༄༅།། བསམ་བཞིན་དུ་གནོད་འཚེ་བཏང་བ་མིན་ནའང་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-31


  ཉིན་རྒྱུན་གྱི་འཚོ་བའི་ཁྲོད། སྤྱི་དམངས་སྒེར་གྱི་བར་ལ་ལུས་སྟོབས་དང་རིག་སྟོབས་ཀྱི་ཁྱད་པར་ཡོད་པའི་དབང་གིས། མཉམ་མ་བཞག་པར་ཕན་ཚུན་བར་མི་ལུས་གནོད་འཚེ་བཏང་བའི་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད། མཉམ་མ་བཞག་པར་མི་གཞན་ལ་གནོད་འཚེ་བཏང་ན་བསམ་བཞིན་མིན་ཡང་འགན་འཁྲི་འཁུར་དགོས།

དཔེ་མཚོན་དང་པོ།

  2015ལོའི་ལྔ་གཅིག་ངལ་གསོའི་སྐབས་སུ། ཨ་ཁུ་ཚེ་དབང་གིས་ཚ་བོ་ཁྲིད་དེ་ར་སྐོར་ནང་འཆམ་འཆམ་ལ་འགྲོ་བའི་སྐབས་སུ། སྟབས་མ་ལེགས་པར་ཁ་གཏད་ནས་རྒྱུག་ཡོང་བའི་རིག་འཛིན་ཚེ་རིང་ལ་གདོང་ཐུག་བརྒྱབ་སྟེ། ལག་པ་གཡས་པའི་དཔུང་བར་རྨས་སྐྱོན་ཕོག་པ་དང་། སྨན་ཁང་དུ་བརྟག་དཔྱད་བྱས་པ་ལྟར་ན། དཔུང་བའི་རུས་པར་གས་ཆག་བཟོས་པ་རེད། ཨ་ཁུ་ཚེ་དབང་སྨན་ཁང་དུ་བསྡད་དེ་ཉིན30རིང་ལ་སྨན་བཅོས་བྱས་པ་དང་། སྨན་ཡོན་སྒོར14000ཤོར། སྨན་ཁང་ནས་བུད་རྗེས་ཨ་ཁུ་ཚེ་དབང་གིས་ཁྲིམས་ཁང་ལ་གཏུགས་པ་དང་མི་ལུས་གནོད་འཚེའི་སྐྱིན་ཚབ་འཇལ་དགོས་པའི་ཞལ་ལྕེ་ཕུལ་ཏེ། རིག་འཛིན་ཚེ་རིང་གིས་སྨན་བཅོས་གྲོན་དངུལ་དང་འགྲིམ་འགྲུལ་གྲོན་དངུལ། ནད་གཡོག་གྲོན་དངུལ་སོགས་གྱོང་གུན་ཡོངས་རྫོགས་གཞལ་དགོས་པའི་རེ་བ་བཏོན་ཅིང་། ཁྲིམས་ཁང་གིས་བདག་སྤྲོད་བྱས་རྗེས།རིག་འཛིན་ཚེ་རིང་གིས་ཨ་ཁུ་ཚེ་དབང་ལ་སྒོར8000གི་དཔལ་འབྱོར་སྐྱིན་ཚབ་འཇལ་དགོས་པར་ཐག་བཅད།

