༄༅། བོད་ཡུལ་དུ་མཆོད་རྟེན་བྱུང་ཚུལ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-20
རང་རེ་བོད་དུ་དམ་པའི་ཆོས་ཀྱི་དབུ་མ་བརྙེས་གོང་ནས་མཆོད་རྟེན་ཡོད་པར་སེམས་ཏེ། གནའ་རབས་སུ་བོན་གྱི་ཆོས་ལུགས་དར་བ་ནས་བཟུང་། ཡུལ་ལྷ་གཞི་བདག་མཆོད་ཡུལ་གྱི་རྟེན་ཏེ། རྟེན་མཁར(དེང་སང་ཡང་དེ་ཡི་རྒྱུན་མ་ནུབ་པར་བོད་ཁམས་སུ་མཐོང་རྒྱུ་ཡོད་པ་དེ་དག་གི་མིང་འདོགས་ཚུལ་གྱི་ཁྱད་པར་ཙམ་ལས། དེའི་དགོས་པ་གཅིག་མཚུངས་སུ་མཐོང་ངོ་།)ཞེས་པ་བྱུང་མྱོང་ཞིང་། རྗེས་སུ་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དེ་ཉིད་དགུང་ལོ་དྲུག་ཅུ་བཞེས་པའི་སྐབས། གསེར་གྱི་མཆོད་རྟེན་མུ་དྲའི་ཕྱག་རྒྱ་སོགས་ནམ་མཁའ་ནས་བབས་པའམ། ཡང་ན་ལོ་ཙཱ་བ་ལི་ཐེ་སེས་ཕུལ་བ་གང་ལྟར་ཡང་སྐབས་དེར་བོད་དུ་ནང་པ་སངས་རྒྱས་པའི་མཆོད་རྟེན་ཐོག་མར་བྱུང་བར་མངོན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་དམ་པའི་ཆོས་ཀྱི་སྲོལ་རྒྱ་ཆེར་བཏོད། ལྷ་ས་དམར་པོ་རིའི་སྟེང་དུ་མཆོད་རྟེན་དཀར་པོ་དང་། མཐའ་འདུལ་དང་ཡང་འདུལ་གྱི་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ཐོག་མ་ཁྲ་འབྲུག་བྱམས་པ་མི་འགྱུར་གྱི་གཙུག་ལག་ཁང་དུ་ལྷ་ཁང་མ་བཞེངས་སྔོན་ཀླུ་གདུག་པ་ཅན་སྦྲུལ་མགོ་ལྔ་དང་ལྡན་པ་ཞིག་བསྒྲལ་བའི་དོན་དུ་མཆོད་རྟེན་རྩེ་ལྔ་པ་བཞེངས། འོ་ཐང་མཚོའི་ཀླུའི་ཕོ་བྲང་གི་ལྷོ་ནུབ་ཏུ་ཙནྡན་གྱི་རུན་སྲང་ཡོད་པར་མཆོད་རྟེན་ཀེ་རུ་བརྩིགས། ར་ས་འཕྲུལ་སྣང་གཙུགས་ལག་ཁང་དུ་མཛད་པ་བཅུ་གཉིས་དང་ཁྲོ་བོ་རྨེ་བརྩེགས་ཀྱི་རྒྱབ་ན་ཆོས་ཀྱི་རྒྱལ་པོ་རང་ཉིད་ཀྱི་ཕྱག་བཟོ་མཆོད་རྟེན་བརྒྱད་སོགས་བོད་ཁམས་ཀུན་ཏུ་མཆོད་རྟེན་མང་པོ་བཞེངས། ཁྲི་སྲོང་ལྡེའི་བཙན་གྱི་དུས་སུ། སློབ་དཔོན་པདྨ་འབྱུང་གནས་བསམ་ཡས་སུ་ཐོག་མར་གདན་དྲངས་པའི་དུས་ཟུར་མཁར་རྡོའི་མཆོད་རྟེན་ནམ་ངོ་མཚར་རྡོའི་མཆོད་རྟེན་ལྔ་དང་། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ཕྱོགས་བཞི་རུ་སྣ་ནམ་རྒྱལ་ཚ་ལྷ་སྣང་དང་། མཆིམས་རྡོ་རྗེ་སྤྲེལ་ཆུང་སོགས་ཀྱིས་ལས་དཔོན་བྱས་ཏེ་མཆོད་རྟེན་དཀར་པོ་བྱང་ཆུབ་ཆེན་པོ་ཉན་ཐོས་ཀྱི་ལུགས་དང་། མཆོད་རྟེན་དམར་པོ་ཆོས་ཀྱི་འཁོར་ལོ་མདྨས་བརྒྱན་པ་བྱང་ཆུབ་སེམས་དཔའི་ལུགས། མཆོད་རྟེན་ནག་པོ་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བརྒྱན་པ་སངས་རྒྱས་ཀྱི་ལུགས། མཆོད་རྟེན་སྔོན་པོ་དཔལ་ལྷ་ལས་བབས་པ་དེ་བཞིན་གཤེགས་པའི་ལུགས་སྒོ་མང་བཅུ་དྲུག་གིས་བརྒྱན་པ་དང་། མཆོད་རྟེན་འོད་འབར་བ་དང་། ཕྱི་ལྕགས་རིའི་སྟེང་དུ་སངས་རྒྱས་ཀྱི་རིང་བསྲེལ་རེ་བཞུགས་པའི་མཆོད་རྟེན་བརྒྱ་རྩ་བརྒྱད་སོགས་བཞེངས། ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་དུས་སུ་བཙན་པོའི་ཐུགས་དམ་ཀྱི་རྟེན་དུ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུགས་ལག་ཁང་བཞེངས་པའི་ཡང་ཕུད་ཀྱི་ཡེར་པར་མཆོད་རྟེན་བཞེངས་པ་དང་། དེའི་གཙང་ཁང་དགུ་ཐོག་གི་ཡང་རྩེའི་རྒྱ་ཕིབས་རླུང་གིས་བསྐྱོད་པ་ན་མཁའ་ལ་གདུགས་ལྟར་དུ་འཁོར་བ་དེ་ལྕགས་ཐག་གིས་ཟུར་བཞི་ནས་མཆོད་རྟེན་ཆེན་པོ་བཞིའི་ངོས་སུ་བཏགས། ལྷ་ལུང་དཔལ་རྡོར་གྱིས་ཡེར་པ་ལྷ་རི་སྙིང་པོར་ས་དཔྱད་མཛད་དེ་མཆོད་རྟེན་ཆེན་མོ་བཞེངས་པ་དང་། ལོ་ཙཱ་བ་སྐ་ཅོག་ཞང་གསུམ་མྱ་ངན་ལས་འདས་པའི་སྐུ་གདུང་གི་མཆོད་རྟེན་ཧས་པོ་རིར་བརྩིགས་པ་སོགས་མཆོད་རྟེན་མང་དུ་བཞེངས་པ་ཡིན་ལ། མདོར་ན་དེ་ཡན་ཆད་བསྟན་པ་སྔ་དར་གྱི་དུས་སུ་བོད་དུ་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པར་གསུངས་ལ་གཙུག་ལག་ཁང་རེའི་ནང་དུ་སྐུ་གསུམ་ཐུགས་ཀྱི་རྟེན་རེ་མི་བཞུགས་པ་མི་སྲིད་པས། མཆོད་རྟེན་ཡང་བགྲངས་ལས་འདས་པ་ཞིག་བཞེངས་མྱོང་བ་ནི་རིག་པས་དཔྱད་ན་ཤེས་པར་འགྱུར་རོ།།
