ཚེ་སྲོག་ཚན་རིག་ནི་ཚེ་སྲོག་གི་ཁྱད་ཆོས་དང་འབྲེལ་བའི་གྲོས་གཞི་གལ་ཆེན་ལ་མ་ལག་རང་བཞིན་ལྡན་པའི་སྒོ་ནས་ཞིབ་བརྗོད་བྱེད་པའི་ཚན་རིག་ཞིག་ཡིན། སྲོག་མེད་ཞིང་ཁམས་ལ་འདེགས་སྐྱོར་ཀྱི་ནུས་པ་ལྡན་པའི་དངོས་ལུགས་དང་རྫས་འགྱུར་གྱི་གཏན་སྲོལ་ཡང་དེ་དང་དེ་བཞིན་དུ་སྲོག་ལྡན་ཞིང་ཁམས་སུ་་སྤྱད་ཆོག་ཅིང་། འཚོ་བའི་དངོས་པོར་གསོན་ཤུགས་ངོ་མཚར་ཅན་ཞིག་སྤྲོད་དགོས་དོན་མེད། ཚེ་སྲོག་ཚན་རིག་ལ་རྒྱུས་ལོན་གཏིང་ཟབ་ཞིག་བྱས་ན། དངོས་ལུགས་དང་རྫས་འགྱུར་ལ་སོགས་པའི་མིའི་རིགས་ཀྱི་རིག་གནས་ཁྱབ་ཁོངས་གཞན་གྱི་འཕེལ་རྒྱས་ལ་ཡང་སྐུལ་འདེད་ཡོང་བ་ནི་གདོན་མི་ཟ། དཔེར་ན། ཚེ་སྲོག་ཚན་རིག་ཁྲོད་དུ་དུས་རབས་རང་བཞིན་གྱི་དྲི་བ་ཁག་པོ་ཞིག་ཡོད་དེ། བློ་རིག་ནི་གང་ནས་བྱུང་བ་ཡིན་ཞེས་པ། ང་ཚོས་དབང་རྩའི་གཞི་རྐྱང་བས་ཇི་ལྟར་འགུལ་སྐྱོད་བྱེད་པ་གསལ་པོར་རྟོགས་ཡོད་ལ། འོན་ཀྱང་། དབང་རྩའི་གཞི་དུང་ཕྱུར་བརྒྱ་ཕྲག་ལྷག་ལས་གྲུབ་པའི་ཀླད་པ་འདིས་ཇི་ལྟར་བློ་རིག་འབྱུང་གིན་ཡོད་པར་གཏན་ནས་མི་ཤེས། མིའི་རིགས་ཀྱི་བློ་རིག་ལ་ཁ་གཏད་པའི་འགྲན་སློང་ཆེས་ཆེ་ཤོས་ནི། བློ་རིག་དེ་ཉིད་ལ་ཇི་ལྟར་འགྲེལ་བཤད་བྱ་རྒྱུ་དེ་རེད་ཅེས་བརྗོད་ཆོག དྲི་བ་འདི་རིམ་བཞིན་གཏིང་ཟབ་ཏུ་ཕྲལ་བ་དང་བསྟུན་ནས་མིའི་རིགས་ཀྱི་ཤེས་བྱའི་གྲུབ་ཚུལ་ཡང་འགྱུར་འགྲོ་སྲིད། ཚེ་སྲོག་ཚན་རིག་ལ་ཞིབ་འཇུག་འདི་དངོས་ལུགས་དང་རྫས་འགྱུར་ཤེས་བྱར་བརྟེན་པ་ཕུད། ད་དུང་དེ་གཉིས་ཀྱིས་འདོན་སྤྲོད་བྱས་པའི་སྒྲིག་ཆས་ལ་ཡང་བརྟེན་དགོས་ཏེ། དཔེར་ན། འོད་རིག་པ་དང་གློག་རྡུལ་ཕྲ་མཐོང་ཆེ་ཤེལ། སྤྲི་དཀར་བཅུད་ཀྱི་གློག་རྩའི་ཡོ་བྱད། X-འཕྲོ་ཐིག་སྒྲིག་ཆས་སོགས་བགྲང་གིས་མི་ལངས་བ་ཡོད། ཚེ་སྲོག་ཚན་རིག་པ་བ་ཡང་རིག་ཚན་ཁག་སོ་སོ་ནས་འཛོམས་སྟེ་བྱུང་བ་ཞིག་ཡིན། རིག་ཚན་ཁག་བར་གྱི་ཕན་ཙུན་བསྣོལ་བ། ཕན་ཚུན་ཁྲོད་སིམ་འཛུལ་བྱས་ཡོད་པ་དེས་རིག་ཚན་གསར་པ་ཞིག་གམ་འཚར་ལོངས་ཀྱི་གནས་ཚད་མེད་ཅིག་གཏོད་ཡོད།
ཚེ་སྲོག་ཚན་རིག - གྲོས་གཞི་གཙོ་བོ།
ཚེ་སྲོག་ཚན་རིག་གི་ཞིབ་འཇུག་གམ་ཡང་ན་ཞིབ་འཇུག་བྱེད་བཞིན་པའི་གྲོས་གཞི་གཙོ་བོ་གང་ཡིན་ཞེ་ན། དེ་ནི་སྐྱེ་དངོས་ཀྱི་རྫས་འགྱུར་ངོ་བོ་གང་ཡིན་ཟེར་བ་དེ་ཡིན། རྫས་འགྱུར་དངོས་པོ་འདི་དག་གིས་གཟུགས་པོའི་ཁྲོད་དུ་ཕན་ཚན་ལ་ཇི་ལྟར་བརྗེ་འགྱུར་བྱེད་པ་དང་། ཚེ་སྲོག་གི་ཁྱད་ཆོས་ཇི་ལྟར་ཚུར་སྣང་བྱེད་པ་ཡིན། སྐྱེ་དངོས་འདུས་རྡུལ་ཆེན་པོའི་གྲུབ་ཚུལ་དང་སྒྲིག་གཞི་ཇི་འདྲ་ཞིག་ཡིན། ཕྲ་ཕུང་གིས་ཇི་ལྟར་ལས་ཀ་བྱེད་པ་ཡིན། ཕྲ་ཕུངའདྲ་མིན་སྣ་ཚོགས་དག་གིས་ནུས་པ་སྣ་ཚོགས་ཇི་ལྟར་ལེགས་གྲུབ་བྱུང་པ་ཡིན། གཞི་རྐྱེན་དེ་རྒྱུད་སྤེལ་དངོས་པོ་ཞིག་ཡིན་པའི་ཆ་ནསདེའི་ནུས་པ་ཇི་ལྟར་ཐོན་གྱིན་ཡོད། ནང་རྐྱེན་གང་གིས་ཕྲ་ཕུང་བསྐྱར་བཟོ་བྱེད་རྒྱུར་སྐུལ་འདེད་བྱེད་པ་ཡིན། ཐིག་ལེ་སྡུད་ལེན་བྱས་སྲིན་པའི་སྒོ་ང་གཅིག་ཡོད་པ་དང་། དེ་ཕན་ཚུན་ཉག་ཙམ་ཡང་མི་འདྲ་བའི་ཕྲ་ཕོང་རིགས་ཀྱིས་གྲུབ་པའི་དབང་པོ་ཚད་མཐོན་པོའི་ཕྲ་ཕུང་མང་པོའི་སྐྱེ་དངོས་སུ་གཞན་འགྱུར་བྱེད་སྐབས་སུ། ཐིག་ལེ་སྡུད་ལེན་བྱས་སྲིན་པའི་སྒོ་ང་དེས་རང་གི་རྒྱུད་འདེད་ཆ་འཕྲིན་ཇི་ལྟརབེད་སྤྱོད་ཀྱིན་ཡོད། ཕྲ་ཕོང་རིགས་མི་འདྲ་བ་དག་གིས་ཇི་ལྟར་ཟུང་འབྲེལ་བྱས་ཏེ་དབང་བོ་དང་གཟུགས་པོའི་གྲུབ་ཆ་གྲུབ་ཀྱིན་ཡོད། དངོས་རིགས་ནི