྲུག་ཁྱོད་མཚོ་ལ་རྐྱལ་རན་རེད། ཡོན་ཏན་སྦྱོངས་དང་དེ་ལས་ལྷག་པ་མེད། ཟེར།
ང་རང་སློབ་ཆུང་ན་ཡོད་དུས་སྦྱངས་འབྲས་ཤིན་ཏུ་ལེགས་པས་རྒྱུགས་འཕྲོད་པའི་གདེང་ཚོད་ཧ་ཅང་ཆེ་བའི་ཁར། རྒྱུགས་གཞི་རྣམས་ཀྱང་ཅུང་ཟད་སླ་བས་ངས་བདེ་བླག་གི་ངང་ནས་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་རྒྱུགས་སྤྲད་ནས་འཕྲོད་སོང་། སློབ་གྲྭར་འགྲོ་ཁར། སྡེ་བའི་མི་ཕོ་མོ་རྒན་གཞོན་ཐམས་ཅད་ང་ལ་སྐྱེལ་མ་བྱེད་དུ་འོངས་ཤིང་། མི་ཚོགས་ཀྱི་ཁྲོད་དུ་བུ་མོ་གཞོན་ནུ་མ་ཞིག་གི་མིག་མཐར་མཆི་མ་ཤ་ལེར་ང་ལ་མིག་ཧྲིག་ཧྲིག་ཏུ་ལྟ་བཞིན་འདུག བུ་མོ་དེ་སུ་ཡིན་པ་ནི་ངས་མ་བཤད་ནའང་ཁྱོད་ཚོའི་སེམས་ན་ཁྲིག་ཁྲིག་རེད། ང་རང་ཡང་ཁོ་མོ་དང་འབྲལ་མི་ཐུབ་པ་ལྟ་བུའི་ཞེ་མདངས་ཡོད་མོད། འོན་ཀྱང་། རིག་གནས་སྦྱོང་བའི་འདུན་པ་དེས་ངའི་སེམས་ལ་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པས་བདག་ཀྱང་སེམས་རྨོངས་པས་ཁེངས་ཤིང་སོ་མ་ཁར་བཅངས་ནས་ས་རེབ་ཀོང་གསེར་མོ་ལྗོངས་ལ་འགྲོ་སའི་ལམ་ལ་ཆས་པ་ཡིན།
རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནི་རྨ་ལྷོ་ཀྲིག་ཐོག་ན་ཡོད་པ་དང་། སློབ་གྲྭའི་སྒོ་ནང་དུ་འཛུལ་མ་ཐག་མེ་ཏོག་ཨ་ག་རུའི་དྲི་མ་ཞིམ་པོ་སྣ་ལམ་དུ་མནམས་འོངས་ལ། ལག་པ་གཡས་གཡོན་གྱི་ཕྱོགས་གཉིས་ནི་འབྲས་ལྡན་ལྗོན་ཤིང་གི་ར་བ་ཉམས་དགའ་བ་ཞིག་ཡིན་པ་དང་། ར་བ་གཡས་གཡོན་གཉིས་ཀྱི་མཐའ་བཞི་ལ་གྲལ་འགྲིག་ཅིང་དྲང་པོར་སྐྱེས་པའི་ཡ་གལ་གྱི་ལྗོན་ཤིང་གིས་ཁེངས་ཡོད་ཅིང་། རྒྱང་ཐག་རིང་ས་ནས་བལྟས་ན་གོས་ལྭ་ལྗང་སེར་གྱོན་པའི་རྐང་དམག་གི་གཟེབ་སྦྲེངས་རུ་ཁག་ཅིག་ཀྲོང་ངེར་འགྱིང་པ་དང་མཚུངས། ལྗོན་ཤིང་གི་ར་བའི་ནང་དུ་སེལ་ལི་འབྱམས་དང་། ཆུང་བ་ལི་སོགས་ཀྱི་སྡོང་བོ་མང་པོ་མཆིས་ལ། སྡོང་བོ་དེ་དག་གི་རྩེ་མོར་འབྲས་བུའི་ཁུར་གྱིས་ལྕི་ཞིང་། བསིལ་ཞིང་འཇམ་པའི་སྟོན་ཀའི་རླུང་གིས་དལ་བུར་བསྐྱོད་པ་ན་དེ་དག་གིས་མགོ་བོ་ཡང་ཡང་དུད་དེ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སློབ་མ་གསར་བ་རྣམས་ལ་དགའ་བསུ་བྱེད་པ་དང་འདྲ་ཞིང་། མེ་ཏོག་ཨ་གར་དང་། པད་མ། རྩྭ་པད་མ། གྲེས་མ་ལ་སོགས་པའི་ས་མོས་ཆེ་ཆུང་རྣམས་རང་རང་གི་དཀར་སེར་སྔོ་དམར་གྱི་བཞིན་རས་ངོམ་བཞིན་བུ་མོ་གཞོན་ནུ་མ་རྣམས་ཀྱི་མོ་སྒོའི་མཛེས་ཁྱད་འགྲན་པ་ལྟར་གཅིག་ལ་གཅིག་འཕྱོ་ཞིང་འདི་ལས་དེ་སྒེག་པའི་ཟོལ་གྱིས་བཞད་འདུག དེ་ལྟར་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པའི་སློབ་གྲྭ་དེར་ཞུགས་ཏེ་སྐོམ་པས་ཆུ་དང་ལྟོགས་པས་ཟས་འདོད་པ་ལྟར་སློབ་སྐབས་གཅིག་ལ་འབད་པ་ཆུ་བོའི་རྒྱུན་བཞིན་བྱས་མཐར་སྦྱངས་འབྲས་བཟང་བོ་ཐོབ་པར་གྱུར། ཡིན་ན་ཡང་སྟབས་མི་ལེགས་པ་ཞིག་ལ་ཕྱི་ལོ་དབྱར་གནང་གི་སྐབས་སུ་ང་ལ་ནད་ལྕི་མོ་ཞིག་བྱུང་བ་དང་། ང་རང་གི་ཕ་ཡུལ་ནས་ཟླ་བ་གསུམ་ལྷག་ལ་ཉལ་སར་ལྷུང་སྟབས། ལུས་ཀྱི་སྟོབས་ཉམས་ཏེ་བྱིན་པས་མགོ་བོའང་མི་ཐེག་པའི་ཚད་དུ་གྱུར། ཕ་མ་གཉིས་ཀྱིས་ད་ནི་འཆི་བ་བརྒྱ་ལས་གསོན་རེ་གཅིག་མི་འདུག་སྙམ་ནས་སེམས་སྡུག་ཚད་མེད་བྱས་པ་དང་། ངས་ཀྱང་སེམས་ལ་ཚེ་འདིར་སློབ་གྲྭར་འགྲོ་བའི་བསོད་ནམས་མི་འདུག རང་ཉིད་ནི་མི་ལས་ངན་ཞིག་རེད་བསམས་བྱུང་། སྟབས་ལེགས་ནས་འཚོ་བྱེད་སྨན་བཅུད་ཀྱིས་ངའི་ན་ཚ་སོས་སུ་བཅུག་ན་ཡང་། ལུས་ཁམས་དེ་འདྲ་མི་དྭངས་པ་དང་། གཟུགས་གཞིའང་ད་དུང་ཐང་དྲག་ཆོད་མེད་པས་ངས་ཁྱིམ་ནས་མུ་མཐུད་དུ་ངལ་གསོ་མི་བྱེད་ཀ་མེད་བྱུང་།
དེ་ལྟར་སྔ་གཞུག་ཏུ་ལོ་ཕྱེད་ལྷག་འདས་པས་སློབ་གྲྭའི་མགོ་ཁྲིད་ཀྱིས་ང་རང་འགུལ་གྱིས་སློབ་གྲྭ་ནས་ཕྱིར་བུད་པ་བརྩིས་ཏེ། ངའི་ཐེམ་ཐོ་ལ་སོགས་པའང་ཀུང་ཧྲེའི་ནང་དུ་བསྐུར་ཡོང་། ད་ནི་སླེ་བོ་འཁུར་བའི་ངལ་རྩོལ་པ་ཞིག་བྱེད་རྒྱུ་ལས་སྙུ་གུ་འཛིན་པའི་ཡོན་ཏན་པ་ཞིག་བྱེད་རྒྱུའི་ལས་ཟད་སོང་། དེ་དུས་ངའི་སེམས་ལ་སྡུག་བསྔལ་ཤིན་ཏུ་ཆེ་ན་ཡང་། ཐབས་ཅི་ཞིག་ཡོད། དེ་ནས་ངས་རང་སེམས་རང་གིས་གསོ་བཞིན་སོ་མ་ཁར་བཅངས་ནས་སྡེ་བའི་ངལ་རྩོལ་གྱི་གྲས་སུ་ཞུགས་པ་ཡིན།
