སྤྱིར་བོད་མིའི་བཏུང་བྱའི་ཇ་ནི་གཙོ་བོ་ཇ་ནག་དང་ཟུང་ཇ་ཡིན་ལ། བཏུང་བྱ་བཟོ་བའི་ཐབས་ཤིན་ཏུ་མང་སྟེ། ཇ་ནག་དཀྲུག་གམ་ནག་ཁུ་དང་ཇ་དཀར་ཁུའམ་འོ་ཇ། དཀྲུག་ཇ། མངར་ཇ། བསྲུབས་ཇ། ཕབ་ཇ་སོགས་ཡོད་དེ། ཇ་ནག་དཀྲུག་བསྐོལ་ཐབས་ནི་ཇ་ནག་གམ་ཟུང་ཇ་འོས་འཚམ་ཞིག་ཆུ་ནང་དུ་བཏབ་སྟེ། སླ་ང་དང་ཟངས་དེམ། ཁོག་ལྟིར་གང་རུང་གི་ནང་དུ་གདུས་ནས་ཇ་ཁུའི་མདོག་དམར་སྨུག་ཡོད་དུས་འཐུང་ཆོག བཤད་རྒྱུན་དུ་ཇ་ནག་ཁུ་ནི་ངོ་བོ་ཚ་དྲོ་ཡིན་པས་འཐུངས་ན་ཕོ་བར་བདེ་ཞིང་ཟས་འཇུ་བ་ཡིན། ཇ་དཀར་ཁུའམ་འོ་ཇ་བསྐོལ་ཐབས་ནི་ཇ་ནག་དཀྲུག་གི་ནང་ཡུལ་ཁྱིམ་རང་རང་ལ་ཆ་རྐྱེན་གང་འཛོམས་ལྟར་འབྲི་མོའི་འོ་མ་དང་མཛོ་མོའི་འོ་མ། བ་མོའི་འོ་མ།ཐ་ན་ར་མའི་འོ་མ་དང་མིས་བཟོས་འོ་ཕྱེ་ལ་སོགས་འོ་མའི་རིགས་བླུགས་ནས་བཏུང་བ་ཞིག་ཡིན་ལ། སྤྱིར་འོ་ཇ་ཐམས་ཅད་བཅུད་མངར་ཆེ་ཞིང་ལུས་ཀྱི་སྟོབས་གསོ་བའི་བྱེད་ནུས་ལྡན། དཀྲུག་ཇའི་བསྐོལ་ཐབས་ནི་ཁོག་ལྟིར་རམ་མདོང་མོའི་ནང་དུ་ཇ་ཁུ་དང་མར། བཟའ་ཚྭ་གསུམ་བླུགས་ནས་ཡང་ཡང་བསྲུབས་ཏེ་བཏུང་བ་ཞིག་ཡིན་པས་མི་འགའ་རེས་བསྲུབས་ཇ་ཡང་ཟེར་བ་ཡིན། དེ་མིན་ད་དུང་ཇ་དམར་གདུས་པའི་ནང་དུ་ཀ་ར་དང་འོ་ཕྱེ་འདེབས་པའི་ཇ་མངར་མོ་ཞིག་ཀྱང་ཡོད། ཕབ་ཇ་ནི་ཆུ་ཁོལ་དཀར་ཡོལ་ནང་དུ་བླུགས་པའི་ཁར་ཇ་ནག་དང་ཇ་ལྗང་། མི་ཏོག་ཡོངས་འཛིན་གྱི་ཇ་དང་ཕུའུ་ཨེར་ཇ། ཐིའེ་ཀོན་དབྱིན་དང་ལུང་ཇིན་ཇ་སོགས་མི་འདྲ་བ་གང་རུང་བཏབ་ནས་ཡུད་ཙམ་སྦངས་རྗེས་ཇ་ཁུ་བབས་པའི་ཚེ་ཐད་ཀར་བཏུང་རུང་བ་ཞིག་ཡིན། ད་ལྟ་དུས་ཀྱི་འགྱུར་བའི་དབང་གིས་ནང་ལོགས་ས་ཆ་ནས་ཐོན་པའི་ཇ་རིགས་གང་མང་ཚོང་ཁང་སྣ་ཚོགས་ན་བཙོང་རྒྱུ་ཡོད། དེ་དག་འདེམ་ཉོ་བྱེད་ཚུལ་དང་བཀོལ་སྤྱོད་བྱེད་ཚུལ།བཟང་ངན་འབྱེད་ཚུལ་