༄༅།། གླིང་རྗེ་གེ་སར་རྒྱལ་པོའི་སྐོར་གྱི་དཔྱད་གཏམ།

བསྟན་འཛིན་ལྷག་པ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-17


      དེའང་གླིང་གེ་སར་རྒྱལ་པོ་མཆོག་ནི་རབ་བྱུང་དང་ཚུགས་ཁ་མའི་དྲུག་ཅུའི་སྐོར་གྱི་ནང་སྤྱི་ལོ༡༠༠༠ལོ་སྟེ་བོད་ལྕགས་བྱི་ལོར་སྐུ་འཁྲུངས། འཁྲུངས་ལོའི་ཐད་ལ་འདོད་ཚུལ་མི་མཐུན་པ་མང་དུ་མཆིས་མོད་འདི་ནི་སྔོན་གྱི་སྒྲུང་དཔེ་རྙིང་བ་ཁུངས་བཙུན་གྱི་དབང་དུ་བྱས་ཏེ་བྲིས་པ་ཡིན།
      འཁྲུངས་ཡུལ་གྱི་ཕྱོགས་ལའང་མི་མཐུན་པ་མང་དུ་མཆིས་མོད་དོན་དུ་ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་གི་ཁོངས་གཏོགས་ཨ་ཕྱུག་ཡུལ་ཚོའི་ས་ཆ་ས་སྐྱིད་སོས་ཡག་གི་ཁ་མདོ་རུ་ངོས་འཛིན། འཁྲུངས་ཡུལ་ལྕི་སུག་ལ་ངོས་འཛིན་མཁན་ནི་སི་ཏུ་པཎ་ཆེན། སུམ་པ་ཡེ་ཤེས་དཔལ་འབྱོར། གཏེར་ཆེན་མཆོག་གྱུར་གླིང་པ། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ། རིག་འཛིན་འགྲོ་འདུལ་དཔའ་བོ། གཏེར་ཆེན་ལས་རབ་གླིང་པ། གཞན་ཡང་ལྷ་གླིང་གབ་ཙེ་རྩོམ་པ་པོ་དང་། འབྲི་འཇམ་དབྱངས་གྲགས་པ། རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་སོགས་སྔོན་དང་ཕྱིས་ཀྱི་མཁས་གྲུབ་གཉིས་ལྡན་སྐྱེས་བུ་དམ་པ་གང་མང་ཞིག་གི་དགོངས་པ་གཅིག་མཐུན་ལགས་ཤིང་། དེར་མ་ཟད་རྒྱ་བཟའི་སྦྲ་མལ་དང་། ཇོ་རུའི་སྐུ་རྗེས། བླ་མཚོ་ཆུ་མིག   བྲག་ནག་ལུང་མདོར་ཨ་མྱེ་སྒོམ་པའི་སྒྲུབ་ཕུག  སྐྱི་རྒྱལ་སྟག་རི། ལྕི་ཡི་ལུང་པ་བཅུ་གསུམ་གྱི་ཆུ་རྒྱུན་དང་ལུང་མདོང་ཁ་གྱུ་ཕྱོགས་སོགས་མངོན་སུམ་མིག་གི་ཡུལ་དུ་སྔར་གྱི་བཤད་སྲོལ་མ་ཉམས་པར་ད་ལྟའང་བདེན་པ་ར་འཕྲོད་པ་ཡོད། དགུང་ལོ་ལྔ་པའི་དུས་སུ་བླ་མ་ཨོ་རྒྱན་པདྨས་རྨ་ཁོག་ཏུ་ས་བཟུང་དགོས་པའི་ལུང་བསྟན་བྱུང་བ་ལྟར་ལམ་ནས་སྦྲུལ་མགོ་མདའ་རུ་ལོ་གཅིག་ལྷག་ཙམ་ལ་ཞུགས། དགུང་གྲངས་བདུན་ལ་སོན་པ་ན་རྨ་ཡུལ་དུ་འགོག་མོ་མ་བུས་ས་བཟུང་པ་ནས་ས་བཟུང་དང་པོ་ཞེས་བྱ། དེ་ནས་རྨ་སྨད་དུ་བསེ་རག་ཨ་བྲས་གང་ཡོད་པ་ན་ཇོ་རུས་ཨ་བདུད་བསྒྲལ་བ་སོགས་ལ་ས་བཟུང་གཉིས་པ་དང་། ཇོ་རུ་དགུང་ལོ་བརྒྱད་ཀྱི་དུས་ཡན་ལ་གླིང་པ་སྤྱི་ཁྱབ་རྫ་གཉིས་སུ་གཞིས་ཆགས་ཡོད་པས་ད་ལྟ་འང་ཁམས་སྡེ་དགེའི་ས་ཆ་སོགས་སུ་གླིང་གི་མཁར་ཤུལ་མང་པོ་ཡོད། དེ་དུས་གླིང་ཡུལ་ཁ་བས་མནན་ཏེ་གླིང་ལ་ས་བགོས་བྱས་ནས་རྨ་ཡུལ་དུ་ཆགས་པ་ལ་ས་བཟུང་གསུམ་པ་ཞེས་བྱ། དེ་ལྟར་ན་གླིང་གེ་སར་རྒྱལ་པོ་ནི་ཁམས་ཀྱི་སྡེ་དགེ་རུ་འཁྲུངས་ཤིང་ཁོང་དགུང་ལོ་བརྒྱད་ཀྱི་དུས་གླིང་པ་སྤྱི་ཁྱབ་ཨ་མདོའི་རྨ་ཡུལ་དུ་གཞིས་ཆགས། དགུང་གྲངས་བཅུ་གཉིས་ཀྱི་དུས་སུ་མ་ནེ་ནེ་གནམ་སྨན་དཀར་མོས་ལུང་བསྟན་ལ་ལྷ་རྟ་རྐྱང་བུ་བཟུང་ནས་རྟ་རྒྱུགས་ཀྱི་རྒྱལ་འཇོག་བྱས་ཏེ་སྐྱ་ལོའི་རྒྱུ་བདག   འབྲུག་མོའི་སྐྲ་བདག   གླིང་དཀར་གྱི་རྒྱལ་པོ་རྣམས་བྱེད་དགོས་པར་སྐུལ་མ་གནང་མཐར་ཁྲོ་ཐུང་ལ་ལུང་རྫུན་ཕབ་རྗེས་གླིང་དཀར་པོའི་དཔའ་བརྟུལ་ཐམས་ཅད་ཀྱིས་གསེར་ཁྲི་ཁམས་གསུམ་ཟིལ་གནོན། སྐྱ་ལོའི་སེང་ལྕམ་འབྲུག་མོ། ཕ་ཟོག་ནོར་བུ་ཆ་བདུན།  ཀླུ་འབུམ་པོ་ཏི་བཅུ་གཉིས། ཀླུ་སྦྲ་མཐིང་ཤོག་གུང་དགུ   སྐུ་མཁར་སེང་འབྲུག་སྟག་རྩེ། གླིང་སྡེ་ཁྲི་སྐོར་བཅུ་གཉིས་བཅས་རྟ་རྒྱུག་གི་རྒྱན་ལ་འཇོག་རྒྱུའི་གྲོས་ཐག་བཅད།  གླིང་གེ་སར་རྒྱལ་པོ་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་པས་རྒྱལ་སྲིད་སྣ་བདུན་དབང་དུ་བྱས་ཏེ། དེའང་སྒྲོལ་མ་དཀར་མོའི་རྣམ་འཕྲུལ། སྐྱ་ལོའི་སེང་ལྕམ་འབྲུག་མོའི་སྒོ་གསུམ་དབང་དུ་བསྡུས་པ་ནི་བཙུན་མོ་རིན་པོ་ཆེ་དང་། མ་འགོག་མོ་དང་སྲུ་འབྲུག་མོ་གཉིས་ཀྱིས་བོད་ཀྱི་སྤེན་ནེ་རི་བཀྲ་ནས་གླང་ཆེན་གྱི་སྟོབས་དང་རྟ་མཆོག་གི་འགྲོས་དང་ལྡན་པའི་རྟ་རྐྱང་རྒོད་འཕེལ་བོ་འཕྲུལ་གྱི་ཞགས་པས་དབང་དུ་བསྡུས་པ་ནི་གླང་པ་རིན་པོ་ཆེ་དང་རྟ་མཆོག་རིན་པ་ཆེ་དབང་དུ་བྱས་པ་དང་། མི་མགོན་དཀར་པོའི་ཕུག་ནོར་ལྕག་ཚན་བསམ་པའི་དོན་གྲུབ་སེང་ལྕམ་འབྲུག་མོས་ཕུལ་བ་ནོར་བུ་རིན་པོ་ཆེ་དང་། པཎ་ཆེན་བི་མའི་རྣམ་འཕྲུལ་འདན་མ་རིན་ཆེན་བསམ་གྲུབ་ལ་དབང་དང་གདམས་པ་གནང་ནས་དམག་དཔོན་དུ་མངའ་གསོལ་བ་དམག་དཔོན་རིན་པོ་ཆེ་དང་། མ་འདྲེས་བཅོ་བརྒྱད་ཀྱི་མུ་ཁྱུད། མི་འཇིགས་པ་རྣམ་བཞིའི་ལྟེ་བ། སྟོབས་བཅུའི་རྩིབས་དང་ལྡན་པའི་སྐུ་དངོས་ཀྱི་འཁོར་ལོ་གདུལ་བྱ་རྣམས་ལ་ངོམ་ནས་གསེར་གྱི་ཁྲི་ལ་དབང་བསྒྱུར་བ་ནི་འཁོར་ལོ་རིན་པོ་ཆེ་དང་། རྨ་ཆེན་སྤོམ་རས་རང་སྲོག་སྙིང་ཕུལ་ནས་བྲན་དུ་ཁས་བླངས་པ་ཁྱིམ་བདག་རིན་པོ་ཆེ་སྟེ་རྒྱལ་སྲིད་སྣ་བདུན་ལ་དབང་བསྒྱུར་བའོ། །