ལོ་མང་པོར་ངལ་རྩོལ་དེ་འདྲ་མ་བྱས་སྟབས་དང་ཐོག་གི་ཉིན་ཉི་ཤུ་ལྷག་ལ་ངའི་ལུས་སྟོད་གཟེར་བ་དང་རྐང་ལག་ན་བ་སོགས་སྡུག་མི་ཉུང་བ་ཞིག་མྱངས། ནང་སྒོས་སུ་ང་ཚོའི་སྡེ་བ་འདིར་ཁ་ལ་ཐུར་མང་བས་རི་ཡར་འགོ་མར་འབབ་བྱས་ན་ངོ་མ་དཀའ། སྐབས་དེ་དག་ཏུ་ལྷ་སྐྱིད་ཀྱིས་ང་ལ་སེམས་ཁུར་ཚོད་མེད་བྱས་པ་དང་། ལས་ཀར་ཕར་འགྲོ་དུས་དང་ལས་མཚམས་བཞག་སྟེ་ཕྱིར་ལོག་སྐབས་ངའི་སླེ་བོ་དང་ལྕགས་ཁེམ་སོགས་ཁོ་མོས་ཁུར་ཏེ་ང་ལ་སྟབས་ཅི་བདེ་བྱས། ཡིན་ན་ཡང་། ཁོ་མོ་ནི་ང་ཚོའི་སྡེ་བ་འདིའི་ནང་གི་བུ་མོ་རྣམས་ཀྱི་གཙུག་རྒྱན་ལྟ་བུ་ཡིན་པས། ཕོ་གསར་རྣམས་མེ་ཏོག་གི་སྟེང་ལ་འཁོར་བའི་སྦྲང་མ་བཞིན་ཁོ་མོའི་ཉེ་འཁོར་དུ་འདུས་ཏེ་འདུ་འཛི་ལང་ལོང་བྱེད་པ་དང་། ཁོ་མོ་དང་ལུས་དང་གྲིབ་མ་ཇི་བཞིན་སྐད་ཅིག་ཙམ་ལའང་འབྲལ་བར་མི་ཕོད་པས། ལྷ་སྐྱིད་དང་ངེད་གཉིས་ཀྱི་འབྲེལ་བ་དེ་རིམ་གྱིས་རྒྱང་ཐག་ཇེ་རིང་ཇེ་རིང་དུ་གྱུར་སོང་།
ཉིན་ཞིག་ལ། ལས་མཚམས་གྲོལ་ནས་ཕྱིར་ལོག་དུས། ང་ཐང་ཆད་དེ་ཕ་བོང་ཆུང་ཆུང་ཞིག་གི་སྟེང་དུ་ཙོག་པུར་བསྡད་དེ་ངལ་གསོ་ཞིང་གནས་པ་ལ། ངའི་རྒྱབ་ཕྱོགས་ནས་ལག་པ་རྩུབ་པོ་གཉིས་བརྐྱངས་འོངས་ཏེ་དཔྲལ་བའི་མིག་གཉིས་ཡོངས་སུ་ཟུམ་པར་བྱས། ངའི་སེམས་ཀྱི་ཚོར་བའི་མཐུ་ལས་དེ་ནི་བུ་མོ་གཞོན་ནུ་མ་ཞིག་གི་ལག་པ་ཡིན་པ་ཤེས་པ་དང་། ལས་ལ་བརྩོན་པའི་ལག་པ་གཉིས་ཀར་ལྦ་བ་ཆགས་པ་ལས་ཁོ་མོ་ནི་བུད་མེད་འཇོན་ཐང་ཅན་ཞིག་ཡིན་པའང་ཤེས་སོང་། ཡུད་ཙམ་ནས་ཁོ་མོས་ལག་པ་གཉིས་ཕྱིར་བསྐུམས་པ་དང་། ངའི་མིག་ལམ་དུ་དཀར་གསལ་ལེར་གྱུར་སོང་། དེ་ནི་མུན་ནག་གི་དོང་ལས་དཀར་སར་འོངས་པ་དང་འདྲ། ངས་ཁ་ཕྱིར་འཁོར་ནས་བལྟས་པ་ན་ཁོ་མོ་ནི་ལྷ་སྐྱིད་རེད། དཔྲལ་བའི་དབྱེས་ནི་ཚེས་གསུམ་གྱི་ཟླ་བ་དང་འདྲ་ལ། ཐང་དཀར་རྒོད་ཀྱི་གཤོག་ཟུང་རྣམ་པར་བརྐྱངས་པ་ལྟ་བུའི་སྨིན་མའི་འོག་ཏུ་རྣམ་རིག་གྲུང་ཞིང་ཆུ་ཡི་འོད་གོར་འཁྱིལ་བའི་ཁྲ་ཆུང་རི་དྭགས་ཀྱི་མིག་ལྟ་བུ་གཉིས་ཁྲ་རིལ་བྱེད་པ་དང་། དེས་ནི་ཕ་རོལ་པོའི་ཡིད་ཀྱི་གསང་བ་ཐམས་ཅད་སྐད་ཅིག་ལ་བརྟོལ་བའི་མཐུ་ནུས་དང་ལྡན་པའི་ཡོན་ཏན་ངོམ་པ་དང་། གཞོན་ཤ་ཆགས་ཤིང་དཀར་ལ་དམར་མདངས་བཀྲ་བའི་འགྲམ་པའི་མཁུར་ཚོས་ཟུང་ནི་ཤིན་ཏུ་སྨིན་པའི་སིལ་ཏོག་ཀུ་ཤུ་ལྟར་མཛེས་ཤིང་ཡིད་དུ་འོང་ལ། རས་ལྭ་ཐག་ལ་བབས་པ་ཕྲུག་ཁྲའི་འདབས་ཤམ་ཅན་གྱི་སྣེ་མོ་ཅུང་ཟད་རལ་ཧྲུལ་དུ་གྱུར་པ་དེ་སེར་བརྟོལ་བྱས་པ་ལས་མ་བཅོས་རང་བཞིན་གྱིས་མཛེས་པའི་སྒེག་ཆོས་ཤིག་མངོན་སུམ་དུ་མཐོང་ཐུབ་ཅིང་། དེས་ནི་མི་ཡག་པ་གོས་ཀྱིས་བརྒྱན་ཞེས་པའི་སྲིད་པ་རྒན་པོའི་གཏམ་དཔེ་དེ་ཡང་རྫུན་གྱི་ཟླ་ལ་བསྒྱུར་འདུག
བུ་འདྲ་མེད་ཟེར་བ་ཁྱོད་ལྟ་བུ་རེད། རྗེས་སུ་ཆུང་མ་བླངས་ན་ཆུང་མའི་སྔུན་ནས་ངོ་རེ་ཚ། ཁོ་མོས་ང་ལ་ཀུ་རེའི་ཚུལ་གྱིས་དེ་ལྟར་སྨྲས།
དེ་ཁྱོད་ལ་བབ་མེད། དོན་མེད་ཀྱི་སེམས་ཁྲལ་བྱེད་དོན་མི་འདུག དེ་བས་ཕོ་གསར་ཚོའི་རྗེས་སུ་སོང་དང་། ཁྱོད་ཀྱི་བསམ་བྱ་འགྲུབ་ངེས་རེད། ང་ཅུང་ཟད་མ་རངས་པའི་ཚུལ་གྱིས་དེ་ལྟར་ལབ།
ཕྲག་དོག་གི་རྒྱ་མཚོ་ཁ་ནས་གསེར་ཉ་འཛིན་ག་ལ་ཐུབ། སྡེ་མགོ་སྐྱོང་ན་ཁོག་པ་ཡངས་དགོས། རྒོད་པོ་འཁྲིད་ན་མཐུར་མདའ་རིང་དགོས་ཟེར་བ་མ་ཐོས་སམ།
ང་སྡེ་མགོ་སྐྱོང་བའི་དཔོན་པོ་ནི་མིན། རྒོད་པོ་འཁྲིད་པའི་གཡོག་པོའང་མིན། ཁོག་པ་མ་ཡངས་རུང་། མཐུར་མདའ་མ་རིང་རུང་། ཁྱོད་ལ་འབྲེལ་བ་ཅི་ཞིག་ཡོད།
སྟག་དམར་ཡག་ནགས་ལ་མཆོངས་ཀྱང་ཉལ་ས་ཚང་དང་། བྱ་རྒོད་པོས་གནམ་འཕང་བསྟད་ཀྱང་འབབ་ས་བྲག་རེད། ཁྱོད་ལ་ཉལ་སའི་ཚང་དང་འབབ་སའི་བྲག་ཅིག་མི་དགོས་སམ།
ཨ། ཚིག་གི་ནང་ན་ཚིག་དང་། རུས་པའི་ནང་ན་རྐང་ཟེར་བ་དེ་ཅིས་མ་བདེན། ང་ལའང་ལན་འདེབས་རྒྱུ་མེད་པར་གྱུར་སོང་། སྔོན་ཆད་ཀྱང་ཁོ་མོ་ནི་ཕོ་གསར་མང་པོས་ཕྱི་བསྐོར་ནང་བསྐོར་བྱས་ཡོད་ནའང་། གོ་སྐབས་ཙམ་བྱུང་ན་ལྷ་སྐྱིད་ཀྱིས་ང་ལ་ཡང་ན་ཚིག་གི་ཐབ་རྡོ་སྒྲིལ་བ་དང་། མིན་ན་མུན་ནག་ལྐོག་མདའ་འཕངས་མྱོང་། ཨེ། བུ་མོའི་སེམས་ཀྱི་གསང་བ་ནི་སྙིགས་རོས་སྦགས་པའི་འདམ་གྱི་རྫིང་བུ་དང་ཨ་ན་མ་ན་རེད། གལ་སྲིད་ང་རང་ཆུ་དྭངས་ནོར་བུ་ཞིག་ཡིན་རྒྱུ་ན། ལྗན་ལྗིན་གྱི་དྲི་མ་ཐམས་ཅད་བགྲུང་བར་ནུས་ཀྱང་། ང་རང་ཀེ་ཏ་ཀ་ནི་མིན། གང་ལྟར་ཀྱང་། ངའི་བརྩེ་དུངས་ཀྱི་ལྕགས་ཀྱུའི་རྩེ་ལ་མཛའ་མཐུན་གྱི་ཉ་མོ་ཞིག་འཁོར་གྱིན་འདུག འདི་ནི་བཀྲ་ཤིས་པའི་མཚན་མ་ཞིག་ཡིན་ནམ། ཡང་ན་དོན་མི་འགྲུབ་པའི་སྔ་ལྟས་ཤིག་ཡིན། རྙི་ལ་ཐེབས་པའི་རི་དྭགས་ནི་འཆོར་ས་མེད་ལ། དོལ་ལ་ཟིན་པའི་ཉ་མོའང་འཛུལ་ས་ཡོད་ཀྱི་མ་རེད།
ཡིན་ན་ཡང་། སྡེ་བའི་ཕོ་གསར་རྣམས་ནི་སྔར་བཞིན་རྔོན་པའི་རྗེས་ཀྱི་ཁྭ་སྐྱག་ལྟར་ལྷ་སྐྱིད་ཀྱི་ཉེ་འདབས་སུ་ལང་ལོང་དུ་འཁོར་བ་དང་། ལྷག་པར་དུ་ལྷུན་གྲུབ་ནི་ཡག་ཕོ་སྒོ་འཛོམས་ལ། ཁྱིམ་ཚང་ཡང་རྒྱུ་སྟོབས་ཅན་ཞིག་ཡིན་པས། གོ་སྐབས་ཡོད་ཚད་བཙལ་ནས་ལྷ་སྐྱིད་ལ་ཀུ་རེ་རྩེ་བའམ། ཡང་ན་ཁོ་མོ་ལ་རོགས་རམ་བྱེད་ཅི་ཐུབ་ཀྱིས་བསླུ་བྲིད་གཏོང་བཞིན་མཆིས་པས། གནས་ཚུལ་དེ་དག་ངས་ཁྲ་ཆུང་མིག་གིས་མཐོང་ཐེངས་རེ་དང་དར་ལུང་རྣ་བས་ཐོས་ཐེངས་རེར་ཡིད་མི་བདེ་བའི་སྣང་བ་བཅོས་དུ་སྐྱེས་འོངས། ངོ་མ་བཤད་ན། ལྷུན་གྲུབ་དང་ངེད་གཉིས་ཀྱི་འབྲེལ་ཐག་ཆད་དོན་ཡང་དེ་ལ་ཐུག་པ་ཡིན། སྔོན་ཆད། ལྷུན་གྲུབ་དང་ངེད་གཉིས་ནི་གྲོགས་པོ་བཟང་པོ་ཡིན་མོད། འོན་ཀྱང་། ད་ལྟ་ལམ་ནས་འཕྲད་སྐབས་ཀྱང་ཕན་ཚུན་ངོ་མི་ཤེས་པ་ལྟར་གཡོལ་ནས་འགྲོ་བཞིན་ཡོད། གང་ལྟར་ཡང་། ང་ལ་རྩོད་ཟླ་དེ་ལྟ་བུ་ཞིག་བྱུང་བ་དང་། ཁོའི་ཆ་རྐྱེན་ནི་བདག་ལས་ལྡབ་འགྱུར་གྱིས་བཟང་བས་ལྷ་སྐྱིད་དང་ངེད་གཉིས་ཀྱི་འབྲེལ་བ་དེ་མུ་མཐུད་ནས་གནས་པ་ལ་འཇིགས་སྣང་ཧ་ཅང་ཆེ། སྐབས་སྐབས་སུ་ངའི་སེམས་ལ་སྡེ་བའི་ནང་དུ་བུ་མོ་གཞོན་ནུ་མ་ད་དུང་མང་བས་ལྷ་སྐྱིད་ཁོ་ནར་ཞེན་ཆགས་པས་ཅི་བྱ། ཁོ་མོའི་རྣམ་པ་མཛེས་ནའང་མཆོད་རྗས་སུ་བཤམས་སྤྱད་ནི་མིན། ལོ་ནམ་ཟླས་དེད་ན་མི་སྡུག་གཉེར་མ་གོན་ངེས་ཡིན་ལ། ཕྱི་མོ་སྒོ་ལེགས་ཀྱང་སེམས་བསམ་པ་ཅི་འདྲ་ཡིན་པ་སུས་ཤེས། སྤྱིར་ཡང་སྨན་མཛེས་མའི་སེམས་ཀྱི་འགྱུར་ལྡོག་ནི་དབྱར་གསུམ་གྱི་གནམ་ངོ་དང་འདྲ། ཉི་མ་ཤར་ཤར་ལ་ཆར་བ་འབབ་པ་དང་། ཆར་བ་འབབ་འབབ་ལ་འཇའ་ཤར་ཞིང་། འཇའ་ཚོན་ཤར་ཤར་ལ་ཐོག་ལྡིར་བ། ཐོག་སྒྲ་ཡལ་མ་ཐག་གློག་ཞགས་འཁྱུད་པའང་ཡོད། དེ་བས་རང་ཉིད་དང་བློ་སེམས་མཐུན་པའི་གྲོགས་མོ་ཞིག་བཙལ་པས་དགའ་སྙམ། འོན་ཀྱང་། ངའི་བསམ་པའི་བརྩེ་དུངས་ཀྱི་བུང་བ་ནི་རང་དབང་མེད་པར་ལྷ་སྐྱིད་ཀྱི་མེ་ཏོག་འདབ་མའི་སྟེང་དུ་ཞོགས་སོང་། ད་ནི་རང་སེམས་རང་ལ་མི་དབང་བས་ང་རང་ཅི་བྱ་གཏོལ་མེད་དུ་གྱུར།
  དབྱར་གཞུང་དུ། ཉི་མ་ནུབ་རིའི་ཕག་ཏུ་ཡིབ་ལ་ཉེ་སྐབས། ཕུ་བོས་ང་ལ་དངུལ་གྱི་མཛུབ་དཀྲིས་ཤིག་བསྟན་ཏེ། ཚེ་རིང་། ཁྱོད་སྡོད་དང་། དེ་རིང་ངས་ཁྱོད་ལ་འཚམས་རྟགས་ཤིག་སྟེར། ཟེར་བ་དང་། ཁོས་འཚམས་རྟགས་ཞེས་པའི་ཡིག་འབྲུ་གཉིས་ཀ་ནན་གྱིས་བཤད་ཚུལ་ལ་བལྟས་ན་དོན་དག་གལ་ཆེན་ཞིག་ཡོད་ཚུལ་གསལ་པོར་ཤེས་ཐུབ།
སུའི་མཛུབ་དཀྲིས་རེད།
  ངའི་སེམས་ལ། ཕལ་ཆེར་ལྷ་སྐྱིད་ཀྱིས་བསྐུར་ལས་ཆེ་སྙམ་ན་ཡང་། ཁ་ནས་དེ་ལྟར་དྲིས།
   ཕུ་བོ་ཧེ་ཧེ་ཞེས་གད་མོ་དགོད་བཞིན། སུའི་ཡིན་པ་ཁྱོད་ཀྱི་སེམས་ན་ཁྲིག་ཁྲིག་རེད། འདིར་ཤོག ཅེས་ངའི་སྲིན་མཛུབ་ཕར་འཐེན་ནས་དངུལ་གྱི་མཛུབ་དཀྲིས་དེ་བཙན་ཚུགས་ཀྱིས་བསྐོན་ཏེ། ཚད་དང་རན་པ་ཞིག་རེད། ཟེར།
ཀྱེ། འདི་ནི་དངུལ་གྱི་མཛུབ་དཀྲིས་ཁོ་ན་མ་ཡིན་ཏེ། གཞོན་ནུ་མ་ཞིག་གི་བརྩེ་དུངས་ཀྱི་མདུད་པ་དུས་ནམ་ཡང་མི་བཤིག་པའི་འཚམས་རྟགས་ཤིག་རེད། འཇིག་རྟེན་གྱི་འཚོ་བ། བདེ་སྐྱིད་ཀྱི་སྣང་བ། བརྩེ་དུངས་ཀྱི་འདུན་པ་བཅས་ནི་བྱི་ལ་ཙི་གུར་འཇབ་པ་དང་རྔོན་པས་རི་དྭགས་ལ་སྒུག་པ་ལྟར་རྐང་འཇབ་ལག་འཇབ་ཀྱིས་ངའི་བསམ་པའི་ཁང་བཟང་ནང་དུ་འཛུལ་འོངས་པ་དང་། ཕོ་མོའི་བརྩེ་དུངས་ཀྱི་བསམ་བློའི་མྱུ་གུ་དེ་ཚེ་གང་ལ་སྐྱིད་སྡུག་མཉམ་མྱོང་བྱེད་པའི་རེ་འདུན་གྱི་ལུད་བཅུད་བཟང་པོ་དང་མཛའ་ཞིང་མཐུན་པའི་ཉི་འོད་ཀྱིས་བསྐྱངས་ཏེ། ཐོག་དང་པོར་ངའི་གངས་དཀར་སེམས་ཀྱི་ས་ཞིང་གཤིན་པོའི་ཐོག་ཏུ་འདབ་མ་རྒྱས་པ་དང་མེ་ཏོག་བཞད་མགོ་ཚུགས་སོང་།
ཡིན་ན་ཡང་། ཕུ་བོས་མཛུབ་དཀྲིས་དེ་ནི་ལྷ་མོས་ང་ལ་བསྐུར་བ་རེད་ཟེར་བས། ངའི་སེམས་ནི་གྲང་ཤུར་ཤུར་དུ་གྱུར་པ་དང་། ཉིན་མོའི་ཟས་དང་མཚན་མོའི་གཉིད་ཀྱང་བརྗེད་པ་ལྟ་བུར་གྱུར་སོང་། ལྷ་སྐྱིད་དང་ལྷ་མོ་གཉིས་ནི་མ་སྤུན་གྱི་མཆེད་ཟླ་ཡིན་མོད། འོན་ཀྱང་། ངའི་བློ་ཡི་མོས་ཕྱོགས་དང་སེམས་པ་ཤོར་ཕྱོགས་ནི་ལྷ་སྐྱིད་ཡིན་པ་ལས་ལྷ་མོ་ག་ལ་ཡིན། གང་ལྟར་ཡང་། མཛུབ་དཀྲིས་དེ་ལྷ་མོ་ལ་ཕྱིར་སྤྲོད་ཐབས་ཤིག་བྱ་དགོས་སྙམ་ནའང་། གོ་སྐབས་མ་འགྲིག་པར་ལུས་སོང་།
   ཉིན་ཞིག་གི་དགོང་མོ། ཕུ་བོ་དང་ངེད་གཉིས་ཤིང་ཁང་ཆུང་ཆུང་ཞིག་ཏུ་ཉལ་ཁར། ཕུ་བོས་ང་ལ་གཏམ་གློ་བུར་བ་ཞིག་བཤད་བྱུང་། ཡིན་རྒྱུ་ནི་ཉིན་དེར་ལྷུན་གྲུབ་དང་ལྷ་སྐྱིད་གཉིས་ཀྱི་བར་ལ་ཚིག་རྩོད་དྲག་པོ་ཞིག་བྱུང་བ་དང་། རྩོད་གཞི་ཅི་ཞིག་ཡིན་པ་ཕུ་བོས་ཀྱང་གསལ་པོར་མི་ཤེས་མོད། འོན་ཀྱང་། ལྷ་སྐྱིད་ཀྱིས་ལྷུན་གྲུབ་ལ། ངོ་ཚ་རྒྱུ་མི་འདུག ཅེས་སྡིགས་མོ་བྱས་པ་དང་། ལྷུན་གྲུབ་ཀྱིས་ཁོ་མོ་ལ། ང་ཚེ་གང་བོར་མི་རྐྱང་ལ་འདུག་དགོས་ཀྱང་ཁྱོད་ལྟ་བུ་ཆུང་མར་མི་ལེན། ཟེར་སྲོལ་ལ་བལྟས་ན། ཁོ་གཉིས་ཀྱི་རྩོད་གཞིའང་ཕལ་ཆེར་ཤེས་ཐུབ། དེ་དུས་ང་རང་བློ་ཅུང་ཟད་བདེ་བ་ཞིག་བྱུང་ན་ཡང་། ལྷ་མོའི་མཛུབ་དཀྲིས་དེ་ད་དུང་ངའི་ལག་ཏུ་ཉར་ཡོད་པས་ཞག་གང་བོར་གཉིད་ཀྱང་ཁུག་མ་ཐུབ།
རྗེས་སུ་ངས་ལྷ་མོ་ལ་མཛུབ་དཀྲིས་དེ་ཕྱིར་སྟེར་སྐབས། རྒྱུ་མཚན་མཐའ་དག་གཞི་ནས་ཧ་གོ་སོང་། གང་ལྟར་ཡང་ལྷ་སྐྱིད་དང་ངེད་གཉིས་ཀྱི་བསམ་ཚུལ་ནི་གཅིག་པ་གཅིག་རྐྱང་རེད། ཡིན་ན་ཡང་། ལྷ་སྐྱིད་དང་ངེད་གཉིས་བར་གྱི་འབྲེལ་བ་དེ་ལྷ་མོ་གཅིག་པུ་མ་གཏོགས་སུས་ཀྱང་མི་ཤེས་ལ། ཐ་ན་ངའི་ཕུ་བོ་ལའང་རྒྱུ་མཚན་གཅིག་ཀྱང་བཤད་མ་མྱོང་།
   སྐབས་དེར། ཀུང་ཧྲེའི་ཧྲུའུ་ཅི་བཀྲ་ཤིས་ཡོང་ནས་ང་ལ་བརྡ་སྦྱོར་བྱེད་རྒྱུར། སང་ཉིན་ནས་བཟུང་། ང་རང་ཀུང་ཧྲེའི་ལས་བྱེད་པའི་གྲས་སུ་ཡར་འཐེན་བྱེད་རྒྱུ་ཡིན། ཁོས་ང་རང་ཡིག་རྩ་བཟང་ཞིང་རྒྱ་ཡིག་ཀྱང་ཅུང་ཟད་ཤེས་པས་ཀུང་ཧྲེའི་ཕྱུགས་ནད་སྨན་པ་བྱེད་དགོས་ཟེར། ང་ལ་ཕྱུགས་ནད་སྨན་བཅོས་ཀྱི་ཤེས་བྱ་མེད་ཅེས་བཤད་པ་ལ། ཁོ་ན་རེ། དེ་ལ་སྐྱོན་མི་འདུག ང་ཚོས་ཁྱོད་སྟོང་འཁོར་ཕྱུགས་ལས་སློབ་གྲྭའི་ནང་དུ་ཟབ་སྦྱོང་བྱེད་དུ་མངགས་ཆོག ང་ཚོའི་ཀུང་ཧྲེ་ནི་རོང་མ་འབྲོག་གི་ས་ཆ་ཡིན་པ་དང་། ཧྲེ་ཡོངས་ཀྱི་རུ་ཁག་མང་ཆེ་བ་ནི་ཕྱུགས་ལས་གཙོ་བོ་ཡིན་པས་ལིས་སྨན་པ་གཅིག་པུས་མི་ཆོག རྒྱུ་མཚན་ཞིབ་མོ་སང་ཉིན་ཀུང་ཧྲེའི་ནང་ཤོག་དང་། ལིས་སྨན་པས་ཁྱོད་ལ་ངོ་སྤྲོད་བྱས་ཆོག ཟེར།
གནས་ཚུལ་དེ་བཀྲ་ཤིས་པའི་འཕྲིན་བཟང་ཞིག་དང་འདྲ་བར་སྡེ་བ་ཡོངས་སུ་ཁྱབ་སོང་། ཕྱི་ཉིན། ང་རང་ཀུང་ཧྲེའི་ནང་དུ་འགྲོ་སྐབས། ལྷ་སྐྱིད་ཀྱང་ངའི་རྗེས་དེད་ནས་ལམ་ཐག་རིང་བོར་འོངས། ངས་ཁོ་མོ་ང་ལ་སྐྱེལ་མ་བྱེད་དུ་འོངས་པ་རེད་བསམས་ནས་ཕྱིར་ལོག་པའི་ཁ་ལ་བྱས་པ་ན། ཁོ་མོས་ང་དང་ལྷན་དུ་ཀུང་ཧྲེའི་ནང་ལ་གཉེན་སྒྲིག་ཡི་གེ་ལེན་དུ་འགྲོ་རྒྱུ་ཡིན་ཟེར། ངས་ང་རང་ད་ལྟ་ལས་བྱེད་པ་བྱས་མ་ཐག་ཡིན་པ་དང་། ད་དུང་སྟོང་འཁོར་ལ་སློབ་སྦྱོང་བྱེད་དུ་འགྲོ་དགོས་པས་གཉེན་སྒྲིག་གི་ཡི་གེ་བླངས་ན་མི་ལེགས་ཚུལ་བཤད་པ་ན། ཁོ་མོས་མིག་མཐར་མཆི་མས་ཁེངས་ཏེ། ད་ཁྱོད་རང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཉན་སོང་བས། ང་ལྟ་བུ་མིག་འོག་ལ་ཐོགས་རྒྱུ་མ་རེད། ཟེར་ནས་ངུ་སྔངས་བྱས་བྱུང་། ངས་དེ་ལྟར་མིན་ཚུལ་གྱི་གནས་ལུགས་མང་པོ་བཤད་པ་དང་། གནས་ཚུལ་ཅི་འདྲ་ཞིག་བྱུང་ན་ཡང་བློ་གཏན་ནས་མི་འགྱུར་ཅེས་ཚིག་རྔ་མནའ་ཡིས་བསྒགས་པ་ན། ཁོ་མོ་ད་གཟོད་ཡིད་ཆེས་ལ་མ་ཆེས་པའི་ངང་ནས་ཕྱིར་མིག་ཡང་ཡང་ལྟ་བཞིན་ལོག་སོང་།
   ངས་སྟོང་འཁོར་ཕྱུགས་ལས་སློབ་གྲྭའི་ནང་ལོ་གཉིས་ལ་སློབ་སྦྱོང་བྱས་ནས་ཕྱིར་ལོག་སྐབས། ཡིད་སྐྱོ་བའི་གནས་ཚུལ་དེ་བྱུང་ཚར་འདུག ཨ་ཁ། གནས་ཚུལ་དེ་ཚོ་ངས་ཁྱོད་ཚོར་བཤད་རྒྱུ་ལྟ་ཅི། ངའི་སེམས་ལ་དྲན་པ་ཙམ་གྱིས་ཀྱང་སྡུག་བསྔལ་བཟོད་གླགས་མེད་པས། ཀློག་མཁན་རྣམས་ཀྱིས་བཟོད་སྒོམ་གནང་བར་མཁྱེན།
 


རྩོམ་ཡིག་སྔོན་མ།
༄༅།། ས་བདག་རྒྱལ་པོ།
རྩོམ་ཡིག་རྗེས་མ།
མི་རྟག་དྲན་པའི་གསུང་མགུར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1