བཅའ་ཁྲིམས་ཀྱི་ཁུངས་ལུང་།

  གནོད་འཚེའི་འགན་འཁྲི་ལ་བཅའ་ཁྲིམས་སྟེང་ནོར་འཁྲུལ་མེད་པའི་འགན་འཁྲིའི་རྩ་དོན་དང་དྲང་གཞག་གི་འགན་འཁྲིའི་རྩ་དོན་གཉིས་སུ་དབྱེ་ཡོད། ནོར་འཁྲུལ་མེད་པའི་འགན་འཁྲིའི་རྩ་དོན་ཞེས་པ་ནི་གནོད་འཚེ་དེ་གནོད་འཚེ་གཏོང་མཁན་གྱི་བསམ་བཞིན་དུ་བཏང་བ་མིན་ལ་གནོད་འཚེ་ཐེབས་མཁན་གྱིས་བསམ་བཞིན་དུ་བསྒྲུབས་པ་ཞིག་ཀྱང་མིན་པར་མ་ཟད། མི་གསུམ་པས་བསམ་བཞིན་དུ་བཏང་བ་ཞིག་ཀྱང་མིན་མོད། འོན་ཀྱང་བཅའ་ཁྲིམས་ཀྱི་གཏན་འཁེལ་ནང་དུ་གནོད་འཚེ་གཏོང་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་དགོས་པར་ཐག་བཅད་པའི་དམིགས་བསལ་གྱི་འགན་འཁྲི་ཁོངས་གཏོགས་རྩ་དོན་ཞིག་ལ་གོ དེའི་དམིགས་ཡུལ་ནི་གནོད་འཚེ་ཐེབས་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་ཆེད་ཡིན། དྲང་གཞག་འགན་འཁྲིའི་རྩ་དོན་ཞེས་པ་ནི་གནོད་འཚེ་ཐེབས་པའི་དོ་བདག་པ་ཕྱོགས་གཉིས་ཀར་ནོར་འཁྲུལ་མེད་པ་དང་། ནོར་འཁྲུལ་མེད་པའི་འགན་འཁྲིའི་རྩ་དོན་བཀོལ་ན་མི་འཚམ་ལ། གནོད་འཚེ་ཐེབས་མཁན་གྱི་གྱོང་གུད་སྐྱིན་ཚབ་མ་འཇལ་ན་དྲང་གཞག་མི་ཡོང་བའི་གནས་ཚུལ་འོག མི་དམངས་ཁྲིམས་ཁང་གིས་བྱེ་བྲག་གི་གནས་ཚུལ་ལྟར། དོ་བདག་པ་ཕྱོགས་གཉིས་ཀར་འདྲ་མཉམ་གྱིས་འགན་འཁུར་དུ་འཇུག་པའི་རྩ་དོན་ཞིག་ལ་གོ

  དྲང་གཞག་འགན་འཁྲི་ནི་སྤྱི་ཚོགས་ཀུན་སྤྱོད་ཀྱི་དྲང་གཞག་འདུ་ཤེས་ལས་བྱུང་བ་ཡིན་པས། གནོད་འཚེ་ཐེབས་མཁན་ལ་ཐུགས་འཁུར་དང་རོགས་སྐྱོར་བྱེད་པའི་རྣམ་པ་ལྡན། དེ་བས་གཟབ་ནན་གྱིས་བཤད་ན། དྲང་གཞག་འགན་འཁྲིའི་འོག་གི་སྐྱིན་ཚབ་དེ་ལ་ཁ་གསབ་ཀྱི་རྣམ་པ་ཞིག་ཀྱང་ལྡན་པ་རེད།བཅའ་ཁྲིམས་འདིའི་དོན་ཚན24པའི་ནང་དུ་གནོད་འཚེ་ཐེབས་མཁན་དང་བྱ་སྤྱོད་མཁན་གཉིས་ཀར་གནོད་འཚེ་དེའི་ཐད་ནོར་འཁྲུལ་མེད་ན། དོན་དངོས་ཀྱི་གནས་ཚུལ་གཞིར་བཟུང་ནས། ཕྱོགས་གཉིས་ཀར་གྱོང་གུན་མཉམ་བགོ་བྱེད་ཆོག་པ་གཏན་འཁེལ་བྱས་ཡོད། གྱོད་གཞི་འདིའི་ནང་གི་རིག་འཛིན་ཚེ་རིང་གིས་མཉམ་མ་བཞག་པར་ཨ་ཁུ་ཚེ་དབང་ལ་གདོང་ཐུག་བརྒྱབ་པ་ཡིན་པས། བསམ་བཞིན་དུ་གནོད་འཚེ་བཏང་བ་མིན་ལ། ཁོར་ཨ་ཁུ་ཚེ་དབང་ལ་གནོད་འཚེ་གཏོང་འདོད་ཀྱི་བསམ་པ་མིད་པས། དམངས་དོན་གནོད་འཚེ་ཐད་ཀྱི་སྤྱིར་བཏང་གི་ནོར་འཁྲུལ་གྱི་རྩ་དོན་དེ་བཀོལ་ན་མི་འགྲིག དེ་བས་མཇུག་མཐར་ཁྲིམས་ཁང་གིས་དྲང་གཞག་རྩ་དོན་ལྟར་རིག་འཛིན་ཚེ་རིང་གིས་གྱོང་གུན་ཁ་ཤས་ཀྱི་འགན་འཁུར་དགོས་པར་ཐག་བཅད།

  རྒན་པ་ཉེན་ཁར་གཡོལ་ཆེད་རྨས་ཕོག་ན་རླངས་འཁོར་གྱིས་མ་བརྡུངས་ནའང་འགན་འཁྲི་ཡོངས་རྫོགས་འཁུར་དགོས།

