འདིར་གངས་ཅན་ལྗོངས་སུ་བྱུང་བའི་རིག་གཞུང་རྒྱ་མཚོ་ལས་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་ལོ་རྒྱུས་ཀྱི་དོན་སྙིང་ཡོད་པའི་སྒྱུ་རྩལ་གྱི་ནང་འཁོད་ཨ་ཅེ་ལྷ་མོའི་ཟློས་གར་ཞེས་འཁྲབ་གཞུང་ལ་བོད་མི་ཡོངས་ཀྱིས་དགའ་ཞེན་ཆེན་པོའི་སྒོ་ནས་ཡིད་དབང་འཕྲོག་པའི་ནུས་པ་ལྡན་པ་མ་ཟད། རྒྱལ་སྤྱིའི་གཟི་བྱིན་རབ་ཏུ་འབར་བའི་རིན་ཆེན་ནོར་བུ་ལྟ་བུ་ཞིག་ཀྱང་ཡིན། ལྷ་མོའི་ཟློས་གར་འཁྲབ་གཞུང་གི་བརྗོད་དོན་ལ་མཚོན་ན། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་དག་གི་ལུགས་བཟང་ལྡན་པ། ལོ་རྒྱུས་རྒྱང་རིང་བ། གོ་རིམ་འོས་ཤིང་འཚམས་པ། ནང་དོན་ཟབ་ཅིང་རྒྱ་ཆེ་བ། མཁས་བླུན་སུས་མཐོང་ན་བརྗོད་དོན་གསལ་ཞིང་གི་བདེ་བ་བཅས་དགེ་མཚན་བགྲང་ལས་འདས་པ། ལྟ་བས་ཆོག་མི་ཤེས་པའི་ཟློས་གར་ངོ་མཚར་བ་ཞིག་ཡིན་པ་ད་ལྟ་རང་ཅག་འདྲེན་བྱེད་དུ་དངོས་སུ་སྣང་བས་མང་པོ་བརྗོད་ཅིང་དགོས། ཨ་ཅེ་ལྷ་མོ་ནི་དམངས་ཁྲོད་ཀྱི་ངལ་རྩོལ་ལས་ཐོན་པའི་གར་དང་གླུ་གཞས་སོགས་ལ་བརྟེན་ནས་ཟློས་གར་གྱི་སྒྱུ་རྩལ་འཕེལ་རྒྱས་བྱུང་བ་ཞིག་ཡིན་ཞིང་། བོད་ཀྱི་ལྷ་མོའི་ཟློས་གར་དེའང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་གླུ་བྲོ་སོགས་ལ་བརྟེན་པས་གངས་ཅན་བོད་ཀྱི་ལྗོངས་སུ་སྙན་པའི་གྲགས་པར་ལྷ་མོའི་ཟློས་གར་ཞེས་ས་ཁྱབ་རྡོ་ཁྱབ་བྱུང་ཚུལ་ནི། དང་ཐོག་དམངས་ཁྲོད་ཀྱི་ཟློས་གར་ལས་གླུ་བྲོ་ལ་བཟོ་བཅོས་དང་གསར་སྣོན་མཛད་པའི་མི་སྣ་གཙོ་བོ། ཐང་སྟོང་རྒྱལ་པོ་མཆོག་གིས་དུས་རབས་བཅུ་བཞི་པའི་སྐབས་སུ་གླུ་བྲོ་གཉིས་ལས་ཚིག་དོན་ཟབ་ཅིང་རྒྱ་ཆེ་བའི་ལྷ་མོ་ཟློས་གར་ཞེས་གསར་གཏོད་བྱས་པ་རེད། དེ་གསར་གཏོད་བྱེད་དགོས་པའི་རྒྱུ་མཚན་ཅི་ཞེ་ན། མཁས་དབང་འགྱུར་མེད་བདེ་ཆེན་གྱིས་བརྩམས་པའི་ཐང་རྒྱལ་ནས་ཐར་ལས། དཔལ་ལྕགས་ཟམ་པ་ཐང་སྟོང་རྒྱལ་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེས། ལྷོ་འཛམ་བུའི་གླིང་འདིར་གདུལ་བྱའི་གཙོ་བོ་མི་དང་། མི་མ་ཡིན་པའི་འགྲོ་བ་ལྷ་སྲིན་སྡེ་བརྒྱད་སོགས་གདུག་པ་ཅན་རྣམས་འདུལ་ཤིང་དཔའ་བཀང་བར་མཛད་ནས། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་སྟོན་པའི་ཆེད་དུ། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ། གནས་སྒོ་འབྱེད་ཅིང་དགོན་གནས་འདེབས་པ། གྲུ་ཤན་ལྕགས་ཟམ་འཛུགས་ཤིང་ཁ་བ་ཅན་ལ་ཆོས་དང་དཔལ་འབྱོར་རྒྱས་པའི་ཆེད་དུ། ཟབ་ཆོས་མང་པོ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་གཏེར་བཞེས་པ། ཡི་གེ་དྲུག་པའི་ཆོས་ཀྱི་སྒྲ་དབྱངས་སྙན་པོས་ཡངས་པའི་ས་ཆེན་པོར་རྣམ་དཀར་ཕྲིན་ལས་ཀྱིས་འགེངས་པར་མཛད། དགུང་ལོ་ཞེ་ལྔ་སྟེ་ལྕགས་ཕོ་ཁྱིའི་ལོ་སྟེ་སྤྱི་ལོ་1430ལོར་ལྷ་སར་ཕེབས་སྐབས་སུ་སྐྱིད་ཆུའི་ཉེ་འགྲམ་དུ་སྐུ་ངལ་གསོ་ཞིང་ཡུད་ཙམ་བཞུགས་པ་དེར་མདའ་གཞུ་ཁྱེར་བའི་མི་ཞིག་སླེབས་བྱུང་བར་གྲུབ་ཐོབ་རང་གིས་མདའ་གཞུ་གཡར་ནས་སྐྱིད་ཆུའི་ཕ་རོལ་འཕེན་ཡང་མདའ་དེ་ཆུར་ལྷུང་བས་གྲུབ་ཐོབ་ཀྱི་ཐུགས་ངོར་རྟེན་འབྲེལ་ལེགས་པར་རྟོགས་ནས་ཁོ་བོས་མི་ཕྱུགས་ཀུན་ལ་ཕན་དང་བདེ་བ་འབྱུང་ཆེད་ཆུ་ཀླུང་ཆེན་པོ་སྐྱིད་ཆུ་རྣམས་སུ་ཟམ་པ་དང་གྲུ་ཤན་འཛུགས་དགོས་དགོངས་འཕྲལ། ཀོང་པོའི་ཡུལ་དུ་ཕེབས་ཏེ་དད་སྦྱིན་ཁག་ལ་གྲུ་ཟམ་འཛུགས་དགོས་པའི་ཚུལ་རྣམས་ལྷུག་པོར་གསུངས་བར་བརྟེན། སྦྱིན་བདག་དོན་གྲུབ་རྒྱལ་པོ་སོགས་ཀྱིས་རྒྱུ་ཚགས་གཉིས་ཀས་རོགས་སྐྱོར་མཛད་དེ་ལྕགས་ཀྱི་གཏེར་ཁ་བཞེས། ལྕགས་དེ་དག་མགར་བ་མང་པོས་བཞུ་བརྟུལ་བྱས་ནས་ཟམ་པ་རྒྱག་སར་དབོར་འདྲེན་བྱས། ཟམ་པ་དངོས་སུ་བཙུགས་པ་བཅས་ལས་སྒོ་དུ་མ་སྤེལ་བས་ཐོག་མའི་ཟམ་པ་ནི་ཆུ་མོ་གླང་གི་ལོ་སྟེ་སྤྱི་ལོ་1433ལོར་བཙུགས་པའི་ཆུ་ཤུར་ཟམ་པ་ཡིན། སྐབས་དེར་རྒྱུ་ཟོག་གྲོན་ཆེ་བ་དང་མི་ཤུགས་ཀྱིས་མ་ལྡིང་བ་སོགས་ཟམ་བཟོའི་ལས་འགན་བདེ་བླག་ངང་མ་གྲུབ་པར་དཀའ་ཚེགས་དུ་མ་བྱུང་། དེ་ནས་ཐོག་མའི་རྒྱབ་སྐྱོར་མཛད་མཁན་ཡོན་བདག་ཁག་ལ་བསྐྱར་དུ་དུ་རོགས་སྐྱོར་འཕར་སྣོན་ཞུ་ནུས་བྲལ་ཏེ་སླར་ཡང་དད་ལྡན་རྣམས་ལ་དགེ་སྐུལ་སློང་མོ་ཞུ་བའི་ཆེད་དུ། ཡུལ་དེ་གར་གླུ་གཞས་ལ་ཕུལ་དུ་བྱུང་བའི་ན་གཞོན་དར་ལ་བབས་པའི་བུ་མོ་བདུན་གདམས་འགུགས་བྱས་པར་གྲུབ་ཐོབ་རང་ནས་འཁྲབ་སྟོན་གྱི་སྒྱུ་རྩལ་དང་། རྡུང་ལེན་གྱི་ཚིག་དང་རོལ་དབྱངས་སོགས་སློབ་སྟོན་ལེགས་པར་མཛད་པར་མ་ཟད། གྲུབ་ཐོབ་རང་གིས་འགོ་འཛིན་བཞེས་ཏེ་དབུས་གཙང་ཡུལ་གྲུ་ཁག་གི་དམངས་ཁྲོད་དུ་རྣམ་ཐར་འཁྲབ་ཅིང་དགེ་སྐུལ་སློང་མོ་མཛད་དུ་ཕེབས། འཁྲབ་མཁན་བུ་མོ་དེ་དག་ནི་སྐུ་བྱད་མཛེས་ཤིང་རྒྱན་གོས་ལེགས་པ། མགྲིན་པའི་སྐད་གསང་མཐོ་ཞིང་སྙན་འཇེབས་ལྡན་པ། འཁྲབ་སྟོན་སྒྱུ་རྩལ་མཁས་ཤིང་ཉམས་འགྱུར་ལྡན་པ་སོགས་སྔོན་ཆད་མི་རྣམས་ཀྱིས་འདྲེན་བྱེད་ཡུལ་དུ་མ་གྱུར་བའི་སྒྱུ་རྩལ་ངོ་མཚར་བ་ཞིག་གློ་བུར་དུ་བྱུང་བར་ཁྲོམ་མི་དམངས་ཡོངས་ཀྱིས་ཡིད་སེམས་དབང་མེད་དུ་འཕྲོག་ཅིང་ཧ་ལས་པའི་བསྟོད་བསྔགས་སུ། འཁྲབ་མཁན་དེ་དག་ནི་འཇིག་རྟེན་མི་ལས་འདས་ཤིང་ལྷ་དང་ལྷ་མོ་རྣམས་ཀྱིས་གླུ་ལེན་པ་དང་གར་འཁྲབ་བཞིན་དུ་སྣང་ངོ་ཞེས་བརྗོད་པར་བརྟེན། འདྲ་བ་རྒྱུ་མཚན་བྱས་ཏེ་ཁྲོམ་ཚོགས་ཀྱིས་བུད་མེད་ལྷ་མོ་རྣམས་ཀྱིས་འཁྲབ་ཞེས་ཨ་ཅེ་ལྷ་མོའམ་ལྷ་མོའི་ཟློས་གར་ཞེས་མཚན་དང་སྒྱུ་རྩལ་བྱུང་བའོ། དེས་ན་གོང་དུ་སྨྲས་པའི་དོན་བསྡུས་ཏེ་བཤད་ན་འདི་ལྟ་སྟེ། གྲུབ་པའི་དབང་ཕྱུག་ཆེན་པོ་ལྕགས་ཟམ་པས་རྟེན་བཞེངས་པ་དང་ཟམ་པ་བཙུགས་གནང་མཛད་པའི་ཆེད་དུ་དམངས་ཁྲོད་ལས་དར་འཕེལ་བྱུང་བའི་གླུ་བྲོ་དག་ལ་གསར་སྣོན་བཅོས་བསྒྱུར་མཛད་དེ་ཆེད་གཉེར་གྱི་ཟློས་གར་ཚོགས་པ་ཞིག་གི་གཙོ་འགན་བཞེས་ཏེ་ཡུལ་ཁམས་ཀུན་ཏུ་བསྐྱོད་ཅིང་འཁྲབ་སྟོན་གནང་ནས་དར་རྒྱས་ཇེ་ཆེར་བྱུང་ཞིང་ལྷ་མོ་ཟློས་གར་ཞེས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་དེང་གི་བར་དུ་བོད་ཁ་བ་ཅན་གྱི་ལྗོངས་སུ་མ་ཉམས་གོང་འཕེལ་གནས་པ་འདི་ག་ཡིན་ནོ།