མཚོ་སྔོན་དུ་ཆེས་ཆེ་བའི་བོད་ལུགས་གསོ་རིག་དང་བོད་སྨན་དཔེ་རྙིང་གི་གཞི་འཛིན་གྲངས་མཛོད་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-09


     གསར་འགོད་པས་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་གསལ་ལྟར་ན། མིག་སྔར་རྒྱལ་ནང་གི་གཞི་ཁྱོན་ཆེ་ཤོས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་དཔེ་རྙིང་གི་གཞི་འཛིན་གྲངས་མཛོད་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་གི་གནའ་གཞུང་དང་ཚད་ལྡན་ཡིག་ཆའི་གཞི་གྲངས་མཛོད་དུ་མིག་སྔར་སྤྱི་ལོ་དུས་རབས་7པ་ནས་དུས་རབས་20བའི་ཚད་ལྡན་ཡིག་ཆ་638བསྡུས་ཡོད་ལ། ཁྱོན་བསྡོམས་ཡིག་འབྲུ་ཁྲི་6000ལྷག་ཡོད།
     མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་གི་གྲངས་གཞིར་བཟོ་བའི་རྣམ་གྲངས་ཀྱི་འགན་འཁུར་བ་གྲགས་པས་ངོ་སྤྲོད་བྱས་པར་གཞིགས་ན། གྲངས་མཛོད་འདིའི་རྩོམ་སྒྲིག་དང་ཕབ་འཇུག་ལས་ཀ་2003ལོ་ནས་འགོ་བརྩམས་པ་དང་། དེའི་ནང་དུ་གསོ་རིག་ལོ་རྒྱུས་དང་། གནའ་རབས་གསོ་རིག རྒྱུད་བཞི། ནད་ཐོག་ལག་ལེན། སྨན་རྫས་ངོས་འཛིན། སྨན་རྫས་ཀྱི་སྦྱོར་བ། སྨན་རྫས་སྦྱོར་སྡེ། ཆོ་ག་བསྔགས་ཚིག་བཅས་ཡན་ལག་གྲངས་མཛོད་8ཡོད། མིག་སྔར་གྲངས་མཛོད་འདི་རྒྱ་ཆེའི་བོད་ལུགས་གསོ་རིག་དང་སྨན་རྫས་ཞིབ་འཇུག་མི་སྣ་དང་། སྨན་པ། དེའི་ཐོན་ལས་ཁྲོད་ཞུགས་མཁན་སོགས་ལ་ཁ་ཕྱོགས་ནས་སྒོ་འབྱེད་ཡོད་ལ། བེད་སྤྱོད་བྱེད་མཁན་གྱིས་གནད་ཚིག་ནང་དུ་འཇུག་པ་ཙམ་གྱིས་འབྲེལ་ཡོད་ཡིག་ཆར་ལྟ་ཀློག་བྱ་ཐུབ།
     གྲགས་པས་བོད་ལུགས་གསོ་རིག་དང་བོད་སྨན་གནའ་གཞུང་དང་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་ལ་འགྱུར་བ་དེས། སྔར་ལས་ལྷག་པའི་སྒོ་ནས་གདོད་མའི་རྩ་ཆེའི་ཚད་ལྡན་ཡིག་ཆ་ཉར་ཚགས་བྱེད་ཐུབ་པ་མ་ཟད། བོད་ལུགས་གསོ་རིག་དང་བོད་སྨན་སྐོར་གྱི་ལས་གཉེར་མི་སྣར་སྔར་བས་སྟབས་བདེ་དང་། མགྱོགས་མྱུར་གྱི་སློབ་སྦྱོང་དང་སྤེལ་རེས་ཀྱི་རིག་གནས་སྟེགས་བུ་ཞིག་འདོན་སྤྲོད་བྱས་པས། བོད་ལུགས་གསོ་རིག་ཤེས་བྱ་ཁྱབ་གདལ་དང་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད་པ་རེད་ཅེས་བསྟན།
     གྲགས་པས་གསར་འགོད་པར་བཤད་རྒྱུར། འབྱུང་འགྱུར་གཞི་གྲངས་ཀྱི་མཛོད་དེའི་ནང་དོན་རིགས་ཁ་སྣོན་བྱེད་པ་ལས། ད་དུང་གནའ་དཔེའི་ནང་དོན་སྔར་ལས་ཞིབ་ཚགས་སུ་རིགས་དབྱེ་བྱས་ཏེ།  སྤྱོད་མཁན་གྱིས་གནད་ལ་འཁེལ་བའི་ངང་འཚོལ་ཀློག་བྱེད་པར་སྔར་ལས་སྟབས་བདེ་བཟོས་པ་རེད།

     ཀྲུང་གོའི་སྲོལ་རྒྱུན་གསོ་རིག་གི་གལ་ཆེའི་ཡན་ལག་ཅིག་ཡིན་པའི་ཆ་ནས། མཚོ་བོད་ས་མཐོ་ནས་བྱུང་བའི་བོད་ཀྱི་གསོ་རིག་ལ་རང་གི་ལུགས་ཤིག་གྲུབ་ཡོད་པ་དང་། མཁྱེན་དཔྱོད་ཟབ་ཅིང་ཡངས་པ་མ་ཟད་ཀྲུང་ཡོན་ས་ཁུལ་དང་རྒྱ་གར། བལ་བོ་སོགས་ཀྱི་གསོ་རིག་དང་སྤེལ་རེས་བྱེད་པའི་ཁྲོད་དུ་རྒྱུན་ཆད་མེད་པར་གོང་འཕེལ་བྱུང་བ་རེད། 

   2006ལོར། བོད་ལུགས་གསོ་རིག་ནི་ཀྲུང་གོ་སྲིད་གཞུང་གིས་ཁག་དང་པོའི་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ནང་ཚུད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1