སྤྱི་ཟླ་12པའི་ཚེས་18ནས་ཚེས་21བར། ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་སྟེང་གཏམ་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་གྲོས་ཚོགས་སྟེང་2015ལོའི་དཔལ་འབྱོར་ལས་ཀར་སྤྱི་བསྡོམས་དང་དེང་སྐབས་ཀྱི་རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པར་མ་ཟད། 2016ལོའི་དཔལ་འབྱོར་ལས་ཀ་བཀོད་སྒྲིག་བྱས། གཙོ་གནད་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་གྲོས་གཞིའི་རེ་བ་ལག་བསྟར་བྱས་ཏེ་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་དང་དཔལ་འབྱོར་རྒྱུན་མཐུན་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏང་དགོས་ཞེས་བསྟན་པ་དང་ལི་ཁེ་ཆང་གིས་གཏམ་བཤད་གནང་སྐབས་སང་ལོའི་སྤྱི་སྣང་དཔལ་འབྱོར་ཐབས་ཇུས་ཀྱི་ཁ་ཕྱོགས་རྒྱས་བཤད་གནང་ཞིང་བྱེ་བྲག་ཏུ་སང་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ཀ་གཙོ་གནད་དག་བཀོད་སྒྲིག་བྱས་པར་མ་ཟད་སྤྱི་བསྡོམས་གནང་།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཅས་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་སྟེང་ད་ལོར་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་འོས་འགན་ལ་དམིགས་ཏེ་ང་ཚོས་སྙོམས་སྒྲིག་སྒོས་ཕྱོགས་ཡོངས་བཞིའི་ཇུས་འགོད་ཀྱི་རེ་བ་ལྟར་ན་ནིང་གི་ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་ཇུས་གཞི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཏང་གི་དཔལ་འབྱོར་ལས་ཀའི་སྣེ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས། བརྟན་བརླིང་ཁྲོད་གོང་འཕེལ་ལ་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་རྨང་གཞི་རྒྱུན་འཁྱོངས་བྱེད་པ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་རང་འགུལ་དབང་ཆ་དམ་འཛིན་བྱ་དགོས། རང་འགུལ་སྒོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འོས་བསྟུན་དང་འོས་འཚམས་སྒོས་ཉེན་ཁ་དང་འགྲན་རྩོད་ལ་གདོང་གཏད་དེ་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྲུན་བཅས་ཀྱི་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ལེན་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་གནས་བབ་གསར་པ་ངོས་འཛིན་དང་འོས་བསྟུན། སྣ་ཁྲིད་བཅས་བྱེད་པ་ནི་དེང་སྐབས་དང་མ་འོངས་པའི་དུས་སྐབས་རིང་བའི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་འཕེལ་ཕྱོགས་གལ་ཆེན་ཞིག་ཡིན། འདི་ནི་ང་ཚོས་འཛམ་གླིང་དཔལ་འབྱོར་གྱི་འཁོར་ཡུན་རིང་བོའི་དང་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས། དེ་མིན་ཕན་ཚུན་བར་ལ་ཐོན་པའི་ནུས་ཤུགས་ལ་དབྱེ་ཞིབ་བྱས་པའི་བརྡར་གཅོད་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་བསམ་བློ་གཅིག་གྱུར་དང་ངོས་འཛིན་ཟབ་སྤེལ་སྒོས་བསམ་བློ་དང་སྤྱོད་པ་གཉིས་ཏང་ཀྲུང་དབྱང་གི་གལ་ཆེ་བའི་ཐག་གཅོད་དང་ཇུས་གཞིའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱ་དགོས། ངེས་པར་དུ་དཀའ་ངལ་ཁྱད་སེལ་དང་འགག་སྒོ་ཐོལ་བརྒལ་གྱི་རྩོད་སྒྲུབ་ཐབས་ཤེས་རྒྱུན་འཁྱོངས་བྱ་དགོས། ཕྱོགས་གཅིག་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་གནས་ཚུལ་བཟང་བ་དང་མདུན་ལྗོངས་ལེགས། ཕྱོགས་གཞན་ཞིག་ནས་དཀའ་ངལ་དང་འགྲན་རྩོད་མང་པོ་ལྡན་པ་དང་། ལྷག་པར་དུ་སྒྲིག་གཞི་་རང་བཞིན་གྱི་ཐོན་ནུས་ལྷག་ཚད་ཅུང་ཚབས་ཆེ་པ་ནི་གཡོལ་ཐབས་མེད་པའི་ལོ་རྒྱུས་ཀྱི་འགག་སྒོ་ཞིག་ཡིན་པས། མགྱོགས་མྱུར་སྒོས་བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ་དང་བྱ་བ་བཟང་བོར་བསྒྲུབ་ཚེ་འགག་སྒོ་འདི་ལས་བདེ་བླག་ངང་བརྒལ་ཐུབ་ངེས། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་དང་སྤོབས་པ་ཆེན་པོས་གསར་གཏོད་བྱ་དགོས་པ་དང་། ངེས་པར་དུ་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། བབ་བསྟུན་མདུན་སྐྱོད་ཀྱིས་གསར་གཏོད་དང་མཐུན་སྦྱོར། ལྗང་བསྒྱུར། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལྟར། གཞུང་ལུགས་ཀྱི་ཐད་ནས་གསར་གཏོད་རང་བཞིན་གྱི་ཕྱོགས་སྡོམ་བྱེད་པ་དང་། སྲིད་ཇུས་ཀྱི་ཐད་ནས་སྔོག་དཔག་རང་བཞིན་གྱི་བཀོད་སྒྲིག་བྱས་ཏེ། སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྤེལ་ཤུགས་ཇེ་ཆེར་གཏང་བ་དང་། རྒྱུ་རྐྱེན་གྱི་སྒྲིག་སྦྱོར་ལུགས་མཐུན་མིན་པ་དེ་ཡོ་བསྲིང་བྱེད་པ། ནུས་ལྡན་གྱི་མཁོ་འདོན་རྒྱ་བསྐྱེད་པ་བཅས་བྱས་ཏེ། མཁོ་འདོན་སྒྲིག་གཞིའི་སྐབས་བསྟུན་རང་བཞིན་དང་སྐྱེན་ཚོར་རང་བཞིན། དེ་མིན་ཕྱོགས་ཡོངས་རྒྱུ་རྐྱེན་གྱི་ཐོན་སྐྱེད་ཚད་གཞི་མཐོར་འདེགས་སུ་གཏང་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་སང་ལོ་དང་རྗེས་ཕྱོགས་ཀྱི་དུས་ཡུན་རིང་བའི་ནང་སྤྱིའི་དགོས་མཁོ་འོས་འཚམས་སྒོས་རྒྱ་སྐྱེད་པའི་དུས་མཚུངས་སུ་མཁོ་འདོན་ལ་ཞོར་ངོས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་བྱེད་པར་ཤུགས་སྣོན་བྱས་ཏེ་ཕན་ཚུན་མཐོར་འདེགས་ཀྱི་ཇུས་གཞི་གཙོ་བོ་ལྔ་བསྟན་ཏེ། དང་པོ། སྤྱིའི་སྲིད་ཇུས་གཏན་འཇགས་ངང་ལག་བསྟར་བྱེད་པ། གཉིས་པ། ཁེ་ལས་ཀྱི་མ་དངུལ་ཇེ་དམའ་རུ་གཏང་བར་རོགས་རམ་བྱེད་པ། གསུམ་པ། ཁང་གཞིས་ཉར་མཛོད་ཐག་གཅོད་བྱེད་པ། བཞི་བ། ཕན་ཕྱོད་ལྡན་པའི་མཁོ་འདོན་རྒྱ་སྐྱེད་པ། ལྔ་བ། དངུལ་རྩའི་ཉེན་ཁར་སྔོན་འགོག་བྱ་དགོས་བཅས་སོ།
གྲོས་ཚོགས་སྟེང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་རྩ་དོན་རྒྱུན་འཁྱོངས་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏང་བ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་བཅོས་སྒྱུར་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ། ཚོང་རའི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱ་དགོས། དེ་ནི་དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལམ་ཕྱོགས་གཙོ་བོ་ཡིན། ཕྱོགས་སོ་སོའི་བརྩོན་སེམས་སྐུལ་སློང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་མིའི་བརྩོན་སེམས་གང་ལེགས་སྒོས་སྐུལ་སློང་བྱེད་པ་དང་། ཀྲུང་དབྱང་དང་ས་གནས་ཀྱི་བརྩོན་སེམས་གང་ལེགས་སྒོས་སྐུལ་སློང་བྱེད་དགོས་ལ། ཁེ་ལས་པ་དང་གསར་གཏོད་ཤེས་ལྡན་མི་སྣ། རིམ་པ་སོ་སོའི་ལས་བྱེད་པ་བཅས་ཀྱི་བརྩོན་སེམས་དང་རང་རྟོགས་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་བྱེད་པར་མཐོང་ཆེན་བྱ་དགོས། གླེང་ཕྱོགས་སྣེ་ཁྲིད་ཀྱི་ནུས་པ་ཇེ་ཆེར་བཏང་སྟེ་ངོ་བོ་དང་འཕེལ་ཕྱོགས་གཙོ་བོ་ཁོང་དུ་ཆུད་པ་དང་། སྤྱི་ཚོགས་ཀྱི་གནས་སྟངས་ཁོང་དུ་ཆུད་པ། དུས་ཚོད་དང་ཚད་གཞི། ཕན་ནུས་བཅས་ཁོང་དུ་ཆུད་པར་བྱས་ནས་དབྱེ་ཞིབ་ཟབ་མོ་དང་བདེན་རྫུན་གསལ་འབྱེད་བྱས་ཏེ། དམིགས་ཡུལ་ཡོད་པའི་སྒོ་ནས་གླེང་ཕྱོགས་ཀྱི་སྣེ་ཁྲིད་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་ཐེངས་འདིའི་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་སྟེང་སང་ལོའི་དཔལ་འབྱོར་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་གཙོ་བོར་བཟུང་སྟེ་བཀོད་སྒྲིག་བྱས་པའང་ཡིན་པས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་བསམ་བློ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་དོན་དངོས་དང་འབྲེལ་བའི་ལས་ཀ་ལེགས་པོ་བསྒྲུབ་དགོས། བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་ཐད་ཀྱི་ལས་ཀ་སྣ་ཚོགས་ལ་གྲུབ་འབྲས་བཟང་པོ་ལེན་པར་སྐུལ་འདེད་གཏང་བ་དང་སྤུས་ཚད་དང་ཕན་ནུས་སྔར་ལས་མཐོ་བ། དྲང་བདེན་དང་རྒྱུན་མཐུན་ལྡན་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏང་དགོས་ཞེས་འབོད་སྐུལ་བཏང་།།