་ཇི་ལྟར་གྲུབ་པ་ཡིན་པ་དང་། རྒྱུ་རྐྱེན་གང་གིས་དབང་གིས་འཕེལ་འགྱུར་འབྱུང་བ་ཡིན། མིའི་རིགས་ད་ལྟ་ད་དུང་སྔར་བཞིན་འཕེལ་འགྱུར་བྱེད་ཀྱིན་ཡོད་དམ། སྐྱེ་ཁམས་ཁོར་ཡུག་ཆུང་ངུ་ངེས་ཅན་ཞིག་ནང་དུ། དངོས་རིགས་བར་གྱི་འབྲེལ་བ་ཅི་འདྲ་ཞིག་ཡིན། ཁོར་ཡུག་འདིའི་ཁྲོད་ཀྱི་དངོས་རིགས་སོ་སོའི་གྲངས་འབོར་དེར་རྒྱུ་རྐྱེན་གང་ཞིག་གིསཚོད་འཛིན་བྱས་ཡོད། སྲོག་ཆགས་བྱ་སྤྱོད་ཀྱི་ལུས་ཁམས་རིག་པའི་རྨང་གཞི་ནིགང་ཡིན། དྲན་པ་ནི་ཇི་ལྟར་གྲུབ་པ་ཡིན། དྲན་པ་དེ་གང་རུ་ཉར་ཚགས་བྱས་ཡོད། རྒྱུ་རྐྱེན་གང་དག་གིས་སློབ་སྦྱོང་དང་དྲན་པར་ཤུགས་རྐྱེན་ཐེབས་ཐུབ། བློ་རིག་ནི་གང་ནས་བྱུང་བ་ཡིན། སའི་གོ་ལ་ཕུད་པའི་འཇིག་རྟེན་ཁམས་གཞན་དུ། ཤེས་རབ་དང་ལྡན་པའི་ཚེ་སྲོག་ཡོད་དམ། ཚེ་སྲོག་ནི་ཇི་ལྟར་འབྱུང་བ་ཡིན་ལ་སོགས་སོ།
ཚེ་སྲོག་ཚན་རིག - སློབ་སྦྱོང་གི་ནང་དོན་གཙོ་བོ།
ཚེ་སྲོག་ཚན་རིག་ཅེས་བའི་སློབ་ཚན་འདིའི་རིག་ཚན་གཙོ་བོའི་སྐོར་རགས་ཙམ་བརྗོད་ན། དེ་ལ་ཚེ་སྲོག་ཚན་རིག་གི་མཚན་ཉིད་དང་ཞིབ་འཇུག་ནང་དོན། ཚེ་སྲོག་ཚན་རིག་གི་་ཞིབ་འཇུག་ལོ་རྒྱུས་འདོར་བསྡུས། ཚེ་སྲོག་ཚན་རིག་ཞིབ་འཇུག་གི་དོ་སྣང་བྱེད་ཡུལ་གཙོ་བོ་དང་འཕེལ་ཕྱོགས། ཚེ་སྲོག་མི་ཆོས་རིག་པ། ཚེ་སྲོག་ཚན་རིག་གི་རྨང་གཞི(ཚེ་སྲོག་གི་དངོས་པོའི་རྨང་གཞི། ཚེ་སྲོག་གི་རྩ་བའི་སྣང་ཚུལ། ཚེ་སྲོག་གི་རྒྱུད་འཛིན་དང་རྒྱུད་འགྱུར། ཚེ་སྲོག་གི་འབྱུང་ཁུངས་དང་འཕེལ་འགྱུར། སྐྱེ་དངོས་ཀྱི་སྣ་མང་རང་བཞིན། སྐྱེ་དངོས་དང་ཁོར་ཡུག)དང་དེང་རབས་ཚེ་སྲོག་ཚན་རིག(ཚེ་སྲོག་ཚན་རིག་དང་དེང་རབས་སྐྱེ་དངོས་ལག་རྩལ། ཚེ་སྲོག་ཚན་རིག་དང་ཞིང་ལས་ཚན་རིག