གླང་དར་གྱིས་བསྟན་པ་བསྣུབས་ནས་བོད་དབུས་སུ་རྟེན་གསུམ་གྱི་བཟོ་རྒྱུན་ཕལ་ཆེར་ཆད་པའི་སྐབས། བླ་ཆེན་དགོངས་པ་རབ་གསལ་གྱིས་མདོ་སྨད་རི་བོ་དན་ཏིག་ཏུ་ལྷ་ཁང་དང་མཆོད་རྟེན་མང་པོ་བཞེངས། ཚོན་རྩི་ཡང་ཡུལ་དེར་བྱུང་། བཟོ་ཡང་རང་ཉིད་ཀྱིས་མཛད་ཅེས་《དེབ་སྔོན།》ལས་གསལ་བས། སྐབས་དེར་མདོ་ཁམས་སུ་རྟེན་གསུམ་བཞེངས་པའི་བཟོ་རྒྱུན་མ་ཆད་པར་མངོན་ནོ། དེ་ནས་བླ་ཆེན་གྱིས་དབུས་གཙང་གི་སློབ་མ་བཅུས་དཀའ་སྤྱད་དང་མངའ་བདག་ཡབ་སྲས་ཀྱིས་རོགས་རམ་ལ་བརྟེན་ནས་དབུས་གཙང་དུ་གཙུག་ལག་ཁང་གི་བཟོ་སྐྲུན་དང་རྟེན་གསུམ་གྱི་བཟོ་སྐྱར་གསོའི་འགོ་བཙུགས། དུས་རབས་བཅུ་གཅིག་པའི་འགོར་ལྷ་བླ་མ་བྱང་ཆུང་འོད་ཀྱིས་ཇོ་བོ་རྗེ་གདན་དྲངས་ཏེ། སྟོན་པ་མྱ་ངན་ལས་འདས་རྗེས་སུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་རྒྱ་གར་ཤར་ལི་དང་ནུབ་ལི་ལས་བསྒྲུབས་པའི་པད་སྤུངས་དང་རྣམ་རྒྱལ་མཆོད་རྟེན་ཐོག་བརྩེགས་ལས་བརྒལ་བ་དུ་མས་གཙོས་ཆེ་ཆུང་རྣམ་པ་ཤིན་ཏུ་མང་པོ་བོད་ཡུལ་དུ་སྤྱན་དྲངས་པར་ཕྱིས་བཀའ་གདམས་མཆོད་རྟེན་དུ་གྲགས། དེ་རྗེས་སྙེ་ཐང་སྒྲོལ་མའི་ལྷ་ཁང་དུ་ཇོ་བོ་རྗེའི་ཆོས་གོས་སོགས་བཞུགས་པའི་སའི་མཆོད་རྟེན་དང་། ས་སྐྱ་གོང་མ་དབང་བརྩོན་གྱི་དུས་ལྷ་ཁང་ཆེན་མོའི་གཙང་ཁང་བྱང་མའི་ནང་བཞེངས་པའི་སའི་མཆོད་རྟེན་ཁག་ས་སྐྱའི་གདུང་རྒྱུད་མ་ཡིན་པའི་བླ་མ་རྣམས་ཀྱི་གདུང་རྟེན་དྲུག་པོ་དང་། དུས་རབས་བཅུ་གཅིག་པའི་མཇུག་ཏུ་ས་སྐྱའི་དགོན་དུ་བ་རི་ལོ་ཙཱ་བས་འཁོན་དཀོན་མཆོག་རྒྱལ་པོའི་སྐུ་གདུང་རིལ་པོ་བཞུགས་པའི་སྐུ་འབུམ་རྣམ་རྒྱལ་མཆོད་རྟེན་དང་། དེའི་རྗེས་སུ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་བརྟག་པ་བཞེངས་པའི་མཆོད་རྟེན་ཆོས་རྒྱལ་གྱི་ཕྱག་ཚྭ་བཞུགས་པའི་མཆོད་རྟེན་དང་། ས་སྐྱའི་གདུང་རབས་རིམ་བྱོན་དང་སོག་པོའི་གོང་མ་མཆོད་ཡོན་དུ་འབྲེལ་བར་བརྟེན་ནས། པེ་ཅིང་དང་། ཧང་ཀྲུའུ། བཀྲ་ཤིས་ཁྲི་སྒོ་སོགས་རྒྱ་ནག་གི་ཡུལ་གྲུ་དུ་མར་ཀྲུང་གོའི་མཛེས་རྩལ་གྱི་ལོ་རྒྱུས་ཐོག་བླ་མ་ཐཱ་སྟེ་བླ་མའི་མཆོད་རྟེན་ཞེས་ཡོངས་སུ་གྲགས་པའི་བོད་ལུགས་ཀྱི་མཆོད་རྟེན་བཞེངས་པའི་སྲོལ་ཚུགས། དུས་རབས་བཅུ་བཞི་པར་བུ་སྟོན་ཐམས་ཅད་མཁྱེན་པས་བཀའ་མདོ་སྡེའི་མཆོད་རྟེན་གྱི་ཆ་ཚད་གཞིར་མཛད་ནས་བོད་རང་ཉིད་ཀྱི་ཁྱད་ཆོས་མཛེས་ཆ་དང་བཅས་པའི་མཆོད་རྟེན་གྱི་ཆ་ཚད་སླར་ཡང་གཏན་ལ་ཕབ་པར་མཛད་ཅིང་ཆོས་རྗེ་རང་ཉིད་ཀྱིས་ཞལ་བཀོད་ལྟར། ཞ་ལུ་རི་སྦུག་ཏུ། སྐུ་འབུམ་མཐོང་གྲོལ་ཆེན་མོ་ཞེས་ཕྱོགས་ཐམས་ཅད་དུ་ཆོ་འཕྲུལ་ཆེན་པོ་སོགས་མཆོད་རྟེན་བཅུས་བསྐོར་བ་བཞེངས། མན་ལུང་གུ་རུ་ཞེས་པ་ཨསྟུ་ཀ་ཡ་དངོས་སུ་བྱོན་ནས་གསུངས་པའི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་རྣམ་པ་བུ་སྟོན་རིན་པོ་ཆེས་ཐང་སྐུར་བྲིས་པར་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་བུ་ལུགས་སུ་གྲགས། དེ་ནས་རིམ་བཞིན་སྟག་ཚང་ལོ་ཙཱ་བ་དང་། སྤྲུལ་སྐུ་འཕྲེང་ཁ་བ། སྨིན་གླིང་ལོ་ཆེན་སོགས་མཁས་གྲུབ་ཀྱི་སློབ་དཔོན་དུ་མས་མཆོད་རྟེན་གྱི་ཆ་ཚད་དང་དེའི་འགྲེལ་པ་སོགས་མང་དུ་མཛད་ཀྱང་བུ་སྟོན་གྱིས་མཛད་པའི་མཆོད་རྟེན་གྱི་ཆ་ཚད་དང་ཁྱད་པར་ཆེར་མ་བྱུང་བར་བཤད་དོ། ། ཕྱིས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས། མདོ་རྒྱུད་ཀྱི་དགོངས་འགྲེལ་ལ་གཞིར་བྱས། བུ་སྟོན་ཐམས་ཅད་མཁྱེན་པའི་ཆ་ཚད་ལ་ཡང་མི་མཛེས་པ་ཅུང་ཡོད་པར་དགོངས་ནས་བཟོ་བཅོས་ཕྲན་བུ་མཛད་དེ། རབ་བྱུང་བཅུ་གཉིས་པའི་ལྕགས་རྟ་ལོ་(སྤྱི་ལོ་1697)ནས་འགོ་བཙུགས་ཏེ་རྒྱལ་དབང་ལྔ་པའི་སྐུ་གདུང་ཧྲིལ་པོ་བཞུགས་གནས་གཙོ་བོར་དམིགས་ཏེ་སྙན་པ་འཛམ་གླིང་དུ་ཁྱབ་པའི་གསེར་གདུང་རིན་པོ་ཆེ་འཛམ་གླིང་རྒྱན་གཅིག་ཅེས་གསེར་སྦྱངས་བཙོ་མ་རྒྱ་ཐུར་སྲང་ཆིག་འབུམ་ཆིག་ཁྲི་དགུ་སྟོང་ཉིས་བརྒྱ་བརྒྱད་ཅུ་གྱ་གཉིས་དང་ཕྲ་རྒྱན་གྱི་རིན་ཐང་བོད་དངུལ་སྲང་བརྒྱད་ཁྲི་སྟོང་མེད་བརྒྱ་དང་བཅུ་མེད་བཞི་བཅས་ལ་དངུལ་སྲང་ས་ཡ་གཅིག་དང་