༄༅།། བོད་ཀྱི་བུད་མེད་ཞིབ་འཇུག་གི་གནས་བབ་རོབ་ཙམ་གླེང་བ།

ཡེ་ཤེས་སྒྲོལ་མ། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-14


དང་པོ། ལོ་རྒྱུས།
  དུས་རབས་བདུན་པར་སྲོང་བཙན་སྒམ་པོས་སྲིད་དབང་བཟུང་དུས་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་སོགས་གཏན་འབེབས་མཛད་པར་མ་ཟད་དེ་རུ་བུད་མེད་ཀྱི་ཁ་ལ་མི་ཉན་པ་སོགས་བཀོད་པ་ལས། སྐབས་དེར་བོད་ཀྱི་བུད་མེད་སྐུ་དྲག་རེ་འགའ་ལས་གཞན་པའི་བུད་མེད་ཕལ་མོ་ཆེར་རང་ལུས་ཁེ་དབང་ཅུང་དམའ་བ་མཚོན་ནུས། 
  སྤྱི་ལོ་དུས་རབས་བདུན་པར། འབྲི་བཟའ་ཁྲི་མ་ལོད་ཀྱིས་བུ་དང་ཚ་བོའི་ཚབ་ཏུ་སྲིད་དབང་ལ་ཁ་ལོ་བསྒྱུར་བ་ཡིས་བོད་ཀྱི་བུད་མེད་སྤྱི་ཚོགས་ཀྱི་ཆབ་སྲིད་ལས་དོན་ཐད་ཞུགས་པའི་གོམ་པ་དང་པོ་སྤོས་པ་མཚོན་པ་དང་། དུས་རབས་བརྒྱད་པར་ཁྲི་སྲོང་ལྡེའུ་བཙན་གྱིས་ནང་པའི་བསྟན་པ་སྤེལ་ཆེད་རྒྱ་གར་ནས་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་པར་མ་ཟད་བཙུན་མོ་ཡེ་ཤེས་མཚོ་རྒྱལ་སློབ་དཔོན་པདྨ་འབྱུང་གནས་ལ་དབང་ཞུས་པའི་ཡོན་དུ་ཕུལ་བ་སློབ་དཔོན་པདྨའི་ཐུགས་སྲས་ཀྱི་གཙོ་བོར་གྱུར་ལ། སློབ་དཔོན་ལས་མདོ་སྔགས་ཀྱི་ཆོས་བཀའ་ཐམས་ཅད་དང་ཤིན་ཏུ་གཅེས་པའི་མན་ངག་གང་ཟབ་ཟབ་ཐོབ་ཅིང་སློབ་མ་སྟོང་ཕྲག་ལྷག་བསྐྱངས། བརྩམས་ཆོས་མང་པོ་ཡོད་པ་མ་འོངས་གདུལ་བྱའི་དོན་དུ་གཏེར་ལ་སྦས། ཡེ་ཤེས་མཚོ་རྒྱལ་གྱི་ཕག་རྗེས་དེ་དག་ལས་བོད་ཀྱི་བུད་མེད་ཀྱིས་ཆོས་ལུགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་གོ་གནས་ངེས་ཅན་འཛིན་འགོ་བརྩམས་པ་མཚོན།
