གུ་གེའི་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་ལས་མངོན་པའི་ནང་མའི་ཞབས་བྲོ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22
གུ་གེའི་རྒྱལ་རབས་སྐབས་ཀྱི་ནང་མའི་ཞབས་བྲོ་ནི།གཙོ་བོ་སྤྱི་ལོ་དུས་རབས་དགུ་བར་བོད་སིལ་བུར་ཐོར་རྗེས།དར་མ་འུ་དུམ་བཙན་གྱི་གདུང་རབས་ཕྱི་མ་དག་ལྷ་ས་དང་ཁ་གྱེས་ཏེ་མངའ་རིས་ས་ཁུལ་དུ་གུ་གེ་རྒྱལ་རབས་བཙུགས་རྗེས་ཀྱི་ནང་མའི་ཞབས་བྲོ་ལ་ཟེར།
གུ་གེའི་ལྡེབས་རིས་སུ་འཐུས་ཚབ་རང་བཞིན་གྱི་ཞབས་བྲོ་རིགས་གཉིས་ཏེ།གཅིག་ནི་སྲོག་ཆགས་ལ་ལད་ཟློས་གར་བྱེད་པའི་སེངྒེ་དང་རྟ་སོགས་འཁྲབ་པ་དང་།གཞན་ཞིག་ནི་ད་ལྟའི་བར་རྒྱུད་འཛིན་བྱས་པའི་ཤོན་ཞེས་པའི་ཞབས་བྲོ་དེའོ།།དེང་སྐབས་བལྟས་ནས་དེ་ཚང་མ་དམངས་ཁྲོད་ཀྱི་ཞབས་བྲོ་ལས་མ་འདས་མོད།འོན་ཀྱང་སྔོན་ཆད་དེ་དག་ཚང་མ་ཕོ་བྲང་ནང་ཁུལ་དུ་འཁྲབ་པའི་ཞབས་བྲོའི་སྒྱུ་རྩལ་ཞིག་ཡིན་པས།ང་ཚོས་དེ་དག་ནང་མའི་ཞབས་བྲོའི་ཡ་གྱལ་ཞིག་ཏུ་ངོས་འཛིན་བཞིན་ཡོད།
སེང་འཆམ།དེ་ནི་སྤྱི་ལོ་དུས་རབས་དང་པོའི་སྔ་རྗེས་སུ་ཨེ་ཤ་ཡ་དཀྱིལ་མའི་རྒྱལ་ཁབ་སོ་སོ་དང་།ལྷག་པར་དུ་ནུབ་ལྗོངས་ཀྱི་མི་རིགས་མང་པོའི་ཁྲོད་རྒྱུགས་ཆེ་ལ།ཕལ་ཆེར་སྤྱི་ལོ་དུས་རབས་གཉིས་པའི་སྔ་རྗེས་སུ་ནུབ་ལྗོངས་སུ་དར་ཞིང་།རྨ་ནུབ་ལམ་དོག་བརྒྱུད་ནས་རིམ་གྱིས་ནང་ལོགས་སུ་དར་བར་མངོན།ལོ་ངོ་སྟོང་གཉིས་ལྷག་གི་འགྱུར་ལྡོག་དང་འཕེལ་རྒྱས་བརྒྱུད་ད་ལྟ་རང་རྒྱལ་གྱི་རྒྱ་རིགས་འདུས་སྡོད་ས་ཁུལ་དུ་ཁྱབ་རྒྱ་ཆེ་བ་མ་ཟད།ཤུགས་རྐྱེན་ཆེས་ཆེ་བའི་དམངས་ཁྲོད་ཀྱི་ཞབས་བྲོ་ཉག་གཅིག་རེད།གུ་གེ་རྒྱལ་རབས་སྐབས་ཀྱི་སེང་འཆམ་ནི་ནང་ལོགས་ནས་བོད་ལ་དར་བའམ་ཡང་ན་ཐད་ཀར་ནུབ་ལྗོངས་དང་ཨེ་ཤ་ཡ་དཀྱིལ་མ་ནས་དར་བ་གང་ཡིན་ཐད་ད་སྔ་གཅིག་གྱུར་གྱི་སྡོམ་ཚིག་ཅིག་འཇོག་ཐུབ་མེད།འོན་ཀྱང་ང་ཚོས་ཞབས་བྲོའི་རིགས་འདི་ཐད་ཀར་རྒྱ་གར་རམ་ཡང་ན་ཨེ་ཤ་ཡ་དཀྱིལ་མ་ནས་མངའ་རིས་སུ་དར་བར་འདོད་ཀྱིན་ཡོད།སེང་འཆམ་གྱི་སྣེ་འཁྲིད་མཁན་ནི་ལག་ན་སྤོས་ཕོར་ཞིག་ཐོགས་ཡོད་པའི་གྲྭ་བཙུན་ཞིག་དང་།དེའི་འཕྲར་མིང་དུ་གྲགས་པིའ་རྒྱ་གར་གྱི་སྤྲེལ་རྫུ་འཕྲུལ་ཅན་ཧ་ནི་མན་ཐ་འཁྲབ་མཁན་ཡོད།སེང་གེར་དར་གོས་མདོག་ལྗང་ཁུ་དང་།དམར་པོ།དཀར་པོ་གསུམ་གྱིས་མཛེས་རྒྱན་སྤྲས་ཡོད།འཁྲབ་སྟངས་འདིའི་རྒྱུན་ནི་དེང་དུས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་ཁྲོད་དུ་མ་ཉམས་པར་ཡོད།སེང་གེ་དང་ནང་བསྟན་བར་མཚོན་དོན་གྱི་འབྲེལ་བ་གཏིང་ཟབ་པོ་ཞིག་ཡོད་ལ།སྔོན་ནས་བཟུང་ཐུབ་པའི་རྗེས་འཇུག་པ་ཚོས་དེར་དད་མོས་དང་དགའ་ཞེན་བྱེད་བཞིན་བདོགསེང་གེའི་རྗེས་སུ་གུ་གེའི་ལྡེབས་རིས་ནང་མིང་དུ་གྲགས་པའི་རྟའི་ཞབས་བྲོ་ཡོད་ལ།འཁྲབ་མཁན་མི་གཉིས་ཡོད།གཅིག་གིས་ལྭ་རིང་དཀར་པོ་ཞིག་གྱོན་ཡོད་པ་དང་།ལྕིབས་ཞྭ་ཆེན་པོ་ཞིག་གྱོན་ཡོད།རྟའི་ལུས་དམར་པོ་བྱས་ཡོད།རྟ་འཁྲབ་མཁན་གཞན་ཞིག་གིས་ལུས་ལ་ལྭ་རིང་དམར་པོ་ཞིག་གྱོན་ཡོད་པ་དང་།མགོ་ལ་སྒོར་ཞྭ་དཀར་པོ་ཞིག་གྱོན་ཡོད།རྟའི་ལུས་དམར་པོ་བྱས་ཡོད།འཁྲབ་རྩལ་གྱི་རྣམ་པ་འདི་ནི་རྒྱ་རིགས་ས་ཁུལ་གྱི་སྐམ་སའི་གྲུ་རྩེད་འགྲན་པ་དང་འདྲ་བོ་ཡོད།དེ་ནི་འཁྲབ་རྩལ་གྱི་རྣམ་པར་འཁྲུག་ཆ་དོད་ལ།མི་མང་གིས་དགའ་བསུ་ཐོབ་ཅིང་རྩེད་རྒྱུར་དགའ་བའི་ཞབས་བྲོ་ཞིག་ཡིན།བློ་ཕམ་པ་ཞིག་ལ།སེང་འཆམ་ནི་བོད་རིགས་འདུས་སྡོད་ས་ཁུལ་སོ་སོར་དར་ཁྱབ་གཏོང་ཐུབ་ཡོད་པ་ལས།འཁྲབ་སྲོལ་ཁྱད་པར་བ་རྟ་འཆམ་ནི་དེང་དུས་ཀྱི་མངའ་རིས་དང་བོད་ཀྱི་ས་ཆ་གཞན་པ་བཅས་སུ་སྤེལ་མ་ཐུབ་པར་རྒྱུན་ཆད་པ་རེད།
གུ་གེའི་རྒྱལ་རབས་སྐབས་སུ་ཆེས་འཐུས་ཚབ་རང་བཞིན་ལྡན་པའི་ཞབས་བྲོ་ནི་ལོ་ངོ་སྟོང་ཕྲག་རིང་ལ་མ་ཉམས་པའི་ཤོན་ཞེས་པའི་ཞབས་བྲོ་དེ་ཡིན་པར་འདོད།ལྡེབས་རིས་ཀྱི་ནང་དུ་འཁྲབ་མཁན་མི10ཡོད་ལ།ཚང་མ་བུད་མེད་ཡིན།རི་མོར་བལྟས་ན་ཞབས་བྲོའི་རྣམ་པར་གསོན་