བཞི་ཁྲི་ཆིག་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་རིན་ཐང་དང་ལྡན་པ། བཟོ་བཀོད་ཁྱད་འཕགས་ངོ་མཚར་གྱི་ཁྱད་ཆོས་བཅུ་གསུམ་དང་ལྡན་པ། དེའི་ནང་གཞུག་དང་། མཆོད་པའི་རྫས་དང་། ཡོ་བྱད་སོགས་ཀྱི་རིན་ཐང་ནི་སུས་ཀྱང་གཞལ་དུ་མེད་པ་མཆོད་སྡོང་འཛམ་བུ་གླིང་གི་རྒྱན་གཅིག་རྟེན་གཙུག་ལག་ཁང་དང་བཅས་པ་དཀར་ཆག་《ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་རྫིངས་བྱིན་རླབས་ཀྱི་བང་མཛོད།》ལས་གསལ་བ་བཞིན། འཛམ་གླིང་གི་རྒྱན་ལྟ་བུ་མཚན་སྙན་དོན་ལ་གནས་པ་དེ་བཞེངས་ཤིང་། དེའི་ཆ་ཚད་ནི་ད་ལྟ་སྡེ་སྲིད་ཀྱི་ལུགས་ཞེས་བོད་ཁམས་ཀུན་ཏུ་ཡོངས་སུ་གྲགས་པ་དེ་ཡིན་ནོ།།
དེ་ལྟ་བུ་ངོ་མཚར་བརྒྱ་དང་ལྡན་པའི་གདུང་རྟེན་ནི་ཤིན་ཏུ་མང་སྟེ། སྐུ་འབུམ་བྱམས་པ་གླིང་དུ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་སྐུ་འཁྲུངས་ནས་ལྟེ་བ་བཅད་པའི་རཀྟའི་བདུད་རྩི་ས་ལ་འཕོས་པ་ལས་ཙནྡན་གྱི་ལྗོན་པ་འཁྲུངས་པ་དེར་ལོ་འདབ་འབུམ་ཡོངས་སུ་རྫོགས་པར་སྐྱེས་ཤིང་། ལོ་མ་རེ་རེའི་སྟེང་དུ་རྒྱལ་བ་སེང་གེ་ང་རོའི་སྐུ་བརྙན་ལྷ་བཟོ་མཁས་པས་བྲིས་པ་ལས་ཀྱང་བརྒྱ་འགྱུར་གྱིས་རི་མོའི་བཀོད་པ་ཕུན་སུམ་ཚོགས་ཤིང་། ཆ་ཚད་དང་ལྡན་པ། མཛེས་ཆ་དང་ལྡན་པ་མིག་གི་བདུད་རྩི་བླ་མེད་པར་གྱུར་པ་རང་བྱོན་དུ་འཁྲུངས་པ་མ་ཟད། ཡལ་ག་དང་ཤུན་པ་ལའང་། སངས་རྒྱས་ཀྱི་སྐུ་བརྙན་དང་། ཡིག་འབྲུ། ཕྱག་མཚན་རྣམས་ཀྱང་རང་བྱོན་དུ་བྱུང་བ་ལུས་ཅན་ཡོངས་ཀྱི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་དེ་ཉིད་ལ་གོས་ཆེན་གྱི་ན་བཟས་ལེགས་པར་བྲེས་ནས་སྙིང་པོ་སྲོག་ཤིང་གི་ཚུལ་དུ་བཞུགས་སུ་གསོལ་བའི་ར་བ་བརྟན་པར་བརྩིགས་པའི་སྟེང་དུ་པདྨ་སྤུངས་པའི་ མཆོད་རྟེན་བཞེངས་པའི་ངོ་མཚར་བླ་ན་མེད་པའི་སྐུ་འབུམ་གསེར་སྡོང་ཆེན་མོ་སོགས་བོད་གངས་ཅན་གྱི་ལྗོངས་སུ་མཆོད་རྟེན་དང་གདུང་རྟེན་གྱི་གྲངས་དང་རྣམ་པ་ནི་བརྗོད་ཀྱིས་མི་ལང་བ་སྟེ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་ཚེ་གཅིག་ལའང་། མཆོད་རྟེན་གྱི་ཕྱོགས་རེ་ལ་འདོམ་པ་བརྒྱད་རེ་ཡོད་པ་ཡན་གྱི་མཆོད་རྟེན་བརྒྱ་དང་བཅུ་གཅིག་བཞེངས་པ་དང་། བོད་ཁམས་ཙམ་དུ་མ་ཟད། རྒྱལ་ཁབ་དང་མི་རིགས་གཞན་པའི་སར་མཆོད་རྟེན་བཞེངས་པ་ནི་《ཐང་རྒྱལ་གྱི་རྣམ་ཐར།》ལས། གྲུབ་ཐོབ་ཆེན་པོ་རྒྱ་གར་དུ་མུ་སྟེགས་ཀྱི་རྒྱལ་པོ་ཀ་མ་ཏ་བཏུལ་རྗེས་ཡུལ་དེའི་ལམ་གྱི་བཞི་མདོ་ཆེན་མོར་ཕྱི་བྱང་ཆུབ་མཆོད་རྟེན་ལ་ནང་ལྷ་ཁང་དུ་ཡོད་པ། སྐུ་གསེར་དངུལ་ལས་གྲུབ་པའི་འབུམ་སྐུ་དུས་གསུམ་རྒྱལ་བ་ལ། ལོགས་རིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐའ་ཡས་པས་བསྐོར་བ་དང་། སྒོ་གཉེར་རྗེ་བླ་མའི་སྐུ་ལ་རྗེ་བཙུན་སྒྲོལ་མ་དང་། ཁྲོ་བོ་བཅུས་བསྐོར་བ་བྲིས་ཚུལ་དང་། དེ་བཞིན་རིན་པོ་ཆེ་སྣ་ཚོགས་ལས་བསྒྲུབས་པའི་མཆོད་རྟེན་ཕོ་བྲང་པོ་ཏཱ་ལའི་གསེར་གདུང་འཛམ་གླིང་རྒྱན་གཅིག་དང་། དགེ་ལེགས་འདོད་འཇོས་གཙོས་རྒྱལ་དབང་རིམ་བྱོན་གྱི་གདུང་རྟེན་རྣམས་དང་། སེ་ར་ཐེག་ཆེན་གླིང་གི་ཚོགས་ཆེན་འདུ་ཁང་གཅིག་གི་ནང་དུའང་། ཐུགས་རྟེན་ཇོ་བོ་རྗེའི་ཚེམས་བཞུགས་པའི་གདུང་རྟེན་གཙོས་མཆོད་རྟེན་ཉིས་བརྒྱ་དང་ཉི་ཤུ་ལྷག་བཞུགས་ཚུལ་དང་། དགའ་ལྡན་དགོན་གྱི་བདེ་གཤེགས་ལྷ་ཁང་དང་། བླ་མ་ལྷ་ཁང་། གསེར་གདུང་ལྷ་ཁང་གསུམ་གྱི་ནང་དུ། དངུལ་ལས་བསྒྲུབས་པའི་མཆོད་རྟེན་སུམ་ཅུ་སོ་གཅིག་དང་། ཟངས་གསེར་ལས་བསྒྲུབས་པའི་མཆོད་རྟེན་བཞི་བཅས་རིན་ཆེན་གྱི་རིགས་ལས་བསྒྲུབས་པའི་མཆོད་རྟེན་ཆེན་པོ་སུམ་ཅུ་རྩ་ལྔ་བཞུགས་ཚུལ་སོགས་དགོན་པ་དེ་གཉིས་ཀྱི་ལོ་རྒྱུས་སུ་གསལ། དེ་ལྟར་བོད་གངས་ཅན་ལྗོངས་སུ་མཆོད་རྟེན་ཅི་ཙམ་བཞུགས་པ་ནི་བགྲང་བས་ག་ལ་ལང་། དེ་མིན་མི་རིགས་དང་ཡུལ་གྲུ་གཞན་དག་ནས་མཆོད་རྟེན་འགང་ཆེན་གདན་དྲངས་པའི་སྐོར་ལ། འབྲི་མཐིལ་འོག་མིན་བྱང་ཆུབ་གླིང་གི་ཕོ་བྲང་དུ་མཉམ་མེད་ཇོ་བོ་ཆེན་པོས་བོད་དུ་གདན་དྲངས་པའི་འདས་པའི་སངས་རྒྱས་འོད་སྲུངས་དང་། ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་དང་། མ་འོངས་པའི་སངས་རྒྱས་བྱམས་པའི་ཕྱག་སེན་དང་དབུ་ལོ་བཞུགས་པའི་མཆོད་རྟེན་འཛམ་གླིང་རྒྱན་ཞེས་བྱ་བ་བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་ཐུགས་དམ་གྱི་རྟེན་དུ་གྲགས་པ། ཙནྡན་གོར་ཤི་ལས་བསྒྲུབས་པ་དང་། བླ་བྲང་བཀྲ་ཤིས་འཁྱིལ་དུ་བླ་བྲང་རིགས་གྲྭའི་མེ་ཏོག་མཆོད་པར་མཆོད་མཇལ་གཏོང་རྒྱུའི་ནང་རྟེན་དུ་མཉམ་མེད་ཇོ་བོ་ཆེན་པོའི་གདུང་རུས་ནང་རྟེན་དུ་བཞུགས་པའི་བཀའ་གདམས་མཆོད་རྟེན་དགོན་པ་ཆེན་པོའི་ཐུགས་དམ་གྱི་རྟེན་དང་། ངོ་མཚར་ལྷ་ཁང་དུ་ཀློང་རྡོལ་བླ་མ་ནས་ཕུལ་བའི་བཀའ་གདམས་གོང་མ་རྣམས་ཀྱི་གདུང་རྟེན་གྱི་བཀའ་གདམས་མཆོད་རྟེན་ཉི་ཤུ་རྩ་ལྔ་ལ་སོགས་གྲངས་ལས་འདས་པ་བཞུགས་སོ།།
གངས་ཅན་གྱི་ཡུལ་འདིར་གོང་དུ་བཀོད་པའི་ལོ་རྒྱུས་ལས་མཆོད་རྟེན་བསམ་གྱིས་མི་ཁྱབ་པ་ཞིག་བཞེངས་མྱོང་བ་མཐོང་ཐུབ། དེ་དག་ལས་ཁྱད་པར་གྲགས་ཆེ་བ་ནི། བསམ་ཡས་ཀྱི་མཆོད་རྟེན་རྣམ་ལྔ་དང་། ངོ་མཚར་རྡོའི་མཆོད་རྟེན། དཔལ་རི་བོ་ཆེའི་མཆོད་རྟེན་ཆེན་པོ། སྐུ་འབུམ་མཐོང་གྲོལ་ཆེན་མོ། འཕན་ཡུལ་ཤར་འབུམ་པ། བྱང་འབྲི་ཏུ་ཕུལ་གྱི་ཆོ་ལོ་འབུམ་པ། ལྷ་བྱམས་གླིང་མཆོད་རྟེན། འབྲི་གུང་གདན་མཐིལ་མཆོད་རྟེན། དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་མཆོད་རྟེན། རྒྱ་མ་རིན་ཆེན་སྒང་གི་མཆོད་རྟེན། གངས་ཏེ་སེའི་མཆོད་རྟེན། ཐང་སྐྱ་འབུམ་ཆེ། རྡོའི་མཆོད་རྟེན་བཀྲ་ཤིས་འོད་འབར་སོགས་སུ་གྲགས་ཤིང་། དེ་དག་ལས་བཟོ་བཀོད་ཁྱད་དུ་འཕགས་ཤིང་ད་ལྟ་མཇལ་དུ་ཡོད་པ་ནི། རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་རྣམ་གཉིས་ཀྱིས་སྤྱི་ལོ་1389ལོར་ཆོས་རྒྱལ་རབ་བརྟན་གྱི་ཕ་མེས་ཀྱི་འདས་མཆོད་དུ་བཞེངས་པའི་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