དཔེ་མཚོན་གཉིས་པ།

  འགྲུལ་སྐྱེལ་ཀུང་ཟིའི་ཁ་ལོ་པ་དངོས་གྲུབ་ཀྱིས་རང་འདེམ་ཚོང་ཁང་ཞིག་གི་སྒོ་ཁ་རུ་རླངས་འཁོར་ལ་ཁ་ལོ་སྒྱུར་བའི་སྐབས་སུ། ཨ་ཡེ་རིན་ཆེན་སྐྱིད་ཚུར་ཡོང་བ་དང་འཕྲད་ཅིང་། ཨ་ཡེ་རིན་ཆེན་སྐྱིད་ཀྱིས་དངོས་གྲུབ་ཀྱི་རླངས་འཁོར་དེ་རང་ཉིད་ལ་ཁ་གཏད་དེ་ཚུར་ཡོང་བཞིན་པ་མཐོང་འཕྲལ་དངངས་སྐྲག་གིས་དེར་གཡོལ་དུས་ལམ་འགྲམ་གྱི་རྐ་ནང་དུ་ལྷུང་ནས་རྨས་ཕོགའགྲིམ་འགྲུལ་སྡེ་ཁག་གིས་བཏོན་པའི་འགྲིམ་འགྲུལ་བྱུང་རྐྱེན་གྱི་བདེན་དཔང་ཡི་གེའི་སྟེང་དུ་བརྟག་དཔྱད་བྱས་པ་བརྒྱུད། དངོས་གྲུབ་ཀྱིས་ཁ་ལོ་སྒྱུར་བཞིན་པའི་འགྲུལ་སྐྱེལ་རླངས་འཁོར་གྱིས་ལམ་འགྲོ་བ་ཨ་ཡེ་རིན་ཆེན་སྐྱིད་ལ་རྡུང་ཡོད་མིད་ངོས་འཛིན་བྱེད་དཀའ་ཞེས་བྲིས་འདུག དོན་རྐྱེན་དེའི་དབང་གིས་ཨ་ཡེ་རིན་ཆེན་སྐྱིད་སྨན་ཁང་དུ་བསྡད་དེ་སྨན་བཅོས་གྲོན་དངུལ་དང་ནད་གཡོག་གྲོན་དངུལ་སོགས་སྒོར་ཁྲི7ལྷག་བཀོལ། སྐྱིན་ཚབ་ཐད་གྲོས་མོལ་བྱས་ཏེ་མཇུག་འབྲས་མ་ལོན་པའི་གནས་ཚུལ་འོག ཨ་ཡེ་རིན་ཆེན་སྐྱིད་ཀྱིས་དངོས་གྲུབ་དང་འགྲུལ་སྐྱེལ་ཀུང་ཟི་གཉིས་ཁྲིམས་ཁང་ལ་གཏུགས།

  ཁྲིམས་ཁང་གིས་བདག་སྤྲོད་བྱས་རྗེས། དངོས་གྲུབ་ཀྱིས་མི་དམངས་འདུས་ཁུལ་དུ་རླངས་འཁོར་ལ་ཁ་ལོ་སྒྱུར་སྐབས་ཉེན་ཁར་འཕྲད་སྲིད་པ་ཤེས་དགོས་པས། ཁོའི་བྱ་སྤྱོད་དེ་ནི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་འགལ་ཡོད་ལ། དེ་ནི་ཐེངས་འདིའི་འགྲིམ་འགྲུལ་བྱུར་རྐྱེན་འབྱུང་བའི་ཐད་ཀར་གྱི་རྒྱུ་རྐྱེན་ཡིན་པས། ཨ་ཡེ་རིན་ཆེན་སྐྱིད་ལ་རྨས་ཕོག་པའི་བར་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད། དངོས་གྲུབ་ནི་འགྲིམ་འགྲུལ་ཀུང་ཟིའི་ཁ་ལོ་པ་ཡིན་པའི་དབང་གིས། ཁོས་ཁ་ལོ་བསྒྱུར་བ་དེ་ནི་ལས་འགན་གྱི་བྱ་སྤྱོད་ཅིག་ཡིན་པས།

  འགྲུལ་སྐྱེལ་ཀུང་ཟིས་ཨ་ཡེ་རིན་ཆེན་སྐྱིད་ཀྱི་གྱོང་གུན་སྐྱིན་ཚབ་གཞལ་དགོས་པར་འདོད་ཀྱིན་ཡོད། གོང་གི་རྒྱུ་རྐྱེན་དེ་དག་ལ་བལྟས་ནས། ཁྲིམས་ཁང་གིས་འགྲུལ་སྐྱེལ་ཀུང་ཟིས་དོན་རྐྱེན་འདིའི་འགན་འཁྲི་ཡོངས་རྫོགས་ཁུར་ཏེ། ཨ་ཡེ་རིན་ཆེན་སྐྱིད་ལ་གྱོང་གུད་ཡོངས་རྫོགས་ཀྱི་སྐྱིན་ཚབ་འཇལ་དགོས་པར་ཐག་བཅད།