གྱི་ཤེས་བྱ་ཡང་མི་ཉུང་བ་ཞིག་མཆིས། དེ་བས་ཇ་ལོ་ཇི་ལྟར་འདེམ་ཉོ་དང་བཀོལ་སྤྱོད་བྱེད་རྒྱུ་ནི་ཉོ་མཁན་འཛད་སྤྱོད་པ་མང་པོས་རྒྱུན་དུ་མཉམ་འཇོག་དང་དོ་སྣང་བྱེད་དགོས་པའི་གནད་དོན་ཡིན་ཕྱིར། འདི་ནས་ཚང་མར་ཁ་གསལ་གོ་བདེའི་སྒོ་ནས་ངོ་སྤྲོད་ཅིག་བྱའོ།།
ཇ་ལོ་ཇི་ལྟར་འདེམ་ཉོ་དང་བཀོལ་སྤྱོད་བྱེད་ཚུལ།
ཇ་ལོ་ནི་བཏུང་བྱ་བཟང་པོ་ཞིག་ཡིན། རྒྱུན་དུ་འཐུངས་ན་ལུས་ཕུང་བདེ་ཐང་ཡོང་བ་དང་ཚེ་ཐག་རིང་བ། ནད་རིགས་སྔོན་འགོག་བཅས་ཀྱི་ཕན་ནུས་ལྡན། ཚོང་ར་ན་ཇ་ལོ་ཡི་ཁ་དོག་དང་སྣ་ཁ་ཧ་ཅང་མང་པོ་བཙོང་རྒྱུ་ཡོད་པས་བཟང་ངན་སྣ་ཚོགས་གང་མང་མཐོང་རྒྱུ་འདུག དེ་བས་ཇ་ལོ་ཇི་ལྟར་འདེམ་ཉོ་དང་བཀོལ་སྤྱོད་བྱེད་རྒྱུ་ནི་ཉོ་མཁན་མང་པོས་དོ་སྣང་མ་བྱས་ན་ག་ལ་ཆོག
ཇ་ལོའི་སྤུས་ཀ་གསལ་འབྱེད་བྱེད་ཚུལ།
ཇ་ལོའི་སྤུས་ཀ་ལ་མདོག་དང་དྲི་མ། བྲོ་བ། དབྱིབས་བཅས་རྒྱུ་བཞི་ཡིས་གྲུབ་ཡོད། ཇ་ལོ་འདེམ་ཉོ་བྱེད་སྐབས་དེའི་སྤུས་ཀ་བཟང་ངན་ལ་བལྟ་ཚེ། ཐོག་མར་ངེས་པར་འདི་དག་ལ་བསམ་བློ་གཏོང་དགོས། གཤམ་དུ་གསལ་འབྱེད་བྱེད་ཐབས་ངོ་སྤྲོད་པར་བྱ་སྟེ།
ཕྱི་དབྱིབས་ལ་བལྟས་ནས་བརྟག་པ།
ཕྱི་དབྱིབས་ནི་ཇ་ལོའི་སྤུས་ཀ་ལ་བལྟ་བའི་ཕྱོགས་བསྡུས་མངོན་རྟགས་ཡིན། བཟང་ངན་དབྱེ་བ་བགར་དུས་གཤམ་གྱི་གོ་རིམ་གཉིས་སུ་བགོས་ཆོགདེ་ཡང་ཐོག་མར་ལག་པ་གཉིས་ཀྱིས་ཇ་ལོ་ཁྱོར་བ་གང་བླངས་ཏེ་སྣ་མདོར་ཁྱེར་ནས་ཇ་ལོའི་དྲི་མར་སྣོམ་པ་དང་། འདི་ལྟར་བྱེད་པ་ནི་གཅིག་ནས་ཇ་ལོའི་དྲི་མ་ཞིམ་པོ་ཡོད་མེད་ལ་བལྟ་བ་དང་། གཉིས་ནས་དྲི་མ་ཞིམ་པོ་འཐུལ་བའི་ལེགས་ཉེས་བརྟག་པ། གསུམ་ནས་དྲི་ངན་བྲོ་བ་དང་དྲི་ཞིམ་འཐུལ་བའི་དག་གཙང་གི་ཚད་ལ་བལྟ་བའི་ཆེད་ཡིན། སྤྱིར་བཏང་དུ་དྲི་མ་ཞིམ་པོ་འཐུལ་བ་དང་དྲི་ངད་རྒྱུན་ལྡན་ཡིན་པ་ནི་སྤུས་ལེགས་ཇ་ཡིན་པ་སྨོས་མ་དགོས། དེ་བཞིན་དུ་དྲི་མ་ཞིམ་པོ་དེ་འདྲ་མི་འཐུལ་བ་དང་དྲི་ངད་རྒྱུན་སྲོལ་དང་མི་མཐུན་པ་ནི་རགས་རྩིང་ཇའམ། ཡང་ན་སྤུས་ཞན་ཇ་ཡིན་པ་སུས་ཀྱང་ཤེས་ཐུབ། དེ་ནས་ཐབས་གཞན་ཞིག་ནི། ཇ་ལོ་སྤར་བ་གང་བླངས་ནས་ཤོག་དཀར་ཞིག་གི་སྟེང་དུ་སྙོམས་པོར་བདལ་ནས་ཇ་ལོའི་མདངས་དང་མཉེན་ཆ།ཤུར་རིས།སྦོམ་ཕྲ།ཆག་དུམ་སོགས་ལ་བལྟས་པ་ན། སྤྱིར་བཏང་དུ་ཇ་མདངས་ཚང་མ་རྒྱུན་ལྡན་ཡིན་པ་དང་མཉེན་ཆ་བཟང་བ། ཇ་ལོ་ནར་མོའམ་རིལ་བུའི་སྒྲིམ་ཚུལ་དམ་པ། སྦོམ་ཕྲ་མེད་པར་ཚང་མ་གཅིག་མཐུན་ཡིན་པ། ཆག་དུམ་ཉུང་ཞིང་ཇ་རྡུལ་བྲལ་བ་ནི་ཇ་ལོ་བཟང་ཤོས་ཡིན། དེ་ལྟ་མིན་པར་ཇ་ལོ་ནར་མོའི་ཤུར་རིས་ལྷོད་པ་དང་། ལོ་མའི་རྩ་རིས་འབུར་ཞིང་ལོ་ངོས་རགས་རྩིང་ཡིན་པ།མདོག་གཅིག་མཐུན་མིན་པ། ལོ་མ་ཡང་ཞིང་གཡོ་བ།ཆག་ལེབ་མང་བའི་ལོ་མ་རྙིང་བ་ཡིན་ན་ཇ་བཟང་པོར་མི་བརྩི།ཇ་ལོ་རིལ་མོའི་གྲིམ་རིལ་ལྷོད་དེ་དམ་པོ་མིན་པ་དང་། ཆེ་ཆུང་མི་འདྲ་བ་དང་ཇ་མདངས་ཁྲ་བོ་སྔོ་སེར་འདྲེས་ནས་ཡོད་ན་ཡང་ཇ་བཟང་པོ་མིན་པའི་རྟགས་ཡིན། ཇ་ལོ་སྣ་ཚོགས་ལ་དབྱིབས་དང་རྣམ་པ་མི་འདྲ་བ་ཡོད་མོད། འོན་ཀྱང་གཅིག་གྱུར་གྱི་བླང་བྱ་ཞིག་ཡོད་པ་ནི། ཇ་ལོ་མ་སྦངས་པའི་སྔོན་དུ་བལྟས་ཚེ། ཆེ་ཆུང་ཚུགས་ཀ་གཅིག་མཐུན་ཡིན་ཞིང་། ཇ་ལེབ་ཀྱི་ཁྲོད་དུ་ཇ་སྒོར་ཟླུམ་པོ་མེད་པ་དང་། ཇ་སྒོར་ཟླུམ་པོའི་ནང་དུ་ཇ་ལེབ་ཀྱི་རིགས་མེད་པ། ཇ་ལོ་ནར་རིང་གི་ནང་དུ་ཇ་ལོ་ནར་འཁྱོག་བསྲེས་མེད་པ། ཇ་ལོ་ནར་འཁྱོག་གི་ཁྲོད་དུ་ཇ་ལོ་ནར་རིང་དྲང་མོའི་རིགས་བསྲེས་མེད་པ། ད་དུང་ཇ་ལོ་ནར་རིང་གི་ནང་དུ་ཇ་ལོ་ནར་ཐུང་གི་རིགས་དང་། ཇ་ལོ་ནར་ཐུང་གི་ནང་དུ་ཇ་ལོ་ནར་རིང་གི་རིགས་བསྲེས་མེད་པར་མ་ཟད། ཇ་ལོ་ཧྲིལ་བོའི་ནང་དུ་ཇ་ལོ་ཆག་དུམ་མེད་པ་དང་། ཇ་ལོ་ཆག་དུམ་ཁྲོད་དུ་ཇ་ལོ་ཧྲིལ་བོའི་རིགས་བསྲེས་མེད་པར་ཆ་མཉམ་དག་གཙང་ཅན་ཞིག་ཡིན་པ་དེ་རེད།
