ནུས་ཁུངས་ནི་མིའི་རིགས་ཀྱི་འཚོ་བའི་དངོས་པོའི་རྨང་གཞི་ཡིན་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཁུངས་གསར་པ་འདོན་སྤེལ་དང་ནུས་ཁུངས་ལག་རྩལ་སྔོན་ཐོན་བེད་སྤྱོད་ཤིན་ཏུ་མཁོ། དེང་གི་དུས་འདིར་ནུས་ཁུངས་ཀྱི་འཕེལ་རྒྱས་དང་། ནུས་ཁུངས་དང་ཁོར་ཡུག་བར་གྱི་འབྲེལ་བ་ནི་མིའི་རིགས་ཡོངས་ཀྱིས་སེམས་ཁུར་བྱེད་སའི་གནད་དོན་ཡིན་ཞིང་། རང་རྒྱལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་དོན་གཙོ་བོ་ཡང་ཡིན། ནུས་ཁུངས་ལ་གཞི་འཛིན་ས་མི་འདྲ་བར་གཞིགས་ཏེ་རིགས་དགར་སྟངས་ཀྱང་མང་པོ་ཡོད་ཀྱང་གཙོ་བོ་ཉི་ནུས་དང་། རླུང་ནུས་དང་། མཚོ་ནུས་དང་། ཉིང་རྡུལ་ནུས་པ་དང་། སྐྱེ་དངོས་ཀྱི་རྫས་ནུས་སོགས་ཡོད།
1.ཉི་ནུས།
སའི་གོ་ལའི་སྟེང་གི་ནུས་པ་ཡོད་རྒུ་ཕལ་ཆེར་ཉི་མའི་ལས་བྱུང་པས་ཉི་མ་ནི་འགྲོ་བ་མིའི་ནུས་ཁུངས་ཀྱི་སྲོག་རྩ་ཡིན། ཉི་མ་མེད་ན། འགྲོ་བ་མི་མེད་ཅེས་བཤད་ཆོགསའི་གོ་ལས་ཉིན་རེར་སྡུད་ལེན་བྱས་པའི་ཉི་ནུས་ནི་འཛམ་གླིང་ཡོངས་ཀྱིས་ལོ་གཅིག་ལ་ཟད་གྲོན་བྱས་པའི་སྤྱིའི་ནུས་པའི་ལྡབ་200ཡིན། གལ་ཏེ་ཉི་ནུས་བེད་སྤྱོད་ཡག་པོ་བྱ་ཐུབ་ན། ནུས་ཁུངས་ཀྱི་གནད་དོན་དེ་སྤྱི་ཚོགས་ཀྱི་གནད་དོན་གཙོ་བོ་ཞིག་ཏུ་འགྱུར་མི་སྲིད། ཉི་མས་འོད་སྤྲོས་ནས་ལོ་ངོ་དུང་ཕྱུར་50འདས་ཤིང་ད་དུང་ལོ་དུང་ཕྱུར་བཅུ་ཕྲག་དུ་མར་འོད་སྤྲོ་སྲིད། ཉི་ནུས་གློག་འདོན་ས་ཚིགས། ཉི་ནུས་གློག་འདོན་ས་ཚིགས་མཐའ་སྐོར་གྱི་ས་ངོས་སུ་འོད་ཤེལ་མང་པོ་བསྒྲིགས་ནས། ཕྱོགས་སོ་སོ་ནས་ཉི་འོད་བསྡུས་རྗེས། གཅིག་བསྡུས་བྱས་ནས་མཐོ་ལྕོག་གི་རྩེ་ན་ཡོད་པའི་ཆེད་སྤྱོད་ཁྲོ་ཐབ་ཀྱི་སྟེང་དུ་ལྡོག་འཕྲོ་བྱས་ཤིང་། དེས་ཁྲོ་ཐབ་ནང་གི་ཆུ་བསྐོལ་ནས་མཐོ་གནོན་རླངས་པར་བསྒྱུར་བ་དང་། མཐོ་གནོན་རླངས་པ་སྦུ་གུ་བརྒྱུད་དེ་རླངས་སྒུལ་འཕྲུལ་འཁོར་ནང་དུ་སོང་ནས་རླངས་སྒུལ་འཕྲུལ་བསྐོར་ཚེ་གློག་འཕྲུལ་ཡང་དེར་བསྟུན་གྱིས་གློག་འདོན། བར་སྣང་ཉི་ནུས་གློག་འདོན་ས་ཚིགས། རླུང་ཁམས་ཆེན་པོའི་བར་རིམ་གྱི་ཡན་ཆད་ནས་ཉི་ནུས་སྡུད་ལེན་བྱས་ན། ས་ངོས་ནས་སྡུད་ལེན་བྱས་པ་ལས་ལྡབ་འགས་མང་། འཕྲིན་སྐྱེལ་འཁོར་སྐར་གཏོང་བ་ནང་བཞིན་ཉི་ནུས་གློག་འདོན་སྒྲིག་ཆས་སའི་གོ་ལ་དང་བར་ཐག་སྟོང་སྨི་ཁྲི་3.6ཡོད་པའི་བར་སྣང་གི་འཁོར་ལམ་དུ་བསྐྱལ་ནས། དུས་དང་རྣམ་པ་ཀུན་དུ་ཉི་མིའི་རྗེས་སྙེག་ཏུ་འཇུག་པ་དང་། དེའི་སྟེང་དུ་བསྒར་པའི་ཉི་ནུས་གློག་སྨན་པང་ལེབ་ཀྱིས་ཉི་ནུས་གློག་ནུས་སུ་བསྒྱུར་རྗེས། གློག་ནུས་དེ་རླབས་ཕྲན་དུ་བསྒྱུར་ནས་ས་ངོས་སུ་གཏོང་དུ་བཅུག་ན། ས་ངོས་ཀྱི་སྡུད་ལེན་ས་ཚིགས་ཀྱིས་གནམ་སྐུད་ཆེན་པོ་བརྒྱུད་དེ་རླབས་ཕྲན་སྡུད་ལེན་བྱས་ཤིང་ཡང་བསྐྱར་གློག་ནུས་སུ་སྒྱུར་བར་བྱེད།2.མཚོ་ནུས།
མུ་མཐའ་བྲལ་བའི་རྒྱ་མཚོ་ནི་སའི་གོ་ལའི་སྟེང་གི་ནུས་མཛོད་ཆེ་ཤོས་ཡིན། རྒྱ་མཚོའི་ནང་གི་ཕུན་སུམ་ཚོགས་པའི་གླིང་ཕྲན་དང་། རྦ་ཀློག་དྲག་ཏུ་འཕྱུར་བའི་མཚོ་རླབས། རྒྱ་མཚོའི་འཕེལ་འགྲིབ། འཁོར་རྒྱུན་མི་ཆད་པའི་མཚོ་རྒྱུན། གཏིང་ཚད་མི་འདྲ་སའི་མཚོ་ཆུའི་དྲོད་ཚད་སོགས་ཚང་མར་བེད་སྤྱོད་ཆོག་པའི་ནུས་པ་ཆེན་པོ་ལྡན། བཙོག་སྦག་མེད་པའི་ནུས་ཁུངས་གཙང་མ་འདི་དག་ནི་འགྲོ་བ་མིའི་བླངས་ན་རྫོགས་མཐའ་མེད་པ་དང་སྤྱད་ན་ཟད་མཐའ་བྲལ་བའི་བང་མཛོད་ཡིན། འཕེལ་འགྲིབ་གློག་འདོན། འཕེལ་འགྲིབ་གློག་འདོན་གྱི་རྩ་བའི་རིགས་པ་དང་སྤྱིར་བཏང་གི་ཆུ་ཤུགས་གློག་འདོན་གཅིག་འདྲ་ཡིན། དེ་ཡང་མཚོ་ཁུག་གམ་འཕེལ་འགྲིབ་ཡོད་སའི་གཙང་ཆུའི་མདོར་ཆུ་རགས་ཤིག་བསྐྲུན་ནས། ཆུ་མདོ་དང་མཚོ་ཁུག་གི་བར་བཅད་ན། ཆུ་མཛོད་ཅིག་ཆགས་ཡོང་། དེ་ནས་རགས་ཀྱི་འོག་ཏུའམ་འགྲམ་དུ་ཆུ་འཁོར་གློག་འདོན་འཕྲུལ་འཁོར་མ་ལག་བསྒར་ན། མཚོ་རླབས་ཀྱིས་ཆུ་འཁོར་བསྐོར་པ་དང་། ཆུ་འཁོར་གྱིས་གློག་འདོན་འཕྲུལ་འཁོར་བསྐོར་ནས་གློག་འདོན་ཐུབ། མཚོ་རླབས་གློག་འདོན། ཚན་རིག་ཞིབ་འཇུག་བྱས་པ་ལྟར་ན། མཚོ་ངོས་ཀྱི་སྟོང་སྨི་གྲུ་བཞི་མ་རེའི་ནང་གི་རླབས་ནུས་ཀྱི་ནས་ཚད་སྟོང་ཝ་འབུམ1-2ཟིན་པས། མཚོ་རླབས་ཀྱིས་གློག་འདོན་པར་འཕེལ་རྒྱས་འགྲོ་སྲིད། འབར་རྫས་དང་ཐོན་ཁུངས་ཅི་ཡང་ཟད་གྲོན་བྱེད་མི་དགོས་ལ། སྦག་བཙོག་ཡང་མི་བཟོ་བའི་གློག་འདོན་ལག་རྩལ་འདི་གློག་སྐུད་འཐེན་ཐབས་མེད་པའི་མཚོ་རྒྱུན་གླིང་ཕྲན་དང་རྒྱ་མཚོའི་སྟེང་གི་ལམ་སྒྲོན་ལ་འཚམ་པོ་ཡོད།
3.ཉིང་རྡུལ་ནུས་པ།
ཉིང་རྡུལ་ནུས་པ་ལས་རྡུལ་ཕྲན་ནུས་པ་ཡང་ཟེར། རྒྱུ་མཚན་ནི་དེའི་ནུས་པ་ཆེན་པོ་ནི་རྡུལ་ཕྲན་སྙིང་པོའི་ནང་ནས་གློད་པས་རེད། ཡུ་ཉིང་སྟོང་ཁེ་1འབྲལ་གྱུར་བྱུང་དུས་གློད་པའི་ནུས་པའི་ཚད་ནི་ཚད་ལྡན་རྡོ་སོལ་ཏུན་2700འབར་བ་དང་མཚུངས། གལ་ཏེ་ཡང་བའི་ཉིང་རྡུལ་གཉིས་འདུ་རུ་བཅུག་ནས་ཉིང་རྡུལ་གསར་པ་གྲུབ་ན། དེས་གློད་པའི་ནུས་པ་ནི་ཉིང་རྡུལ་འབྲལ་འགྱུར་གྱི་ནུས་པ་ལས་ཀྱང་ཆེ། ཉིང་རྡུལ་འབྲལ་འགྱུར། བར་རྡུལ་གྱིས་ཡུ་རྡུལ་སྙིང་པོ་ལ་བརྡེབས་ན། ཡུ་ཉིང་ཕྱེད་གཉིས་སུ་འབྲལ་བར་འགྱུར་བ་དང་མཉམ་དུ། བར་རྡུལ༢-༣ད་ངནུས་པ་འབོར་ཆེན་གློད་འོང་། བར་རྡུལ་འདི་དག་གིས་ཡང་ཡུ་ཉིང་གཞན་པ་འབྲལ་དུ་བཅུག་སྟེ། སྔར་ལས་མང་བའི་བར་རྡུལ་འབྱུང་བ་དང་། སྔར་ལས་མང་བའི་ཡུ་ཉིང་འབྲལ་དུ་འཇུག་པས། སྔར་ལས་མང་བའི་ནུས་པ་གློད། མ་རྡུལ་འབོམ་གས་པ་ནི་ཉིང་རྡུལ་འབྲལ་འགྱུར་ལས་བྱུང་བའི་འབྲས་བུ་རེད། ཉིང་རྡུལ་གློག་ཁང་། ཉིང་རྡུལ་ནུས་པས་གློག་འདོན་པའི་གློག་འདོན་ཁང་ལ་ཉིང་