ཉིན་གཅིག་བྲེལ་བས་འདུར་བའི་ངལ་དུབ་རང་མྱོང་མཐར།།
ཞེ་བློ་བདེ་ལ་ལྷོད་དེ་རྒྱ་ཇ་ཞིག་འཐུང་བཞིན།།
བྱེའུ་ཚང་རྡོ་ཡིས་འུར་འདྲའི་སློབ་ར་ལ་གྱེར་ན།།
མི་ཚེའི་ལྷིང་འཇགས་ཟད་པའི་སྣང་བ་ཞིག་སྐྱེས་བྱུང་།།
སྦྱོང་གཞིའི་དཔེ་མང་སྤུངས་བའི་གཞུང་ལས་ལ་བྲེལ་བཞིན།།
སེམས་ཀྱི་ངལ་གསོ་ཐོབ་པའི་གྲུ་ཟུར་ཞིག་བཙལ་ཡང་།།
ལས་གྲོགས་བུད་མེད་དག་གི་ཁ་སྟབས་ལ་ཉན་ན།།
ད་དུང་ཅི་ཞིག་ལྷག་པའི་སྣང་བ་ཞིག་སྐྱེས་བྱུང་།།
ཡིད་ཀྱི་གནོན་ཤུགས་སངས་པའི་དུ་རྐང་ཞིག་འཐེན་བཞིན།།
ཕྱོགས་བཞིར་རྣ་བ་བླངས་ཤིང་མནོ་བསམ་རེ་བཏང་སྟེ།།
སློབ་མར་ཁ་ཕྱོགས་འཚམ་པའི་ཁྲིད་བྱ་ཞིག་བཙལ་ཡང་།།
དོན་གྱི་བརྗོད་བྱས་སྟོང་པའི་སྣང་བ་ཞིག་སྐྱེས་བྱུང་།།
སློབ་མར་སྐར་གྲངས་ཞན་ཚེ་དབྱུག་པ་ཡིས་གཅར་བཞིན།།
སློབ་དེབ་ལྟ་ཀློག་ཁོ་ནའི་འབད་བརྩོན་ལ་བསྐུལ་ཡང་།།
རྒྱུགས་འབྲས་དང་པོར་འཛིན་པའི་ལས་ཀ་དེ་བསམ་དུས།།
དགེ་རྒན་གཤེད་མ་ཡིན་པའི་སྣང་བ་ཞིག་སྐྱེས་བྱུང་།།
རང་ཆེ་རང་མཐོ་སྟོན་པའི་སྐྱིད་སྣང་ཞིག་ཤར་བཞིན།།
གཤིས་བཟང་སློབ་བུའི་མགོན་དུ་དགེ་རྒན་དུ་འཚང་ཡང་།།
སློབ་གསོའི་ལག་ལེན་འཆུག་པའི་འགལ་འདུ་དེ་མཐོང་ཚེ།།
ཀླད་ཆུང་རང་མཚང་ཡིན་པའི་སྣང་བ་ཞིག་སྐྱེས་བྱུང་།།
སྔ་ལངས་ཕྱི་ཉལ་བྱེད་པའི་ལྷག་བསམ་དེ་སྐྱོང་བཞིན།།
ཕན་པའི་གྲུབ་འབྲས་འཚོལ་ལ་འདུར་རྒྱུག་རང་བྱས་ཀྱང་།།
ངལ་བའི་འབྲས་བུ་མེད་པའི་ལས་ཀ་དེ་བསམ་ཚེ།།
སེམས་པ་ཨ་ཐང་ཆད་པའི་སྣང་བ་ཞིག་སྐྱེས་བྱུང་།།
མཐོ་དམན་ལས་གྲོགས་ཀུན་ལ་མཐུན་ཐབས་རང་བརྩོན་བཞིན།།
རང་གཤིས་རྣལ་མ་མངོན་པའི་མི་གཞི་ཞིག་སྲུང་ཡང་།།
ཁ་ཡག་ཁོག་ཚེར་ཅན་གྱི་གྲོགས་ངན་དག་མཐོང་དུས།།
ངུ་དགོད་འདྲེས་མའི་སྣང་བ་བཅོས་མིན་དུ་སྐྱེས་བྱུང་།།
2016ལོའི་《གངས་ལྗོངས་ཉི་གཞོན།》དེབ་དང་པོ་ལས་བཤུས།