བཅའ་ཁྲིམས་ཀྱི་ཁུངས་ལུང་།

  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས།》ཀྱི་དོན་ཚན་ཞེ་བདུན་པའི་ནང་དུ་འཕྲུལ་སྒུལ་འཁོར་ལོ་དེ་མི་འགྲོ་སའི་ལམ་ནང་དུ་བགྲོད་པའི་སྐབས་སུ། མྱུར་ཚད་ཇེ་དལ་དུ་གཏོང་དགོས་ལ། ལམ་འགྲོ་པ་རྣམས་གཞུང་ལམ་བརྒལ་བར་འཕྲད་སྐབས། ཁ་ལོ་བསྒྱུར་མཚམས་བཞག་ནས་ལམ་འབྱེད་དགོས། འཕྲུལ་སྒུལ་འཁོར་ལོ་འགྲིམ་འགྲུལ་བརྡ་རྟགས་མེད་པའི་གཞུང་ལམ་དུ་བགྲོད་སྐབས། ལམ་འགྲོ་པ་གཞུང་ལམ་བརྒལ་བར་འཕྲད་ན། ངེས་པར་གཡོལ་དགོས་པ་གཏན་ཁེལ་བྱས་ཡོད། གྱོད་གཞི་འདིའི་ནང་གི་དངོས་གྲུབ་གོང་བཀོད་ཀྱི་གཏན་ཁེལ་འདི་དག་དང་འགལ་ཏེ། བདེ་འཇགས་ལ་ཁག་ཐེག་མེད་པའི་གནས་ཚུལ་འོག་ཁ་ལོ་བསྒྱུར་པས། ལམ་འགྲོ་པ་དེ་ལས་གཡོལ་ཆེད་རྨས་སྐྱོན་ཕོག་པ་རེད། དངོས་གྲུབ་ཀྱིས་བསྐོར་བའི་རླངས་འཁོར་དེས་ཨ་ཡེ་རིན་ཆེན་སྐྱིད་ལ་ཐོགས་མེད་ནའང་། རྒན་པའི་ལུས་ཁམས་ཀྱི་རྒྱུ་རྐྱེན་དང་ལུས་ཕུང་ཞན་ཆ་སོགས་དམིགས་བསལ་རང་བཞིན་གྱི་གནས་ཚུལ་ལ་དམིགས་ནས་དབྱེ་ཞིབ་དང་ངོས་འཛིན་བྱ་དགོས།

  ལམ་འགྲོ་པ་ཨ་ཡེ་རིན་ཆེན་སྐྱིད་ལོ80ལ་འབུད་ལ་ཉེ་བས། འགུལ་ཚུལ་དང་མིག་ཤུགས། འགུལ་སྐྱོད་ནུས་པ་སོགས་གང་གི་ཐད་ནས་ཀྱང་ཉམས་ཞན་དུ་གྱུར་ཡོད་པས། རླངས་འཁོར་དང་འཕྲད་སྐབས་ཀྱི་ཤེས་ཚོར་དང་བརྡར་ཤ་གཅོད་པའི་ཐད་འགོར་འགྱངས་ཐེབས་པ་དང་ཡང་ན་ཡང་དག་ཡོང་དཀའ་བར་མ་ཟད། གཞུང་ལམ་སྟེང་གི་ཆ་འཕྲིན་ཡོངས་རྫོགས་རྟོགས་པའི་ནུས་པ་ཞན་པས། རླངས་འཁོར་དང་འཕྲད་སྐབས་ཀྱི་འཇིགས་སྣང་སྔར་ལས་ཛ་དྲག་ཆེ་བ་རེད། གལ་ཏེ་དེ་ལ་ལོ་ན་གཞོན་པའི་མི་དང་མཚུངས་པའི་གཞུང་ལམ་བདེ་འཇགས་ཐད་ཀྱི་འོས་འགན་འཁུར་དགོས་པའི་རེ་བ་བཏོན་ན་དྲང་གཞག་མི་ཡོང་བ་རེད། དེ་དང་མཉམ་དུ་ཨ་ཡེ་རིན་ཆེན་སྐྱིད་ལ་ཐེངས་འདིའི་འགྲིམ་འགྲུལ་བྱུང་རྐྱེན་ཁྲོད་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་གང་ཡང་མེད་པས།  ཁྲིམས་ཁང་གིས་གོང་ལྟར་ཐག་གཅོད་བྱས་པ་རེད།།

                                                                                       2015ལོའི་ཟླ་10པའི་ཚེས་16ཉིན་གྱི《མཚོ་སྔོན་བོད་ཡིག་གསར་འགྱུར།》པར་ངོས་12ལས་བཤུས། 


རྩོམ་ཡིག་རྗེས་མ།
༄༅།། བྲག་སྒོ་ཀཀྞི།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1