ཞི་ཅིན་ཕིང་དང་ལི་ཁེ་ཆང་གིས་ཧྲིན་ཀྲེན་གྲོང་ཁྱེར་ཀོང་མེན་ས་ཁུལ་གསར་པའི་ཧྥུན་ཧོང་གཞིས་ཁུལ་ཧི་ཐེ་ཡེས་བཟོ་ལས་ཁུལ་དུ་རི་ཉིལ་གནོད་འཚེ་བྱུང་བའི་ཉེན་སེལ་རྒུད་སྐྱོབ་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-22


སྤྱི་ཟླ་12པའི་ཚེས་20ཉིན་གྱིས་དགོང་མོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུའི་སྟེང་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲེན་གྲོང་ཁྱེར་ཀོང་མེན་ས་ཁུལ་གསར་པའི་ཧྥུན་ཧོང་གཞིས་ཁུལ་ཧི་ཐེ་ཡེས་བཟོ་ལས་ཁུལ་དུ་རི་ཉིལ་བ་དང་ཉེ་འགྲམ་གྱི་ནུབ་རླུང་ཤར་འདྲེན་སྦུག་ལམ་གས་གཏོར་བྱུང་བ་དང་ཆུ་ཚོད་བཅུ་དགུ་བའི་བར་མི་གསུམ་ལ་རྨས་ཕོག་པ་དང་མི་ཉེར་བདུན་ལ་འབྲེལ་ལམ་ཆད།

གནོད་འཚེ་བྱུང་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོན་པའི་གདེང་འཇོག་བྱེད་བཞིན་འདུག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མགྱོགས་མྱུར་ངང་མཛུབ་སྟོན་གལ་ཆེན་གནང་སྟེ་ཀོང་ཏུང་ཞིང་ཆེན་དང་ཧྲིན་ཀྲེན་གྲོང་ཁྱེར་གྱིས་མྱུར་དུ་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་ཉེན་སེལ་རྒུད་སྐྱོབ་ལས་ཀ་ལེགས་སྒྲུབ་དང་དུས་ཐོག་ཏུ་ས་འོག་ཏུ་མནན་པའི་མི་སྣ་མྱུར་སྐྱོབ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་མི་སྣར་ཤི་རྨས་ཐེབས་པའི་ཚད་ཇེ་ཉུང་དུ་གཏང་དགོས་པར་མ་ཟད། རྨས་མ་མྱུར་སྐྱོབ་དང་འདས་པོའི་ཁྱིམ་མི་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། དེ་མིན་ཚན་རིག་དང་མཐུན་པའི་སྒོ་ནས་མི་སྣ་མྱུར་སྐྱོབ་བྱེད་པ་དང་གནོད་འཚེ་ཡང་བསྐྱར་འབྱུང་བ་སྔོན་འགོག་བྱེད་པར་དོ་སྣང་བྱ་དགོས། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གིས་ས་གནས་ཀྱིས་གནོད་འཚེ་སྣ་ཚོགས་དང་བདེ་འཇགས་ཐོན་སྐྱེད་ཉེན་ཁར་ཞིབ་བཤེར་བྱེད་པར་མཛུབ་སྟོན་བྱེད་པ་དང་། ཇུས་གཞི་གཏན་འཁེལ་བྱས་ཏེ་འཕྲལ་སྒྲུབ་ཐག་གཅོད་ལས་ཀ་སོགས་བཟང་པོར་བསྒྲུབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་དགོས་པའི་རེ་བ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དངོས་ཡུལ་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་ལས་ཀ་དམ་འཛིན་བྱེད་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྨས་མ་འཚོལ་ཞིབ་དང་མྱུར་སྐྱོབ་བྱས་ཏེ་འབད་པ་ཆེན་པོའི་མི་སྣར་ཤི་རྨས་ཐེངས་ཚད་ཇེ་ཉུང་དུ་གཏང་དགོས། དེ་མིན་ཕྱོགས་ཡོངས་ནས་ཉེ་འགྲམ་གྱི་བདེ་འཇགས་ལ་ཞིབ་བཤེར་བྱས་ཏེ་གནོད་འཚེ་ཡང་བསྐྱར་འབྱུང་བ་སྔོན་འགོག་བྱེད་པའི་དུས་མཚུངས་སུ་གནོད་འཚེ་བྱུང་བའི་རྒྱུ་རྐྱེན་འཚོལ་ཞིབ་དང་འདས་པོའི་བཀོད་སྒྲིག་ལས་ཀ་བཟང་པོ་བསྒྲུབ་དགོས། རྒྱལ་ཁོངས་ཐོན་ཁུངས་པུའུ་དང་སྡོད་ཁང་གྲོང་གསེབ་འཛུགས་སྐྲུན་པུའུ་སོགས་ལས་ཁུངས་ཀྱིས་མི་སྣ་མངག་སྟེ་ཉེན་སེལ་རྒུད་སྐྱོབ་བྱ་བ་བཟང་པོ་བསྒྲུབ་དགོས་ཞེས་མཛུབ་སྟོན་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1