ཚེ་སྲོག་ཚན་རིག་དང་ཁོར་ཡུག་ཚན་རིག ཚེ་སྲོག་ཚན་རིག་དང་སྐྱེ་དངོས་ནུས་ཁུངས། ཚེ་སྲོག་ཚན་རིག་དང་དེང་རབས་གསོ་བ་རིག་པ། ཚེ་སྲོག་ཚན་རིག་དང་སྨན་རྫས་ཀྱི་ཞིབ་འཇུག་དང་གསར་སྤེལ། ཚེ་སྲོག་ཚན་རིག་དང་རྒྱ་མཚོའི་སྐྱེ་དངོས་ཐོན་ཁུངས། ཚེ་སྲོག་ཚན་རིག་དང་དམག་དོན་སྐྱེ་དངོས་ལག་རྩལ) སྐྱེ་དངོས་ཆ་འཕྲིན་རིག་པ་དང་སྐྱེ་དངོས་སྙིང་ལྷེབ། ཚེ་སྲོག་ཚོགས་ཁག་རིག་པ་དང་མ་ལག་སྐྱེ་དངོས་རིག་པ་བཅས་སོ།
ཚེ་སྲོག་ཚན་རིག་ - བེད་སྤྱོད་ཀྱི་ཕན་འབྲས།
1953ལོའི་ཟླ་4པའི་ཚེས་25ཡི་ཉིན། དབྱིན་ཇིའི་《རང་བྱུང》་ཞེས་བའི་ཚན་རིག་དུས་ཀྱིས་ཀྲེམ་སི་ཨོ་སིན་དང་ཧྥུ་ལང་ཤི་སེ་ཁེ་ལི་ཁེའི ་དཔྱད་རྩོམ་སྤེལ་འདུག གྲུབ་འབྲས་འདི་ལ་མི་མང་པོས་དུས་རབས་ཉེར་གཅིག་གི་ཆེས་གལ་ཆེ་བའི་ཚན་རིག་གསར་རྙེད་ཀྱི་གྲས་ཤིག་ཅེས་གདེངས་འཇོག་བྱེད་ཀྱིན་ཡོད་དེ། དེར་རྒྱུད་སྤེལ་དངོས་པོ་DNA(དབྱང་མེད་ཉིང་མངར་ཉིང་སྐྱུར་)ཡི་ཆགས་ཚུལ་ནི་དུང་འཁྱིལ་དབྱིབས་ཟུང་ཡིན་པར་བཤད། འདི་ནས་བཟུང་སྟེ། མིའི་རིགས་ཀྱིས་ཚེ་སྲོག་ཚན་རིག་གི་རྩད་ཞིབ་ཀྱི་བགྲོད་ལམ་སྟེང་དུ་གོམ་སྟོབས་ཡར་ངོས་ཟླ་བཞིན་འཕེལ། འོན་ཀྱང་DNAཡི་ཁྲོད་ཀྱི་རྒྱུད་འཛིན་གྱི་གསང་གྲངས་དེ། ཡང་སྙིང་ཇི་ལྟར་སྟར་སྒྲིག་པ་སོགས་ལྟ་བུའི་དྲི་བ་ཁག་པོ་འདི་དག་གིས་གནའ་ནས་ད་བར་དུ་འཛམ་གླིང་རྒྱལ་ཁབ་དག་གི་ཚན་རིག་པ་ཚོར་དཀའ་ངལ་བཟོས་ཡོད། གསར་རྙེད་འདི་2000ལོར་ཐོག་དང་པོར་ཁྱབ་བསྒྲགས་བྱས་པའི་མིའི་རིགས་ཀྱི་གཞི་རྐྱེན་ཚོགས་པའི་དཔེ་རིས་དང་བསྡུར་ན། གཞི་རྐྱེན་ཚོགས་པའི་དེབ་ཆ་ཚང་དེས་ཚོད་ལྟའི་དཔེ་རིས་ཁྲོད་ཀྱི་མི་འདང་ས་མང་པོར་ཁ་གསབ་བྱས་ཡོད་ཅིང་། ད་དུང་བཟོ་བཅོས་མང་པོ་བྱས་ཡོད། ཚོད་ལྟའི་དཔེ་རིས་ཀྱི་ཅན་ཅིའི་ཁྲི་ཚོ་རེའི་ཁྲོད་ནོར་འཕྲུལ་རེ་ཡོད། འོན་ཀྱང་། ད་ལྟར་ནོར་འཕྲུལ་ཤོར་ཚད་དེ་ཁྲི་བཅུ་ཆའི་གཅིག་ཏུ་མར་ཕབ་ཡོད།