         རྒྱལ་སྲིད་སྣ་བདུན་ལ་དབང་བསྒྱུར་ཚུལ་འདི་ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་གི་ཞལ་གསུང་ལྟར་བྲིས་པ་ཡིན། དེའང་དགུང་གྲངས་བཅུ་གཉིས་ཡན་ཆད་དུ་ཆས་ངན་པའི་ཚུལ་བཟུང་ནས་སྐུ་དངོས་དེ་འཁོར་རྣམས་ཀྱི་མིག་གི་དགའ་སྟོན་དུ་སྣང་བར་བྱས་ཏེ་ད་ལྟ་དར་ལག་རྫོང་ཁོངས་ཁྲ་གླིང་དགོན་པའི་ཉེ་འདབས་ཀྱི་ཕོ་བྲང་སེང་ཕྲུག་སྟག་རྩེ་གི་རྒྱལ་ས་བྱས། ཕོ་བྲང་སེང་ཕྲུག་སྟག་རྩེའི་ཤུལ་དེ་ནི་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུས་ངོས་འཛིན་བྱས་ཏེ། དེའང་སྤྱི་ལོ༡༩༩༠ལོ་སྟེ་བོད་ལྕགས་རྟ་ལོར་མགོ་ལོག་དར་ལག་ས་ཆའི་ཁྲ་གླིང་དགོན་དུ་ཕེབས། དགེ་འདུན་པ་སྟོང་ཕྲག་ལྷག་ལ་དམ་ཆོས་བདུད་རྩིས་མངོན་པར་བསྐྱངས་ཏེ་རྗེ་ཉིད་ཀྱི་དག་སྣང་ཆོས་སྐོར་ལས་འཛམ་གླིང་གེ་སར་གྱི་ཆོས་སྐོར་གྱི་དབང་བསྐུར་ཅིང་གླིང་རྗེ་གེ་སར་རྒྱལ་པོ་དགྲ་བླ་ཝེར་མའི་ཚོགས་ལ་ཕྲིན་ལས་བཅོལ་ཏེ། ཁོང་གི་ཞལ་ནས། ས་འདི་གླིང་ས་མཐོང་བ་ཀུན་སྨོན་རེད། རྨ་སྨད་གཡུ་ལུང་སུམ་མདོར་སྟོད་ན་སེར་ཕྲུག་སྟག་རྩེ་ཡོད། བར་ན་རྒོད་ཚང་ཁ་གཡེལ་ཡོད། སྨད་ན་ཇ་མཁར་རིང་མོ་ཡོད། ཁྱད་པར་སེང་ཕྲུག་སྟག་རྩེའི་མཁར་ཤུལ་རྙེད་ན་དགོས་པ་ཆེན་པོ་ཡོད། ཁྱེད་ཅག་མཁྱེན་ལྡན་ཁ་ཤས་གཟིགས་ཞིབ་བྱེད་དུ་སོང་དང་། ནམ་རྒྱུན་མི་མངོན་པའི་གནས་སུ་གྱུར་ཡོད་ཀྱང་དེ་རིང་གེ་སར་དགྲ་བླ་ཝེར་མའི་ཚོགས་ལ་འཕྲིན་བཅོལ་བྱས་པའི་མཐུས་ངེས་པར་རྙེད་འོང་གསུངས། །ལྕགས་རྟ་ལོའི་ཟླ་པ་གསུམ་པའི་ཚེས་ཉེར་བཞི་གཟའ་སྤེན་པ་རྒྱུ་སྐར་མོན་གྲུའི་ཉིན་མཁན་སྤྲུལ་བཞི་རླངས་འཁོར་ལ་བསྡད་ནས་སོང་ཚེ་ལམ་ནས་རྟགས་དང་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱུང་སྟེ་ཁྲ་གླིང་དགོན་ནས་ལེ་བར་ལྔ་ལྷག་ཙམ་ལ་སླེབས་པ་ན་གནས་ཡིད་དུ་འོང་བ་ཐང་ཆེན་པོ་པདྨ་འདབ་མ་སྟོང་དང་འདྲ་བའི་དཀྱིལ་ན་ཡོད་ཁུངས་འཚོལ་ནའང་མི་རྙེད་པའི་བོ་ཐོའི་ཐོ་སར་བའི་རྟགས་ཤིག་བསླངས་འདུག་པ་མཐོང་།དེའི་ཚེ་ནམ་མཁའ་ནས་འབྲུག་སྒྲ་སྙན་པ་ར་བསྒྲགས་ཤིང་སྦྲང་ཆར་ཡང་བབ་པ་དང་། ས་དེར་ངོ་མཚར་བའི་མེ་ཏོག་གསར་དུ་བཞད་འདུག་པ་སོགས་སྔོན་ཆད་མཐོང་མ་མྱོང་བའི་ངོ་མཚར་བའི་རྟགས་མཚན་དུ་མ་བྱུང་། དེ་ཐམས་ཅད་ཀྱིས་ཐོ་ཡོད་ས་དེ་ནི་མཁར་ཤུལ་ཡིན་པར་ཐག་ཆོད་ནས་དར་དཀར་པོ་སྲིད་དུ་རིང་བ་ཞིག་ཕུལ།  