སྦངས་ནས་སྤུས་ཀ་བཟང་ངན་བལྟ་བ།
སྦངས་ནས་བལྟ་བ་ནི་ཆུ་ཁོལ་གྱིས་ཇ་ལོ་སྦངས་ནས་བཟང་ངན་དབྱེ་འབྱེད་བྱེད་པ་ཞིག་ཡིན།དེ་ལ་ཇ་ལོ་སྦངས་པའམ་ཇ་ལོ་བསྒྲུང་ཡང་ཟེར།སྤྱིར་བཏང་དུ་སྔོན་ལ་དབྱེ་འབྱེད་བྱེད་འདོད་པའི་ཇ་ལོ་ཁེ3ནས5ཙམ་བླངས་ནས་དཀར་ཡོལ་ནང་དུ་བཞག་ཅིང་།དེ་ནས་གདུ་བཞིན་པའི་ཆུ་ཁོལ་ཧོ་ཧྲིན་ཉིས་བརྒྱ་ཡས་མས་ཇ་ལོ་སྟེང་ལ་བླུགས་ནས་སྦངས་པའི་རྗེས་སུ།ཐོག་མར་དྲི་མ་ཞིམ་མིན་ལ་སྣོམ་པ་དང་། དེ་ནས་ཇ་ཁུ་བབས་པའི་མདོག་ལ་བལྟ་བ།དེའི་རྗེས་སུ་ཇ་ཁུ་འཐུངས་ནས་བྲོ་བ་མྱོང་བ་དང་། དབྱེ་འབྱེད་དང་གདེང་འཇོག་བྱས་ནས་དྲི་ཞིམ་ལ་སྣོམ་པ་ཡིན། དེ་ལ་ཇ་ལོ་སྦངས་པའི་རྗེས་སུ་མྱུར་བར་ཇ་ཁུ་འཕོ་ཡག་བྱས་ནས།ཇ་ཕོར་དང་མཉམ་དུ་ཇ་ལོ་སྦངས་མ་དེར་སྣོམ་པ་ཡིན་ལ།ལ་ལ་ཞིག་གིས་ཕོར་བའི་ནང་གི་ཇ་ལོ་སྦངས་མ་དེར་སྣོམ་པ་ཡང་ཡོད། ཡིན་ན་ཡང་སྣོམ་ཚེ་དྲི་མ་དྭངས་ཤིང་ལྷད་མེད་སྤུས་དག་ཡིན་ན། དེས་འཐུང་མཁན་ལ་སེམས་བག་ཕབ་ཅིང་སྣང་བ་སྐྱིད་པའི་ཚོར་བ་སྟེར་བས།དེ་འདྲ་ཡིན་ན་ཇ་བཟང་པོར་བརྩིས་ཆོགསྤྱིར་བཏང་དུ་བཤད་ན། ཇ་ལྗང་ནི་དྲི་ངད་ཞིམ་ཞིང་སྐྱིད་པའི་སྣང་བ་སྟེར་བ་ཞིག་ཡིན།ལྷག་པར་འབྲས་བུའི་དྲི་མ་དང་མི་ཏོག་གི་དྲི་མ་ཞིམ་པོ་ཡིན་ན་ཇ་ལོ་བཟང་པོའི་གྲས་སུ་གཏོགས།དྲི་ངད་དེ་འདྲ་མི་ལྡང་བ་དང་རགས་རྩིང་ཐ་མལ་ཡིན་ན་རིམ་པ་དམའ་བའི་ཇ་ལྗང་ཡིན་པར་བཤད་ཆོགགལ་ཏེ་རྙིང་དྲི་བྲོ་བ་ཡིན་ན་ཅུང་ཟད་འགོར་སོང་བའི་ཇ་རྙིང་དུ་བགྲང་ཞིང་། དྲི་མ་མི་འདྲ་བ་དང་རླམ་དྲི་བྲོ་བ་ནི་ངོ་བོ་འགྱུར་བའི་ཇ་རུལ་ཡིན་པའི་རྟགས་རེད།།