  དུས་རབས་བཅུ་གཉིས་པར་བྱུང་བའི་མ་གཅིག་ལབ་སྒྲོན་(1103-1201)ནི་བོད་ཀྱི་ལོ་རྒྱུས་སྟེང་གི་སྐད་གྲགས་ཆེ་བའི་མཁའ་འགྲོ་མ་ཞིག་ཡིན་ལ། ཁོང་མོས་དང་པོར་དགེ་བཤེས་ཨ་སྟོན་ལས་གསན་སྦྱོང་མཛད་ལ། རྗེས་སུ་ཕ་དམ་པ་སངས་རྒྱས་བསྟེན་ནས་ཞི་བྱེད་གཅོད་ཀྱི་གདམས་པའི་བདག་པོར་གྱུར། རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་ལོར་གཡའ་རིའི་རྨོག་ལུང་དུ་གཏེར་སྦས། འདི་ཉིད་ཀྱིས་མཛད་པའི་གཅོད་གཞུང་ནི《གཅོད་གཞུང་བཀའ་ཚོམ་ཆེན་མོ།》དང《ཡང་རྩོམ།》 《ཉིང་རྩོམ།》 《ལེའུ་ལག》 《གནས་ཐེམ།》 《ཁོང་རྒོལ།》 《གསང་བ་བརྡ་ཆོས།》 《ལ་བཟླས་སྐོར་གསུམ།》 《གཞི་ལམ་སློང་བ།》《ཁྱད་པར་གྱི་མན་ངག》དང་བཅས་བཅུའོ།། དེ་ནས་ཀྱང་མ་ཅིག་ཡང་སྤྲུལ་བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་བསོད་ནམས་འདྲེན་མ་དང་། ཇོ་མོ་སྨན་མོ་(1248- 1283)། རྗེ་བཙུན་མི་འགྱུར་དཔལ་སྒྲོན(1639-1709)། གུང་རི་མཁའ་འགྲོ་མ་ལྷ་རྩེ་དཔོན་མོ་བསོད་ནམས་རྒྱན། ཤུག་གསེབ་རྗེ་བཙུན་མ། དབུས་བཟའ་མཁའ་འགྲོ་སོགས་ཀྱིས་མཚོན་པའི་བོད་པའི་བུད་མེད་སྐད་གྲགས་ཅན་མང་དུ་བྱུང་ཡང་འདིར་རེ་རེ་བཞིན་མ་བཀོད།
  འདས་པའི་ལོ་ངོ་སྟོང་ཕྲག་གཅིག་གི་རིང་ལ་བོད་ཀྱི་ཡིག་ཚགས་སུ་བུད་མེད་སྐོར་གྱི་རྒྱུ་ཆ་ཧ་ཅང་དཀོན་ཞིང་ཡོད་པ་ཙམ་པོ་ཡང་ལོ་རྒྱུས་སམ་ཆོས་ལུགས་ཡིག་ཚགས་སུ་ཡིག་རྡོག་འགའ་རེ་འགས་གྲུབ་པའོ། ། དེ་བཞིན་དུ་བུད་མེད་རེ་འགའ་སྲིད་དོན་ལ་ཞུགས་པ་ལས་སྐད་གྲགས་ཅན་མང་ཆེ་ཤོས་ནི་ཆོས་ལུགས་སམ་གསོ་རིག་ཐད་ཕག་རྗེས་ཆེ་བ་འབའ་ཞིག་ཏུ་སྣང་ཞིང་དེ་དག་ལ་ཞིབ་འཇུག་བྱས་པ་ནི་རི་བོང་གི་རྭའི་རྗེས་སུ་འགྲོ་བ་ཞིག་གོ།
གཉིས་པ། ད་ལྟའི་གནས་བབ།
  2002ལོར་བོད་ལྗོངས་བུད་མེད་ལྷན་ཚོགས་ཀྱིས་ནང་ཁུལ་དུས་དེབ་《བོད་ལྗོངས་བུད་མེད་དུས་དེབ།》གསར་དུ་བཏོན་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་བུད་མེད་ཞིབ་འཇུག་ལྟེ་གནས་བཙུགས། 2004ལོ་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་《བོད་ཀྱི་སྐྱེས་མའི་ཚགས་པར།》རྩོམ་སྒྲིག་པར་སྐྲུན་འགྲེམ་སྤེལ་བྱས་མོད། འོན་ཏེ་ཆེད་དམིགས་ཀྱི་ཞིབ་འཇུག་ལས་ཁུངས་མེད་ལ་ཞིབ་འཇུག་མི་སྣ་ཧ་ཅང་ཉུང་བ་རེད།