དེར་མ་ཟད་ས་དེ་ནས་སྒྲོམ་བུ་གསུམ་རྙེད་པ་ཆོས་རྗེ་མཆོག་ལ་ཕུལ་ནས་ལོ་རྒྱུས་ཞིབ་ཏུ་སྙན་ལ་ཞུས་པར་ཐུགས་ཤིན་ཏུ་དགྱེས་ནས་མཁར་ཤུལ་དེ་ནོར་འཁྲུལ་མེད་པར་འདུག་གསུངས། རྗེ་ཉིད་ཀྱང་དེ་ལ་ཕེབས་པར་མ་ཟད་བྱོན་ཁར་ཁོང་གིས་བསམ་ཡས་ནས་གཏེར་དུ་བཞེས་པའི་གེ་སར་ཡབ་ཡུམ་གྱི་བྱས་སེམས་དཀར་དམར་དང་བྱེ་མ་ཨ་ཀྲོང་ལས་གྲུབ་པའི་གུ་རུའི་སྐུ་སོར་བཞི་ཙམ་འདུག་དེ་དག་སྐུ་གསུང་ཐུགས་རྟེན་བཅས་གནང་ནས་གེ་སར་ཕོ་བྲང་དེ་བཞེངས་དགོས་ཤིང་འགྲུབ་ངེས་པ་ཡིན་པའི་བཀའ་བསྩལ།  ཕོ་བྲང་འདིའི་ནང་རྟེན་ཕེར་བ་ལ་འཛམ་གླིང་ན་གུ་རུའི་སྐུ་འདི་ལས་མེད་ཅི་ང་གེ་སར་གྱི་སྐུ་དངོས་དང་ཁྱད་པར་མེད་ཅེས་གསུངས་སོ། །
དེ་ལྟར་སྔོན་གནས་རྗེས་དྲན་གྱིས་སྔོན་ཆད་གླིང་གེ་སར་རྒྱལ་པོའི་ཕོ་བྲང་སེང་ཕྲུག་སྟག་རྩེ་དུས་ཀྱིས་བསྐལ་བས་བར་ལམ་ཞིག་ནས་སུས་ཀྱང་ངོ་མི་ཤེས་པར་གྱུར་པ་ལ་རྗེ་ཉིད་ཀྱིས་རྟགས་མཚན་ཁྱད་པར་ཅན་གྱི་སྒོ་ནས་ངོས་བཟུང་ཏེ་ཀུན་ཡིད་ཆེས་པར་བྱས། རྗེས་སུ་ཁྲ་གླིང་དགོན་པའི་བླ་སྤྲུལ་འགས་འགན་ཁུར་ཏེ་སེང་ཕྲུག་སྟག་རྩེ་བསྐྱར་བཞེངས་བྱེད་པའི་སྐབས་ཀྱང་ངོ་མཚར་རྟགས་མཚན་མང་དུ་བྱུང་འདུག་ཅིང་བར་ཆད་མེད་པར་གྲུབ་པ་ད་ལྟ་ཀུན་གྱིས་ལྗོངས་རྒྱུ་དང་མཇལ་བསྐོར་གྱི་རྟེན་དུ་ཡོད་པ་འདིའོ། ། སླང་ཡང་ཤིང་ཁྱི་ལོའི་ཟླ་བ་ལྔ་པའི་ཚེས་ཉེར་དྲུག་ལ་རྗེ་ཉིད་ཕེབས་ནས་ཚེས་ཉེར་བདུན་ཉིན་ཕོ་བྲང་ནང་ནས་བླ་གྲྭ་སུམ་བརྒྱར་ཉེ་བ་ལ་ཕུར་བ་མགུལ་ཁུག་མ་དང་གླིང་གེ་སར་གྱིས་སྨིན་བྱེད་ཀྱི་དབང་བསྐུར། ཡེ་ཤེས་པ་དབབ་པའི་སྐབས་གསུང་མཐོན་པོས་ཕི་ཕི་ཞེས་གསུངས་ཚེ་གློ་བུར་དུ་གེ་སར་གྱི་ཕྱག་གི་མདུང་མོ་འཕག་ཏེ་མཆོད་ཁྲིའི་སྟེང་དུ་བབ་པའི་རྟགས་ངོ་མཚར་བ་བྱུང་ཞིང་ས་དེ་ནི་གངས་ལྗོངས་སྤྱིའི་སྙེགས་པའི་རྒུད་པ་ཞི་བའི་ས་གནད་ཁྱད་པར་ཅན་ཞིག་ཡིན་པར་འདུག་གོ །