རྡུལ་གློག་ཁང་ཟེར། ད་ཆའི་འཛམ་གླིང་གི་ཉིང་རྡུལ་གློག་ཁང་ཚང་མས་ཉིང་རྡུལ་འབྲལ་འགྱུར་ལས་བྱུང་བའི་ནུས་པར་བརྟེན་ནས་གློག་འདོན་གྱི་ཡོད། འབར་རྫས་གཙོ་བོ་ནི་ཡུ་འབར་རྫས་ཡིན། ཡུ་ནི་འགྱེད་འཕྲོའི་ངོ་བོ་ཅན་ཡིན་པས་ཁོར་ཡུག་ལ་གནོད་པ་ཡོད། དེར་བརྟེན། ཚན་རིག་པས་ཉིང་རྡུལ་འདུ་འགྱུར་ཚོད་འཛིན་གྱི་ཚོད་ལྟ་བྱེད་བཞིན་ཡོད།
4.ས་འོག་ཚ་ནུས།
སའི་གོ་ལ་ནི་ཚ་དམ་ཆེན་པོ་ཞིག་དང་འདྲ་བར། ཕྱི་བསིལ་ནང་དྲོ་ཡིན་པ་མ་ཟད། ཇི་ལྟར་གཏིང་ཟབ་ན་དྲོད་ཚད་དེ་ལྟར་མཐོ། སའི་གོ་ལའི་ཁོག་ནས་ཡོང་བའི་ཚ་ནས་འདིའི་རིགས་ལ་ས་འོག་ཚ་ནུས་ཟེར། སའི་གོ་ལའི་སྟོང་སྨི25-50ཡི་གཏིང་གི་དྲོད་ཚད་ནི་200℃-1000℃ཡིན། གལ་ཏེ་སྟོང་སྨི་1730ཡི་མཚམས་ཀྱི་སའི་དཀྱིལ་སྙིང་ལ་སླེབས་ན། དྲོད་ཚད་4500℃ལ་ཡིན། ས་འོག་ཚ་ནུས་གསར་སྤེལ་དང་བེད་སྤྱོད་ཡག་པོ་བྱེད་ཐུབ་ན་འགྲོ་བ་མིར་བདེ་སྐྱིད་བསྐྲུན་ཐུབ། ཡངས་པ་ཅན་ས་འོག་ཚ་ནུས་གློག་འདོན་ས་ཚིགས། བོད་ལྗོངས་ཀྱི་ཡངས་པ་ཅན་ནི་མཚོ་ངོས་ལས་སྨི་4300ཡིས་མཐོ། གནས་དེར་ས་འོག་ཚ་ནུས་ཕུན་སུམ་ཚོགས་པོ་ཡོད། ཡངས་པ་ཅན་གྱི་ས་འོག་ཚ་ནུས་གློག་འདོན་ས་ཚིགས་ནས་བཏོན་པའི་གློག་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་ལྷ་སར་བསྐྱལ་ནས་ཐོན་སྐྱེད་དང་འཚོ་བར་བེད་སྤྱོད་བྱེད་བཞིན་ཡོད།
5.སྐྱེ་དངོས་ཀྱི་རྫས་ནུས།
སྐྱེ་དངོས་ཀྱི་རྫས་ནུས་ནི་རྩི་ཤིང་དང་། སྲོག་ཆགས། སྐྱེ་དངོས་ཕྲ་རབ་སོགས་སྐྱེ་རྒྱུ་ཡོད་པའི་སྐྱེ་ལྡན་རྫས་ཀྱི་ནང་ན་ཡོད་ལ་ཉི་ནུས་ལས་མཆེད། སྐྱེ་དངོས་ཀྱི་རྫས་ནུས་ནང་དུ་ནུས་ཁུངས་སུ་བེད་སྤྱོད་བྱས་ཆོག་པ་ནི། གཙོ་བོར་ཞིང་ནགས་ལས་ཀྱི་ཞོར་ཐོན་དངོས་རྫས་དང་། མི་ཕྱུགས་ཀྱི་བཤང་གཅི། གད་སྙིགས་སོགས་སྐྱེ་ལྡན་བེད་མེད་སྙིགས་རྫས་ཡིན།།