  དུས་རབས་ཉི་ཤུ་བའི་བཅོས་བསྒྱུར་སྒོ་འབྱེད་རྗེས་ནས་བོད་སྤྱི་ཚོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ལ། བོད་ཀྱི་བུད་མེད་ཚོར་སྤྱི་ཚོགས་ཀྱི་ལས་ཀ་སྣ་ཚོགས་སུ་ཞུགས་འགོ་བརྩམས་ཤིང་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་དང་སྤྱི་ཚོགས་ཀྱི་གོ་གནས། གཉེན་དོན། བདེ་ཐང་སོགས་ཐད་ཀྱི་ཞིབ་འཇུག་གྲུབ་འབྲས་ཀྱང་སྐོར་ཞིག་ཐོན་འདུག་སྟེ།
1. དཔྱད་རྩོམ་སྐོར།
  དེ་ཡང་བོད་ཀྱི་བཙན་པོ་མང་སྲོང་མང་བཙན་གྱི་བཙུན་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱི་སྐོར་ལ་ཞིབ་འཇུག་བྱས་པ་ཅུང་མང་ལ། རྩོམ་མཁན་རྣམ་པས་མཐོང་སྣེའམ་ཟུར་མི་འདྲ་བའི་ངོས་ནས་བུད་མེད་ཆབ་སྲིད་པ་ཁོང་མོའི་མཛད་རྗེས་ལ་གདེང་འཇོག་དང་དེ་འབྲེལ་ལོ་རྒྱུས་རྩོད་ཉོག་དག་གསལ་སྒྲུབ་བྱས་ཡོད་ཅིང་། དེའི་དཔེ་མཚོན་ནི་ཁྲུན་ཁྲུང་ཁེའི་《བོད་བཙན་པོའི་དུས་ཀྱི་བུད་མེད་ཆབ་སྲིད་པ་ཁྲི་མ་ལོད་ཀྱི་དཔྱད་ཞིབ་》དང་ལྕགས་ཐར་རྒྱལ་གྱིས་ཏུན་ཧོང་ཡིག་རྙིང་གཞིར་བཟུང་ནས་བྲིས་པའི《རྒྱལ་མོ་འབྲོ་བཟའ་ཁྲི་མ་ལོད་》ལྟ་བུ་ཡིན། དེ་བཞིན་དུ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་ཚེ་སྤོང་བཟའ་དམར་རྒྱན་གྱི་སྐོར་ལ་དཔྱད་རྩོམ་སྤེལ་བ་ཁ་ཤས་ཡོད་པ་ལས་བཟང་ཤོས་ནི་རྒྱ་ཡེ་བཀྲ་བྷོའི《དམར་མོ་མ་དང་དཀར་མོ་མ།--ཚེ་སྤོང་བཟའ་དམར་རྒྱན་དང་མྱང་ཚ་དཀར་རྒྱན་ལ་བཀྲོལ་ཀློག་བྱས་པ།》ལྟ་བུ་ཡིན་ནོ། །