ཞིབ་འཇུག་མི་སྣའི་བསམ་པར། ཆེས་ཆེ་ཞིང་གཙོ་ཆེ་ཤོས་ཀྱི་གནད་དོན་ནི། མིའི་ཚེ་སྲོག་གི་རྒྱུད་འཕེལ་བ་དང་འཚར་ལོངས་ལེགས་འགྲུབ་བྱེད་པར་ཡང་སྙིང་གཞི་རྐྱེན་ག་ཚོད་དགོས་པ་དེ་ཡིན། མིག་སྔར་ཚོད་དཔག་བྱས་པ་ལྟར་ན། ཁྲི་2.5ནས་ཁྲི་3བར་ཡིན་ལ། འདི་དང་ཐོག་ཚན་རིག་པས་ཚོད་དཔག་བྱས་ཏེ་ཁྲི་10ཡོད་ཟེར་བ་དང་བསྡུར་ན་ཧ་ཅང་ཉུང་། ཧྥུ་ལང་ཤི་སེ་ཧེ་ལིན་སེས་བཤད་རྒྱུར། དོན་དངོས་སུ་དབྱེ་ཞིབ་དེ་ད་དུང་འགོ་འཚུགས་མ་ཐག་ཡིན་ཞིང་། ང་ཚོས་མི་དང་མིའི་བར་གྱི་ཐུན་མོང་གི་ཆ་དང་མི་ཐུན་པའི་ཆ་མང་པོ་ཤེས་རྟོགས་བྱུང་ཐུབ་ཞེས་ཟེར། དངོས་གནས། མིའི་རིགས་ཀྱིས་གཞི་ནས་དེབ་ཆེན་པོ་འདིའི་ཁྲོད་ཀྱི་གསལ་བྱེད་ཡོད་ཚད་ལ་གོ་བ་ལོན་ཡོད་པ་ལས། ད་དུང་རྒྱ་མཚོ་བཞིན་གཏིང་ཞིང་ཟབ་པའི་གཏམ་རྒྱུད་ཀྱིས་ཀློག་པ་པོའི་རྒྱུས་ལོན་བྱ་རྒྱུར་སྒུག་བསྡད་ཡོད། དེ་རིང་ལེགས་འགྲུབ་བྱུང་བ་དེ་ནི་གསེར་གྱི་རི་བོ་ལྟ་བུའི་དེབ་འདིའི་ཟུར་ཕྲན་བུ་ཙམ་ལས་མིན་པར་མ་ཟད། མིའི་རིགས་གཞི་རྐྱེན་ཚོགས་པའི་ཁྱབ་ཁོངས་ཀྱི་ཀྱང་99%ཙམ་མ་གཏོགས་ལས་ཁེབས་མེད། ལྷག་འཕྲོ་གྱུར་བའི1%ནི་ད་ཡོད་ཚད་འཇལ་ལག་རྩལ་གྱིས་རྩད་གཅོད་བྱེད་ཐབས་བྲལ་བའི་ཆ་ཡིན།
མ་གཞིར། དེ་སྔོན་མིའི་རིགས་ཀྱི་གཞི་རྐྱེན་ཚོགས་པའི་ཡོངས་དེབ་དེ་ལེགས་གྲུབ་མ་བྱུང་སྔོན་ནས་བཟུང་། ཚན་རིག་པའི་དམིགས་ཡུལ་དེ་དངོས་གནས་གཞི་རྐྱེན་གྱི་ནུས་པར་དཔྱད་ཞིབ་དང་སྤྲི་དཀར་བཅུད་ལ་ཞིབ་འཇུག་བྱེད་པ་སོགས་ལ་ཁ་ཕྱོགས་ཟིན་ཡོད། ཚན་རིག་པས་བསམ་ན། ཉུང་མཐར་ཡང་གཞི་རྐྱེན་རིགས་4000ཙམ་མིའི་རིགས་ཀྱི་ནད་ཡམས་བྱུང་ཚུལ་དང་ཐད་དཀར་འབྲེལ་བ་ཡོད་ཅིང་། ད་དུང་གཞི་རྐྱེན་མང་ཤོས་ཤིག་དང་ནད་ཡམས་བར་འབྲེལ་བ་དམ་ཟབ་ཡོད་པར་སྙམ། འོན་ཀྱང་། ནད་རྐྱེན་གྱི་གཞི་རྐྱེན་གཏན་མ་འཁེལ་སྔོན་ལ། ཐོག་མར་ངེས་བར་དུ་གཞི་རྐྱེན་ཚོགས་པའི་སྟེང་རྒྱུད་སྤེལ་གྱི་དོན་སྙིང་ལྡན་པའི་གཞི་རྐྱེན་ཁྲི་ཕྲག་ལྷག་གི་གནས་ཡུལ་དང་གྲུབ་ཚུལ། ནུས་པ་སོགས་ལ་དབྱེ་ཞིབ་བྱེད་དགོས། དེ་ཡང་ནད་གཞི་སློང་མཁན་གྱི་གཞི་རྐྱེན་དེ་གསལ་རྟོགས་བྱུང་རྗེས། གཞི་རྐྱེན་ཚད་ལེན་ཚོད་ལྟ་ལ་ཡར་ངོས་ཟླ་བཞིན་གྱི་འཕེལ་རྒྱས་འོངས་སྲིད། སྐྲན་ནད་དཔེ་བྱས་ན། སྤྱིར་བཏང་ནད་གཞི་འདིའི་རིགས་ཕོག་པར་ལོ་ཁ་ཤས་ཀྱི་དུས་ཡུན་ནང་ད་གཟོད་བྱུང་ཐུབ། ནུས་ལྡན་གྱི་ཚད་ལེན་ཚོད་ལྟས་མི་རྣམས་ལ་ཕལ་ཆེར་སྐྲན་ནད་ཕོག་ཡོད་མེད་པའི་ཉེན་བརྡ་གཏོང་ནུས། གཞི་རྐྱེན་ཚད་ལེན་ཚོད་ལྟས་འདིས་ཀྱང་མི་རྣམས་རང་ཉིད་ལྷག་ཏུ་རྒྱུས་ལོན་གསལ་བོ་བྱེད་རོགས་བྱེད་ཐུབ། ཁྱིམ་རྒྱུད་ལ་ནད་གཞི་ཡོད་པའི་ཁྱིམ་ཚང་གི་མི་མང་པོས་སྔོན་མ་ནས་རང་ཉིད་ལ་ཁྱིམ་རྒྱུད་རྒྱུད་སྤེལ་ནད་གཞི་ཕོག་ངེས་མིན་པའི་གནས་ཚུལ་གསལ་བོར་རྟོགས་འདོད་ཡོད། དངོས་གནས། དེའི་ནང་གི་ཁ་ཤས་ཀྱིས་རང་གི་གསང་བ་ཕྱིར་ཤོར་དོགས་ནས་རྟག་དཔྱད་དང་ལེན་མི་བྱེད་པའང་ཡོད། ཚན་རིག་པའི་སྔོན་ཚོད་ལ། གཞི་རྐྱེན་གྱི་གསོ་རིག་དེ་མིའི་རིགས་ཀྱི་གཞི་རྐྱེན་ཚོགས་པའི་འཆར་གཞི་ལེགས་འགྲུབ་བྱུང་རྗེས་ཀྱི་ལོ་10ནས་20ཡི་ནང་རྫོགས་ལྡན་གྱི་དུས་སྐབས་ཤིག་ཏུ་འགྲོ་ངེས་ཞེས་ཟེར་རོ། །