ཉམས་ལྡན་ལ།གྲལ་གྱི་ཕྲེང་བསྟར་ཚར་དུ་དངར་བ།རྣམ་འགྱུར་ལ་འཛུམ་གྱིས་སྒེག་པ།གར་གྱི་སྟབས་སྟབས་བརྗིད་ཉམས་ཀྱིས་ཕྱུག་ཅིང་།ཆས་འཇུག་སོགས་ལའང་གོ་རིམ་ཡོད་པ་ཞིག་འདུགཤོན་ཞེས་པའི་ཞབས་བྲོ་ནི་ལོ་ཚོད་མི་འདྲ་བའི་བུད་མེད་དག་གིས་འཁྲབ་སྟོན་བྱ་ཆོག་པའི་དུང་བརྗོད་ཞབས་བྲོ་ཞིག་ཡིན་ལ།ཟིན་ཐོར་བཀོད་པ་ལྟར་ན།ཕལ་ཆེ་བ་མགྲོན་པོར་སྐྱེལ་བསུ་བྱ་སྐབས་དང་།ཡང་ན་དགོན་པའི་འཆམ་སོགས་ཀྱི་བྱ་འགུལ་སྤེལ་བའི་སྐབས་སུ་བར་བཅུག་གི་ཚུལ་གྱིས་འཁྲབ་པའི་ཞབས་བྲོ་ཞིག་ཡིན།བརྟག་དཔྱད་བྱས་པ་ལྟར་ན་ད་སྐབས་མངའ་རིས་ས་ཆ་ན་འཁྲབ་བཞིན་པའི་ཤོན་ཞེས་པའི་ཞབས་བྲོར་རིགས་མི་འདྲ་བ་13ཡོད།རིགས་མི་འདྲ་བ་རེ་རེར་ཐུན་མོང་མ་ཡིན་པའི་རོལ་དབྱངས་དང་གླུ་ཚིག་ཡོད་མོད།འོན་ཀྱང་ཞབས་བྲོའི་འཁྲབ་སྟོན་ནུས་རྩལ་ཧ་ལམ་གཅིག་འདྲ་ཡིན།ཤོན་ཞེས་པའི་ཞབས་བྲོ་འཁྲབ་སྐབས་རྣམ་པའི་སྟེང་ནས་སྒོར་མོ་དང་།འཁྱོག་གཟུགས།ཡང་ན་འབྲུག་གི་མཇུག་མ་ལྟར་གཡོ་བ་སོགས་ཡོད།རམ་དཀྲོལ་གྱི་རོལ་ཆའང་དེ་འདྲའི་རྙོག་འཛིང་ཆེ་བ་ཞིག་མ་ཡིན་པར།ཕལ་མོ་ཆེར་སྒྲ་དམའ་མོ་ཅན་གྱི་རྔ་གཉིས་མ་གཏོགས་མེད།འཁྲབ་སྟོན་བྱ་སྐབས་སྔོན་ལ་རྔ་བརྡུང་དགོས།ཞབས་བྲོ་མགོ་བརྩམས་མ་ཐག་གཞས་མི་གཏོང་ལ།རྔ་ལ་བསྟུན་ནས་སྟངས་སྟབས་འགའ་བསྒྱུར་རྗེས།ཞབས་བྲོའི་སྣ་འདྲེན་པས་གཞས་བཏང་བ་དང་།རྔ་རྡུང་མཚམས་བཞག་པ་ན།བྲོ་བ་བྱིངས་ཀྱིས་ཀྱང་ཕྱོགས་གཅིག་ནས་གཞས་གཏོང་བ་དང་ཕྱོགས་གཅིག་ནས་ཞབས་བྲོ་འཁྲབ།བྲོ་བ་ཚོའི་ལག་ཏུ་དར་ཚོན་འཛིན་པ་དང་དར་ཚོན་སྐེར་འཕངས་ཏེ་ཕན་ཚུན་རྡང་སྦྲེལ་ནས་བྲོ་འཁྲབ།ཞབས་བྲོ་འདིའི་རྣམ་པ་དང་རྒྱ་རིགས་ས་ཁུལ་གྱི་དར་གོས་དམར་པོའི་ཞབས་བྲོ་གཉིས་ཀྱི་ལག་རྡང་འབྲེལ་སྟངས་ཧ་ཅང་འདྲ།ཞབས་བྲོའི་རྩ་བའི་གོམ་སྟབས་དང་ཕྱག་རྒྱ་ལ་སྔོན་ལ་གོམ་པ་གཉིས་དང་།ཕྱིར་གོམ་པ་གཅིག་བཅས་སོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1