   གླིང་གི་ལོ་རྒྱུས་འདི་ལ་ཁ་ཅིག་ན་རེ། གངས་ཀྱི་སེང་གེ་གར་ཡང་མ་མཆིས་ཤིང་། །གེ་སར་རྒྱལ་པོ་གུད་དུ་མི་བཞུགས་མོད། །སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་འདི། །སྙན་ཚིག་སྒྲ་ཡི་བརྗོད་བྱར་ཅིས་མི་རུང་། །ཞེས་ཟེར་བ་དང་། ཡང་དཔེར་ན་གེ་སར་ཡང་གྲུ་གུའི་རྒྱལ་པོ་མི་ཉག་ལ་གཡུལ་འགྱེད་མཁན་ཞིག་ཡོད་པ་དེའི་གཏམ་ཡིན་མདོག་ཁ་བས་ཙ་བ་ཙམ་ཡོད་ཀྱང་མི་སྲིད་མོད། །ཆེས་ཆེར་ཐལ་ནས་མཛུབ་མོ་འཛུགས་ས་འདི་ཡིན་སྟོན་རྒྱུ་མེད་པ་བཞིན་ནོ། །ཞེས་གླིང་གེ་སར་ཞེས་བྱ་བ་ཞིག་མེད་པར་འདོད་མཁན་ཡང་ཡོད་མོད་ཁོང་ལ་དགོས་དབང་རེ་ཡོད་ན་དེར་ཟད་ལ་དེ་མིན་རྒྱུ་མཚན་མེད་པའི་གཏམ་སྟེ། གོང་དུ་བཤད་པ་ལྟར་འཁྲུངས་ཡུལ་དང་འཁྲུངས་སྐར་དང་རྒྱལ་ས་སོགས་རེ་རེ་ན་བདེན་པ་ར་སྤྲོད་པ་དེ་ག་རང་རེད་ལ། དེ་ལ་དངོས་ཡོད་ལོ་རྒྱུས་མི་ཟེར་ན་དངོས་ཡོད་ལོ་རྒྱུས་ཟེར་བ་ཅི་འདྲ་ཞིག་ལ་སྨྲ་དགོས་སོ། །དེར་མ་ཟད་ཡིད་རྟོན་འོས་པའི་སྔོན་གྱི་ལོ་རྒྱུས་མང་པོ་ཞིག་ན་གླིང་གིལོ་རྒྱུས་བཤད་ཡོད་མོད་འདིར་རེ་རེ་ནས་ལུང་དུ་དྲངས་ན་ཡི་གེ་མང་བར་འགྱུར་བས་བཞག་ཅིང་། འདིར་དེ་ལས་རླངས་ཀྱི་པོ་ཏི་བསེ་རུ་ཞེས་ལོ་རྒྱུས་རྙིང་པ་དེ་ལས་ཇི་ལྟར་བསྟན་ཡོད་པའི་སྐོར་ལུང་དྲངས་ནས་བཤད་པར་བྱ་སྟེ། དེ་ལས། དེ་ནས་ཁོང་གིས་ཤར་དུ་བྱོན། གེར་འཚོའི་མགུལ་དུ་བྱོན་པ་ལ། གླིང་རྗེ་གེ་སར་གྱིས། །སྲིན་གྱི་བེར་ནག་པོ་ཐོག་གདུགས། ། སྲིན་རལ་ཁྲའོ། །སྲིན་རྟ་ནག་པོ་གསུམ་ཕལ་ནས། །མི་འཆི་ཚེའི་དབང་ཞིག་ཞུ། །ངས་གདུག་པའི་ལྷ་འདྲེ་འདུལ་བ་ལ། ཁྱེད་ཀྱིས་བདག་གི་ལུས་སྐྱོབས་མཛོད། །ཟེར་ནས། ཁོང་གི་ཞལ་ནས ཁྱོད་འཆི་བའི་དུས་ལ་བབ་པ་ལ། །རང་རེས་འབད་ཀྱང་ག་ལ་བརྟེན། །བདུད་ཀྱི་བར་ཆད་མི་འབྱུང་བ། །རྣལ་འབྱོར་བདག་གིས་སྲུང་མ་བྱེད། །ལོ་ནི་བརྒྱད་ཅུ་རྩ་བརྒྱད་བར། །སྐྱེས་བུ་ཁྱོད་ཀྱི་ཚེ་ཚད་ཡིན། །དེར་ཁོང་ལ་སྤོམ་རས་མགོ་བྱས་པའི་མདོ་ཁམས་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་བསུ་བ་བྱསས་། རྒྱ་ནག་རི་བོ་རྩེ་ལྔར་བྱོན། །ཞེས་སོགས་དང་། ཡང་ཡང་གེ་སར་རྒྱ་ལ་བྱོལ་རྟ་བསྐྱལ་ནས། ཁྱེད་གདན་འདྲེན་པ་པ་ཡོང་བས། །གྲུབ་པ་ཐོབ་པའི་རྣལ་འབྱོར་བ། ། བོད་ཀྱི་ཡུལ་དུ་འབྱོན་པར་ཞུ། །བདག་ལ་ཁྲིམས་ཀྱི་དངུལ་མདུང་ཀེ་རུ་དང་། ཁྲིམས་ཀྱི་རྔ་བོ་ཆེ་ཟིལ་གནོན་དང་། ཁྲིམས་དར་ནག་པོ་ཟིལ་གནོན་དང་། །རྒྱ་ནོར་བསམ་གྱིས་མི་ཁྱབ་པ་འབུལ་རྒྱུ་ཡོད་ཟེར་ནས་ཞུས། དར་གྲུབ་ཐོབ་ཆེན་པོ་ལ་མཁའ་འགྲོ་མའི་ལུང་བསྟན་བྱུང་ནས། སྟོད་ནུབ་ཕྱོགས་ཨོ་རྒྱན་བྱང་ངོས་སྲིན་པོ་ཕོ་མོ་འདུ་བ་དང་། །ཐང་ཡིག་རིན་ཆེན་སྒྲོན་མེ་དང་། །བསྟན་པ་འགྱོགས་པའི་གླང་པོ་དང་། རྣལ་འབྱོར་ཁྱེད་ལ་མཁོ་བ་ཡི། །རླངས་ཀྱི་པོ་ཏི་བསེ་རུ་དང་། བཀའ་དང་བསྟན་བཅོས་གཏེར་དུ་ཡོད། །རྣལ་འབྱོར་བཀའ་དང་གླིང་ཕྲུག་ཐོངས། །གཏེར་ཁ་ཆེན་པོ་ཐོན་པར་ཡོད། །ཟེར་བའི་མཁའ་འགྲོའི་ལུང་བསྟན་བྱུང་ནས། །དེ་ནས་ཁོང་གིས་གླིང་གེར་སར་བཀའ་ལ་གནང་ནས། །ཞེས་སོགས་དང་། ཡང་གླིང་གི་གླིང་ཡུལ་གོར་མདོར་བྱོན་པ་དང་། གླིང་གི་རྒྱལ་པོ་གེ་སར་དེས། ཡོལ་གྱི་ཡོལ་སྟོད་དུ་ཕྱག་ཕབ་དང་། གླིང་རིང་གི་མི་ཚོ་དེར་འབུལ་བ་བྱེད་དུ་བྱུང་། ཁོང་གིས་ཐང་ཡིག་རིན་པོ་ཆེའི་སྒྲོན་མ། བསྟན་བཅོས་མགྱོགས་པའི་གླང་པོ། རླངས་ཀྱི་པོ་ཏི་བསེ་རུ། །ཁྲིམས་ཀྱི་རྔ་བོ་ཆེ་ཟིལ་གནོན། ཁྲིམས་ཀྱི་དངུལ་མདུང་ཀེ་རུ། ཁྲིམས་དར་ནག་པོ་དགྲ་འདུལ། སློབ་དཔོན་པདྨའི་ཆོས་སྐོར། དབུ་ཞྭ། ན་བཟའ། ཆགས་འུ་དང་བཅས་པ་རྣམས་དང་། ཆབས་པ་སོགས་ཕ་བོང་ག་པ་རྟ་འདྲ་ཕུལ་ནས་ཞུ་བ་བྱས་པ་ལ། ཁྱེད་གྲུབ་པ་ཐོབ་པའི་རྣལ་འབྱོར་པ། སངས་རྒྱས་ཀྱི་བསྟན་པ་འཛིན་པ་དང་། གདུག་པའི་ལྷ་འདྲེ་འདུལ་བ་དང་། གླིང་གི་མི་ནོར་འཕེལ་བ་དང་། མི་ནད་ཕྱུགས་ནད་གཅོད་པ་དང་། བོད་ཁམས་བདེ་བས་ཐུགས་ལ་ཞོག  ། གྲུབ་ཐོབ་བཞུགས་པའི་སྐུ་རིང་ལ། །རྒྱུད་ཆད་མེད་པར་མཇལ་བར་ཞུ། །མི་རྟག་འདའ་བའི་ཚུལ་སྟོན་ན། །བདེ་བའི་གནས་སུ་བདག་ཀྱང་ཁྲིད། །ད་རེས་འབུལ་བའི་སྔ་མར་ཞུ། །ཟེར་ནས་ཞུས་སོ། །སེང་བློན་གྱིས་ཁྲ་བོ་གཡང་ལུགས། ཁྲ་རྒན་གྱིས་ཁྲ་བོ་གཡང་ལུགས། །ཁྲ་རྒན་གྱི་ཐོག་རྒྱུགས་དཀར་པོ། །ཁྲོ་ཐུང་གིས་ཤང་ལང་ནག་པོ།།ལྡོམ་བུའི་དཀར་མོ་རུབ་གདུགས། ཞལ་དཀར་གྱིས་གངས་དཀར་ལྷ་རྩེ། །བན་དེས་གཡུལ་དམར་འོད་གསལ། ། ཤེལ་རིས་གསེར་གྱི་མཆོད་རྟེན་ཕུལ། །གླིང་གི་གཙོ་བོ་སུམ་ཅུ། །ཐུལ་པ་སུམ་ཅུ། །སྟག་ཤར་སུམ་ཅུ། །བླ་མཆོད་སུམ་ཅུ། །མོ་བཙུན་སུམ་ཅུ་རྣམས་ཀྱིས། མི་རེས་འབུལ་བ་རེ།།ཞུ་བ་རེ་བྱས། གྲུབ་ཐོབ་ཆེན་པོའི་ཞལ་ནས།ཁ་བ་ཅན་ལ་གནོད་པའི་འདུལ་དགོས་ཅི་འདྲ་ཡོད། །བདག་གིས་བཀའ་དང་དབང་བསྐུར་ན། །ཡོན་བདག་ཁྱེད་ཀྱིས་ཐུལ་ནས་ཡོང་། །མི་དགེ་སྤོངས་དང་དགེ་བ་ཡོང་། སྙིང་རྗེ་བསྒོམ་ན་བྱམས་སེམས་ཡོད། །བླ་མ་བསྒོམ་ན་བྱིན་རླབས་ཡོད། །ཡི་དམ་བསྒོམ་ན་དངོས་གྲུབ་ཡོད། །སྙིང་རྗེ་སྒོམས་ལ་སྦྱིན་པ་ཐོང་། །སྡིག་པ་སྤོངས་ལ་དགེ་བ་གྱིས། །བསོད་ནམས་རྒྱུན་ཆད་མེད་པར་ཡོང་། །དགེ་སྡིག་ཤན་འབྱེད་ཀྱི་ཆོས་སྐོར་འདི། །སྐལ་ལྡན་རྣམས་ཀྱི་ཆོས་སྐལ་ཡིན། །གསུང་བའི་བསྟན་ཆོས་གསུངས་ནས། །འགྲོ་དགོས་གསུངས་པ་ལ། གླིང་གེ་སར་གྱིས་ཞུས་ནས། ཁ་བ་ཅན་ལ་གནོད་པ་ཀུན། །བདག་གིས་ཐུལ་ཡང་མི་ཐུལ་བས། །ཁྱོད་སློབ་དཔོན་བཀའ་ལ་མི་བརྩི་བར། །སེམས་ཅན་ཀུན་གྱི་སྲོག་བཅད་ན། །རྒྱལ་ཁམས་ཙམ་ལ་གནོད་པ་ཡིན། །ཤར་ན་དྲི་ཟ་རྒྱལ་པོ་ཡོད། །ལྷོ་ན་གཤིན་རྗེ་རྒྱལ་པོ་ཡོད།།ནུབ་ན་སྲིད་པོ་གུར་དུམ་ཡོད། །བྱང་ན་གནོད་སྦྱིན་ཕོ་མོ་ཡོད།།ཕྱོགས་འདི་ལ་ཐུལ་ལ་དམ་དུ་ཁོལ། །བོད་ཁམས་བདེ་བས་ཐུགས་ལ་ཐོགས། །གླིང་གི་ཐང་བརྒྱད་ཐང་སྟོད་འདི། །གྲུབ་ཐོབ་ཁྱེད་ཀྱི་དགོན་པར་འབུལ། །གླིང་གི་ས་ཡུལ་གར་བདེ་དེ། །གྲུབ་ཐོབ་བཞུགས་པའི་གནས་སུ་འབུལ། །ཕ་བོང་ག་པ་རྟ་འདྲ་དེ། །ལྷ་འདྲེད་འདུལ་བའི་ཆབས་པར་འབུལ། །ཟེར་བ་ཞུས་པ་དང་། །ཁོང་ཡོན་མཆོད་གཉིས། གླིང་གི་ཡུལ་ཐང་བརྒྱད་ཡོད་དེ་ཡག་ཐང་དང་། ཡུལ་རྣམས་ཀྱི་སྟོད་སྨད་ལ་བྱོན་ནས། །ཕ་བོང་ག་པ་རྟ་འདྲའི་རྩར་བཞུགས། །དཀོན་མཆོག་ལ་མཆོད་པ་ཕུལ། །ཆོས་སྐྱོང་རྣམས་ལ་གཏོར་མ་བྱིན། །ལྷ་འདྲེ་རྣམས་ལ་དམ་གཏོར་བཏང་། །ཞེས་སོགས་དང་། ཡང་དེ་ལས་གྲུབ་ཐོབ་དང་། སྤོམ་རས་གླིང་གི་ཡུལ་དུ་བྱོན་པ་ལ། །སྤོམ་རས་ཞུས་ནས། ང་ཡི་ཡུལ་དུ་འབྱོན་པར་ཞུ། །ཞེས་སོགས་དང་། ཡང་གྲུབ་ཐོབ་དང་། སྤོམ་རས་གླིང་གི་ཡུལ་དུ་བྱོན་པ་ལ་ཞེས་སོགས་དང་། ཡང་དེ་ནས་ཁོང་གིས། གླིང་གི་ཡོན་བདག་ཕོ་མོ་རྣམས་ལ། དངོས་གྲུབ་ཀྱི་གནང་སྦྱིན་བྱས། །ཆོས་ཀྱི་དབང་ལུང་མང་དུ་བྱས་ནས་གསུང་བྱོན་ནོ། །ར་རྣལ་འབྱོར་བྱང་ཆུབ་འདྲེ་བཀོལ་ངས། །གུང་ནས་རིག་པ་ཆོས་ལ་སད། །སངས་རྒྱས་བསྟན་པ་དར་བར་བྱས། །གནོད་པའི་ལྷ་སྲིད་བཏུལ་ནས་ཡོད། གླིང་གི་མོ་ནོར་འཕེལ་བར་ཡོང་། །ཁྱེད་ཡོན་བདག་ཚེ་སྲོག་བརྟན་པར་ཡོང་། །ད་རྣལ་འབྱོར་པ་ང་རང་རྒྱུད་པ་སྤེལ། གསུངས་ནས་བྱོན། དེར་གེ་སར་གྱིས་ཁོང་ལ་ཞུས་ནས།ཁྱེད་གྲུ་ཐོབ་གར་འབྱོན་ངའི་ཡུལ་དུ་བཞུགས་པར་ཞུ། །དེ་ནས་མི་བཞུགས་བྱོན་པ་ན། །སྒྲུབ་གནས་གར་ཡོད་གསུང་པར་ཞུ། འབུལ་བ་འཁྱེར་ནས་མཇལ་དུ་ཡོང་། །དེ་མིན་བདག་ཀྱང་འཁྲིད་པ་ཞུ། །གྲུབ་ཐོབ་ཀྱི་གསུངས་ནས། ཡོན་བདག་གླིང་རྗེ་དད་པ་ཆེ། །མི་རབས་མང་པོའི་གོང་རོལ་ནས། །ཚེ་རབས་མང་པོའི་གོང་རོལ་ནས།།སྨོན་ལམ་བཏབ་པའི་ཡོན་མཆོད་ཡིན། །ང་ཡི་ཕ་ཡུལ་སྟོད་དུ་ཡོད། །སོགས་ནས་དགོན་པ་དང་སྒྲུབ་པ་བྱེད་པ་ཡིན་ཞེས་པའི་བར་གསུངས་ནས་བྱོན། གེ་སར་ཡང་ཡུལ་ལ་བྱོན། ཞེས་དང་། ཡང་གླིང་རྗེ་གེ་སར་གྱིས་སྔར་འབུལ་བྱས་པ་དང་དའི་འབུལ་སྐྱེལ་བ་ལ་ཡོང་བས། བདག་ལ་རིགས་ཀྱི་རྒྱུད་ཀྱང་མེད། བདག་ཀྱང་ཁྱེད་ལ་དངོས་གྲུབ་ཞུ། ཟས་འཛད་པ་མེད་པའི་དངོས་གྲུབ་ཞུ། ལུས་ངལ་དུབ་མེད་པའི་དངོས་གྲུབ་ཞུ། །སེམས་མཉམ་བཞག་མི་སྡུག་པའི་དངོས་གྲུབ་ཞུ། ཁ་མི་སྐོམ་བདུད་རྩིའི་དངོས་གྲུབ་ཞུ། མཚོན་གྱིས་མི་ཆོད་དངོས་གྲུབ་ཞུ། །ཞུས་པ། མཚན་ལྡན་གྱི་ཀ་པཱ་ལ་ལྟག་སྤྲོད། ཟད་མེད་བཅུད་ལེན་གྱི་གདམས་པ། སྐོམ་མེད་ཆུའི་བདུད་རྩི་ཆད་མེད། ཆོད་མེད་ལུས་ཀྱི་བརྟན་པ། རྟ་མེད་ལུང་གི་རྩོལ་བ། གདམས་ངག་དང་དངོས་གྲུབ་རྟག་ཅིང་ཡོད་པ་གནང་ནས་གེ་སར་ཡང་སོང་། དེ་ཉིན་བཙུན་མོ་ལ་སྲས་གཅིག་འཁྲུངས་པས། ཁོང་གི་ཚེས་སུ་སྲས་ལ་མིང་རྟག་ཚབ་ཏུ་བཏགས། སོགས་གླིང་གི་སྐོར་གླེང་པ་མང་དུ་ཡོད་ཅིང་གླིང་གེ་སར་གྱིས་རླངས་བྱང་ཆུབ་འདྲེ་བཀོལ་བསྟེན་ཚུལ་དང་གླིང་གེ་སར་གྱི་སྐུ་ཚེའི་ཚད་ལ་རླངས་བྱང་ཆུབ་འདྲེ་བཀོལ་གྱིས་དགུང་གྲངས་བརྒྱད་ཅུ་གྱ་བརྒྱད་ཡིན་པའི་ལུང་བསྟན་དང་། ཕ་བོང་ག་པ་རྟ་འདྲ་ལ་བཅིབས་ནས་གདོན་འདྲེ་བཏུལ་བ་དང་གླིང་དང་རླངས་གཉིས་ཀྱི་པོ་ཏི་བསེ་རུར་གསལ་པོར་གསུངས་པ་རྣམས་ཀྱིས་ལོ་རྒྱུས་གསལ་བར་བཤད་པས་ཁོ་རང་ཚོའི་ཐེ་ཚོམ་བསལ་བར་བྱས་སོ།།དེའང་རླངས་བྱང་ཆུབ་འདྲེ་བཀོལ་ནི། ཨོ་རྒྱན་པདྨའི་བརྒྱུད་འཛིན་རྣལ་འབྱོར་བ་སྐུ་ཚེ་ཤིན་ཏུ་རིང་ཞིང་མངོན་ཤེས་དང་རྫུ་འཕྲུལ་ལ་མངའ་དབང་འབྱོར་བའི་གྲུབ་ཐོབ་རླངས་ཀྱི་གདུང་བརྒྱུད་ལས་བྱོན་པ་ཞིག་གོ ། གླིང་གེ་སར་རྒྱལ་པོས་བོད་སིལ་བུའི་དུས་སྐབས་སུ་བོད་ཕྱི་ནང་གི་བསྟན་པ་ལ་འཚེ་བའི་རྫོང་ཆེན་དང་རྫོང་ཕྲན་མང་པོ་ཕབ་ཏེ་བོད་ཁམས་ལ་ཕན་བདེ་རྒྱ་ཆེན་པོ་བསྐྲུན་ཏོ། །
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1