  དེ་ཡང2006ལོར་དཔལ་མོས་གཙོ་སྒྲིག་བྱས་པའི་《དེང་རབས་བོད་རིགས་བུད་མེད་ཀྱི་བརྩམས་ཆོས་བདམས་བསྒྲིགས་ལས་དཔྱད་རྩོམ་ཕྱོགས་བསྒྲིགས།》ནི་བོད་པའི་བུད་མེད་ཉམས་ཞིབ་པ་ཚོའི1981-2006ལོའི་བར་གྱི་བྱས་འབྲས་ཕྱོགས་བསྡོམས་སམ་འགྲེམ་སྟོན་བྱས་པ་ཞིག་ཡིན་ལ། དེ་ནི་བོད་རིགས་བུད་མེད་ཀྱི་བློ་སྦྱོང་དང་ཤེས་ཡོན། ལྟ་གྲུབ་སོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཏུའང་གྱུར་ཡོད། གཞན་ཡང་མཚམས་གཅོད་སྒྲོལ་མའི་《བོད་ལྗོངས་བུད་མེད་ཞིབ་འཇུག་གླེང་བ།》དང་བདེ་སྐྱིད་སྒྲོལ་མའི་《གནམ་རྫོང་ཇོ་མོ་དགོན་པའི་ཞིབ་འཇུག》ལྟ་བུའི་ཆེད་རྩོམ་ལེགས་གྲས་ཀྱང་ཡོད་དོ། །
2.དཔེ་དེབ་སྐོར།
  ཉེ་བའི་ལོ་ལ་བོད་རིག་པའི་ཞིབ་འཇུག་གི་ཚ་རླབས་ཡོངས་སུ་འཕྱུར་བའི་འགྲོས་དང་བསྟུན་ནས་བོད་རིགས་བུད་མེད་ཀྱི་ཞིབ་འཇུག་ལ་དོ་སྣང་དང་སྤྲོ་བ་ཡོད་མཁན་ཇེ་མང་དུ་སོང་བ་དང་། དེ་བཞིན་དུ་བོད་རིགས་བུད་མེད་ལ་ཞིབ་འཇུག་བྱེད་པའི་བརྗོད་བྱ་ཡང་ཕུན་སུམ་ཚོགས་པོར་གྱུར་ཏེ། བོད་རིགས་བུད་མེད་ལ་ཞིབ་འཇུག་བྱས་པའི་རིག་གཞུང་བརྩམས་ཆོས་སམ་ཆེད་དེབ་ཀྱང་སྐོར་ཞིག་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་དེ།
1.《བོད་བརྒྱུད་ནང་བསྟན་བཙུན་མའི་ཞིབ་འཇུག》ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་བདེ་སྐྱིད་སྒྲོལ་མས་བརྩམས་ཤིང་། བོད་པའི་བུད་མེད་དཔུང་སྡེ་ལས་དམིགས་བསལ་བ་བཙུན་མའི་སྐོར་ལ་ཞིབ་འཇུག་གནང་བའི་རིག་གཞུང་ཆེད་དེབ་ཅིག་ཡིན་ལ། བཙུན་མའི་བྱུང་བ་དང་འཕེལ་རྒྱས། སྡོམ་ཁྲིམས། རྩ་འཛུགས། འཚོ་བ། གནད་དོན་སོགས་ལ་ཕྱོགས་མང་པོ་ནས་ཞིབ་འཇུག་བྱས་པ་ཞིག་ཡིན་པས། དཔྱད་གཞི་དང་རིག་གཞུང་རིན་མི་དམན་པ་ལྡན།
2.《ལྷ་སའི་བཙུན་མའི་དགོན་སྡེའི་འདོན་རྟ--མཚམས་ཁུང་བཙུན་མའི་ཆོས་ལུགས་ཆོ་གའི་མཆོད་རྫས་ཀྱི་ཞིབ་འཇུག》ནི་ཧོང་ཡུང་གི་རབ་འབྱམས་པའི་དཔྱད་རྩོམ་ཡིན་ལ།མཚམས་ཁུང་བཙུན་མ་དགོན་པའི་ལོ་རྒྱུས་བྱུང་བ་དང་རྩ་འཛུགས་སྒྲིག་གཞི། ཆོས་ལུགས་ཆོ་ག་སོགས་བརྗོད་པ་དང་། ལྷག་པར་གཏོར་མ་སོགས་མཆོད་པ་མཆོད་རྫས་ཀྱི་རིགས་ལ་དབྱེ་ཞིབ་ཞིབ་ཕྲ་གནང་བའི་རིག་གཞུང་དང་ཀློག་སྤྲོའི་ཡོན་ཏན་ཉིས་ལྡན་ཞིག་གོ། །