་ཐོག་བརྩེགས་རིམ་པ་དགུ་དང་ལྡན་ཞིང་སྒོ་མང་བརྒྱ་རྩ་བརྒྱད། ལྷ་ཁང་བདུན་ཅུ་དོན་བདུན་གྱི་ནང་དུ་ཟངས་གསེར་དང་སྨན་འཇིམ་སོགས་ལས་གྲུབ་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་འབུམ་ཚར་བཞུགས་པ། མཆོད་རྟེན་གྱི་ཐོག་ཚད་ལྔ་ཡན་ཟུར་བརྒྱད་ཀྱི་བཀོད་པ་དང་། ཐོག་ཚད་དྲུག་ཡན་སྒོར་མོའི་དབྱིངས་སུ་གྲུབ་པ། རྩེ་མོ་ཟངས་གསེར་གྱི་རྒྱ་ཕིབས་དང་བཅས་པ། བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་ལུགས་སུ་བཞེངས།།
བོད་ཀྱི་བཟོ་སྐྲུན་གྱི་སྙིང་སྟོབས་དང་ཤེས་རབ་ཀྱི་རྣམ་པ་གཟུགས་སུ་བཀོད་པ་ངོ་མཚར་བ་དེ་དང་། གཞན་ཡང་མཆོད་རྟེན་གྱི་བཟོ་བཀོད་ཁྱད་པར་ཅན། རྭ་སྒྲེང་དགོན་དུ་ལྷ་བཟོ་མཁས་པ་ཨ་ཙ་ར་མ་ནུ་ཞེས་བྱ་བས་བཟོ་རྩལ་ལས་ཐོན་པའི་ཇོ་བོའི་གདུང་ཁང་ཕྱི་དངུལ་གྱི་མཆོད་རྟེན་གྱི་རྣམ་པ་ཅན། ནང་གཞལ་ཡས་ཁང་དཀྱིལ་འཁོར་ལྷ་ཚོགས་ལ་གསེར་གྱི་ཡི་གེ་བརྐོས་མའི་གཟུངས་ཅན། དེའི་རི་རབ་ཕ་རོལ་ཕྱིན་པའི་ལུགས་ལ་མདུན་དུ་ཐུབ་པ་གཙོ་འཁོར་གསུམ། ནུབ་ཏུ་ཐུབ་པ་དམ་ཚིག་གསུམ་བཀོད་གཙོ་འཁོར་གསུམ། བྱང་དུ་བྱམས་པ་མངོན་པར་བྱང་ཆུབ་པའི་གཙོ་འཁོར་གསུམ། ཤར་དུ་སྨན་བླ་གཙོ་འཁོར་གསུམ། མཆོད་རྟེན་གྱི་བུམ་པའི་ནང་གསང་སྔགས་ཀྱི་ལུགས་སུ་བྱས་ཏེ་གསང་འདུས་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་བཅུ་དགུ་ཕྱི་ནང་འབུར་དོད་པ་ལ་ཕྱོགས་བཞིར་ཡབ་བཞི། མཚམས་བཞིར་ཡུམ་བཞི། ལྷ་མོ་དྲུག་ནང་དུ་འབུར་དུ་དོད་པ། ཁྲོ་བོ་བཞི་ནས་འབྲུ་ཙམ་རེ་སྟེ་ཟུར་གྱི་མཆོད་རྟེན་ནང་དུ་བཞུགས་པ་སོགས་ཁྱད་པར་ཅན་དང་། མདོར་ན་སྐྱེས་ཆེན་དམ་པའི་སྐུ་གདུང་རིལ་པོ་དང་། ཡང་ན་སྐུ་རུས་གདུང་ཐལ་སོགས་བཞུགས་པའི་གདུང་རྟེན་དང་། མི་བཞུགས་པའི་མཆོད་རྟེན་རྒྱུ་དང་བཟོ་བཀོད་སྣ་ཚོགས་ཀྱིས་བོད་ཁམས་ཀུན་ཏུ་ཁྱབ་པའོ།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1