རྒྱལ་ཡོངས་གངས་ཅན་རྟགས་མའི་རྩོམ་རིག་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་ནས་བསྡུས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-29


བྱ་དགའ་ཐོབ་པའི་བོད་ལྗོངས་ཀྱི་རྩོམ་པ་པོ་བུ་རྒན་པ་ཚེ་རིང་དང་། བསྟན་པ་ཡར་རྒྱས། ཨེ་ཉི་མ་ཚེ་རིང་།

ནག་པོ་སྐལ་བཟང་། སྒོ་མེ་བཀྲ་ཤིས་ཚེ་རིང་། འཇིགས་མེད་རྡོ་རྗེ།

 

སི་ཁྲོན་གྱི་རྩོམ་པ་པོ་ཅོ་ནེ་ཡུམ་ཚེ་རིང་དང་ཧུ་ར་འཇའ་པེ། མཚོ་སྔོན་གྱི་རམས་ཚེ་བྷོ།

ཀན་སུའུ་ཡི་རྩོམ་པ་པོ། དཔལ་མོ། རྩིང་བ་དཀོན་བྷེ། ཁ་གྱའི་སངས་བཀྲ།

  སྤྱི་ཟླ12པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་གངས་ཅན་རྟགས་མའི་བོད་ཀྱི་རྩོམ་རིག་བྱ་དགའ་སྐབས་གསུམ་པའི་གཟེངས་བསྟོད་ཚོགས་ཆེན་གནའ་མཁར་ཟི་ལིང་ནས་གཟབ་རྒྱས་ངང་ཚོགས་ཤིང་། ཐེངས་འདིའི་རྩོམ་རིག་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་ནི་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་དང་། རྔ་བ་ཚོང་ཚོགས་ཀྱིས་མཐུན་རྐྱེན་བསྐྲུན།

  ཐེངས་འདིའི་གཟེངས་བསྟོད་ཚོགས་ཆེན་དུ་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཕེབས་ཡོད་པ་མ་ཟད་བོད་ཡུལ་སྟོད་སྨད་བར་གསུམ་གྱི་རྩོམ་པ་པོ་དང་སྐུ་མགྲོན་ཡང་གང་མང་ཕེབས་ཡོད། གངས་ཅན་རྟགས་མའི་བྱ་དགའ་ནི་བོད་ཁམས་ཡོངས་ལ་ཁ་ཕྱོགས་པའི་རྩོམ་རིག་གི་བྱ་དགའ་ཞིག་ཡིན་ལ། བོད་ཁམས་ཀྱི་ཆེས་མཐོ་བའི་རྩོམ་རིག་གི་བྱ་དགའ་ཞིག་ཀྱང་ཡིན། འདིའི་དམིགས་ཡུལ་གཙོ་བོ་ནི་རང་རེའི་བོད་ཀྱི་རྩོམ་རིག་གསར་རྩོམ་ལ་སྐུལ་འདེད་བགྱིས་ཏེ། དུས་རབས་གསར་བའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལས་དོན་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་གཏོང་བ་དང་། རྩོམ་རིག་གསར་རྩོམ་ལ་མོས་པའི་དཔུང་ཁག་ཇེ་མཐུག་དང་ཇེ་རྒྱས་ལ་འགྲོ་བའི་ཆེད་སྤེལ་བ་ཞིག་ཡིན། 

  གངས་ཅན་རྟགས་མའི་རྩོམ་རིག་བྱ་དགའ་ནི་ལོ་བཅུ་རེའི་ནང་ཐེངས་གཅིག་སྤེལ་བ་ཡིན། སྔ་གཞུག་ཏུ་རྩོམ་རིག་བྱ་དགའ་ཐེངས་གཉིས་བསྒྲུབས་ཟིན། ད་རེབ་ནི་རྒྱལ་ཡོངས་གངས་ཅན་རྟགས་མའི་བོད་ཀྱི་རྩོམ་རིག་བྱ་དགའ་སྐབས་གསུམ་པ་ཡིན། 

  ཐེངས་འདིའི་བརྩམས་ཆོས་དཔྱད་འདེམ་གྱི་བྱ་བར་འབྲེལ་ཡོད་ཐག་བཅད་ལྟར། མདོ་དབུས་ཁམས་གསུམ་གྱི་དུས་དེབ་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་དང་རྩོམ་རིག་དཔྱད་བརྗོད་པ། སློབ་ཆེན་ཁག་གི་དགེ་རྒན་ཆེན་མོ་རྣམས་ཀྱིས་འདྲ་མཉམ་དང་དྲང་བཞག་གི་རྩ་དོན་གཙིགས་སུ་བཟུང་ནས་བོད་ལྗོངས། ཀན་སུའུ། སི་ཁྲོན། མཚོ་སྔོན་སོགས་ནས་བརྩམས་ཆོས་དྲུག་ཅུ་ལྷག་ལས་རྩོམ་པ་པོ་བཅུ་གཉིས་ཀྱི་བརྩམས་ཆོས་བདམས་ཏེ་བྱ་དགའ་སྟེར་རྒྱུ་ཐག་བཅད་པ་ཡིན།

  ཐེངས་འདིའི་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོ་ནི། བོད་ལྗོངས་ཀྱི་རྩོམ་པ་པོ་བུ་རྒན་པ་ཚེ་རིང་དང་། བསྟན་པ་ཡར་རྒྱས། ཨེ་ཉི་མ་ཚེ་རིང་། མཚོ་སྔོན་གྱི་རྩོམ་པ་པོ། ནག་པོ་སྐལ་བཟང་། སྒོ་མེ་བཀྲ་ཤིས་ཚེ་རིང་། འཇིགས་མེད་རྡོ་རྗེ། རམས་ཚེ་བྷོ། སི་ཁྲོན་གྱི་རྩོམ་པ་པོ། ཅོ་ནེ་ཡུམ་ཚེ་རིང་། ཧུ་ར་འཇའ་པེ། ཀན་སུའུ་ཡི་རྩོམ་པ་པོ། དཔལ་མོ། རྩིང་བ་དཀོན་བྷེ། ཁ་གྱའི་སངས་བཀྲ་བཅས་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1