3. 《བོད་རིགས་བུད་མེད་ལ་དཔྱད་པ།》ནི་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ལྷ་མོ་འཚོས་བརྩམས་ཤིང་། རྩོམ་པ་པོས་དུས་མི་འདྲ་བར་སྤེལ་བའི་བོད་རིགས་བུད་མེད་སྐོར་གྱི་ཆེད་དོན་ཞིབ་འཇུག་དང་ཆེད་དོན་བརྩད་ཞིབ། ཟུར་བཀོད་བཅས་སྐོར་གསུམ་གྱིས་གྲུབ་པ་ཞིག་ཡིན་ལ། བོད་རིགས་བུད་མེད་ཀྱི་གོ་གནས་དང་བྱེད་ནུས། གཉེན་དོན། ཁེ་དབང་། ཁྲིམས་ལུགས་འགན་སྲུང་སོགས་གནད་དོན་ལ་ཉམས་ཞིབ་བྱས་པ་ཞིག་གོ། །
4. 《བོད་རིགས་བུད་མེད་ཀྱི་ངག་བརྗོད་ལོ་རྒྱུས།》ནི་གླིང་སྒྲུང་ཞིབ་འཇུག་པ་དབྱང་ཨུན་ཧོང་གིས་བརྩམས་ཤིང་། ལས་རིགས་དང་ཐོབ་ཐང་མི་འདྲ་བའི་བོད་རིགས་བུད་མེད་22ཀྱི་ངག་བརྗོད་ལོ་རྒྱུས་གུང་བསྒྲིགས་ནས། ཁོ་མོ་ཚོའི་མི་ཚེའི་བྱུང་བ་དང་འཚོ་བའི་མྱོང་བ། བརྩེ་དུང་ལས་དོན་སོགས་ཟིན་བྲིས་སུ་བཏབ་སྟེ་དུས་རབས་གསར་བའི་བོད་རིགས་བུད་མེད་ཀྱི་གོ་གནས་གནས་དང་བྱེད་ནུས་མངོན་མཚོན་བྱས་ཡོད།
གསུམ་པ། མཇུག་བསྡུའི་གཏམ།
  བོད་རིགས་བུད་མེད་ལ་ཞིབ་འཇུག་གནང་མཁན་མང་ཆེ་ཤོས་ནི་ལས་ཞོར་མོས་པ་ཅན་ནམ་ལས་ཟུར་པ་ཡིན་པས་ཆེད་ལས་ཀྱི་གཞུང་ལུགས་སློབ་སྦྱོང་དབེན་པ་གཞི་བྱས་ནས་ཞིབ་འཇུག་བྱས་འབྲས་ཀྱི་རིག་གཞུང་སྤུས་ཚད་ཞན་པ་དང་། ཞིབ་འཇུག་པ་མང་པོར་སྲོལ་རྒྱུན་རིག་གནས་ཀྱི་ཆ་རྒྱུས་དམན་པས་ཧ་མ་གོ་བ་དང་ཕྱིན་ཅི་ལོག་ཏུ་བཀྲལ་བ་སོགས་ཀྱི་གནས་ཚུལ་མང་པོ་ཡོད། དེའི་ཕྱིར་འབྲེལ་ཡོད་སྡེ་ཁག་གིས་ཆེད་ལས་སློབ་གསོ་ཡོད་ལ་ཞིབ་འཇུག་ཐབས་ཤེས་མངའ་བའི་ཞིབ་འཇུག་པའི་དཔུང་སྡེ་འཛུགས་པར་བསམ་གཞིག་གཏོང་དགོས་པ་དང་། བུད་མེད་ཞིབ་འཇུག་ལ་རྩེ་གཅིག་ཏུ་བརྩོན་པ་དག་ལ་མ་དངུལ་གྱི་མཐུན་རྐྱེན་གང་འཚམ་སྦྱོར་འོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1