༄༅།། འགྱོད་གཏམ།

ལྷ་ལྡོང་བཀྲ་ཤིས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དབང་ཆེན་གྱིས་མཁོ་འདོན་བྱས། སྤེལ་དུས། 11-30


    

ཀ་ནས་དག་པའི་གནས་ལུགས་ཟབ་མོ་ཅི་ཙམ་དཔྱད་ཀྱང་གོ་མ་སོང་། ། 

ཁ་བ་བོད་ཀྱི་རིག་པའི་གཞུང་ལུགས་ཅི་ཙམ་སྦྱངས་ཀྱང་ཤེས་མ་སོང་། །

ག་ས་ག་ནར་འཁྱམ་ཉུལ་བྱས་པས་མི་ཚེའི་དོན་སྙིང་ལོན་མ་སོང་། །

ང་ནི་མི་ཚེའི་ཐོབ་ཤོར་བསམ་ཀྱིན་རང་སེམས་འགྱོད་པས་གཏང་མ་སོང་། །


ཅ་ཅོ་ལོང་གཏམ་རྫུན་གྱི་འཁོར་ལོ་སྨྲ་བྱེད་ཁ་འདི་མི་དགེའི་སྒོ། །

ཆ་ལུགས་སྟོན་པའི་བཅས་པར་མི་མཐུན་སྒྱུ་མའི་ལུས་འདི་སྡིག་པའི་གཏེ།

ཇ་ཆང་ཟས་གོས་སྲེད་པས་མི་ཐོང་གསལ་རིག་སེམས་འདི་ཉེས་པའི་མཛོད །

ཉ་རེ་ཉི་རེའི་བྱ་བའི་ཀློང་ནས་མི་ཚེ་བརླགས་འདིས་སེམས་པ་སྐྱོ། །


ཏཱ་ཐ་ག་ཏའི་བསྟན་པར་ཕྲད་འདི་ཚེ་སྔོན་རབས་སྔོན་མའི་གཟི་བརྗིད་རེད། །

ཐ་ཆད་བྱ་བས་མི་ཚེ་བཟད་འདི་ད་ལྟའི་རང་གི་འཇོན་ཐང་རེད། །

ད་དུང་མི་ཚེའི་ལྷག་མ་ཡོད་ཚད་འདི་ལྟར་དོན་མེད་བྱས་གྱུར་ན།།

 ན་རྒས་འཆི་བ་ཐོད་དུ་ལྷུང་ཚེ་འགྱོད་པར་ངེས་སོ་ལྷ་ལྡོང་བ། 


པ་ར་མི་ཏའི་གཞུང་གིས་མཚོན་པའི་རྒྱུ་ཡི་ཐེག་པའི་སྟོང་ཉིད་དང་། །

ཕ་མའི་རྒྱུད་ཀྱི་བདེ་བ་ཆེ་གཉིས་ཟུང་དུ་འབྲེལ་བའི་ཉེ་ལམ་ནས། །

 བ་ནེ་བུ་ནེའི་མ་དག་སྣང་ཞེན་གདོད་མའི་ཀློང་དུ་དག་བྱས་ཏེ། །

  མ་ཐོག་སྐུ་བཞིའི་རྒྱལ་སར་བཞུད་ཅིག་རྣམ་གཡེང་ཁྲོད་ཀྱི་ལྷ་ལྡོང་བ། །


ཙ་ཏུར་མཆེ་ལྡན་སྲོག་གི་གཤེད་མས་ཞགས་པ་ནམ་འཕེན་མི་ཚོར་ཁི །

ཚ་གྲང་ནད་ཀྱིས་མི་ཚེའི་བདེ་སྐྱིད་ག་དུས་བརླག་འགྲོ་མི་གོ་ཁི། །

ཛ་ལང་སྤྱོད་ལྡན་ལས་མཁན་ཚོ་ཡིས་ནམ་ཞིག་ཁྲིད་འགྲོ་མི་ཤེས་ཁི། །

ཝ་ཡེ་ཕྱི་མའི་འགྲོ་ཆས་སྒྲུབས་ཤིག་ལེ་ལོའི་གྲོགས་པོ་ལྷ་ལྷོང་བ། །


ཞྭ་སེར་བསྟན་པ་བསྟན་པའི་སྙིང་བོ་སྙིང་ནས་ཉམས་སུ་ལེན་ནུས་ན། །

ཟ་མ་ཏོག་གི་མཛེས་སྐུ་གང་ཡང་ཟླ་གསུམ་ལག་པའི་འཐིལ་ན་བདོག །

འ་འུར་བྱ་བར་མི་ཚེ་གཡེང་ནས་དམ་ཆོས་ཉམས་ལེན་མ་ནུས་ན། །

ཡ་མཚན་ལོངས་སྐུའི་ཞིང་དུ་སྐྱེས་ཀྱང་སངས་རྒྱས་ཐོབ་པའི་རེ་བ་མེད། །


ར་ལྟར་གྱོང་བའི་སེམས་ཀྱི་ཞིང་ས་རྣམ་དཀར་ཆོས་ཀྱིས་མ་བརླན་ན། །

ལ་ཆེན་ཡིན་ལུགས་རྩོད་པའི་ལས་འདི་ཕྱི་མའི་དོན་དུ་འགྱུར་རེ་དཀའ། 

ཤ་ས་ན་ཡི་བསྟན་པའི་བཅས་མཚམས་མངོན་ལྐོག་མེད་པར་མ་བསྲུང་ན། །

ས་ལམ་བགྲོད་ཕྱིར་འཆད་རྩོམ་བྱེད་ཀྱང་ཐར་བའི་རྒྱུ་རུ་དོག་པ་ཟ། །


ཧ་ལམ་མི་ཚེ་རྫོགས་ལ་ཉེ་ཡང་ཕྱི་མའི་ལམ་རྒྱགས་མ་འགྲུབ་པའི། །

ཨ་ཏི་ཤ་ཡི་རྗེས་སུ་ཞུགས་པའི་བན་རྒན་ཞིག་གི་འགྱོད་གཏམ་ཡིན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1