གཞུང་ལས་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


(2005ལོའི་ཟླ4ཚེས27ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་བའི་ཐོག་གྲོས་འཆམ་བྱུང་ཞིང་། 2005ལོའི་ཟླ4ཚེས27ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་ཨང་ལྔའི་ཐོག་སྤྱི་བསྒྲགས་བྱས་པ་དང་། 2006ལོའི་ཟླ1ཚེས1ཉིན་ནས་ལག་ལེན་དུ་བསྟར་དགོས།)
   དཀར་ཆག
  ལེའུ་དང་པོ། སྤྱིའི་རྩ་འཛིན།
  ལེའུ་གཉིས་པ། གཞུང་ལས་པའི་ཆ་རྐྱེན་དང་། འོས་འགན། དབང་ཆ་བཅས་ཀྱི་སྐོར།
  ལེའུ་གསུམ་པ། གོ་གནས་དང་རིམ་པའི་སྐོར།
  ལེའུ་བཞི་བ། བསྡུ་ཕྱོགས་སྐོར།
  ལེའུ་ལྔ་བ། དཔྱད་ཞིབ་སྐོར།
  ལེའུ་དྲུག་པ། གོ་གནས་བསྐོ་འཐེན་སྐོར།
  ལེའུ་བདུན་པ། གོ་གནས་སྤོར་གཅོག་སྐོར།
  ལེའུ་བརྒྱད་པ། བྱ་དགའི་སྐོར།
  ལེའུ་དགུ་བ། ཆད་གཅོད་བསླབ་འདོམས་བྱེད་ཕྱོགས་སྐོར།
  ལེའུ་བཅུ་བ། སྦྱོང་བརྡར་སྐོར།
  ལེའུ་བཅུ་གཅིག་པ། ཕན་ཚུན་བརྗེ་རེས་དང་གཡོལ་ཐབས་སྐོར།
  ལེའུ་བཅུ་གཉིས་པ། གླ་ཕོགས་དང་ཕན་བདེ་འགན་བཅོལ་བཅས་ཀྱི་སྐོར།
  ལེའུ་བཅུ་གསུམ་པ། ལས་གནས་དགོངས་ཞུ་དང་ཕྱིར་སློག་སྐོར།
  ལེའུ་བཅུ་བཞི་བ། རྒན་ཡོལ་སྐོར།
  ལེའུ་བཅོ་ལྔ་བ། བསྐྱར་ཞུ་དང་ཐེར་འཛུགས་སྐོར།
  ལེའུ་བཅུ་དྲུག་པ། ལས་གནས་གདན་བསྐོའི་སྐོར།
  ལེའུ་བཅུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲིའི་སྐོར།
  ལེའུ་བཅོ་བརྒྱད་པ། ཞར་བྱུང་དོན་ཚན།
  ལེའུ་དང་པོ། སྤྱིའི་རྩ་འཛིན།
   དོན་ཚན་དང་པོ། གཞུང་ལས་པའི་དོ་དམ་ཚད་ལྡན་བཟོ་རྒྱུ་དང་། གཞུང་ལས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུ། གཞུང་ལས་པར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། བྱང་ཚད་མཐོ་བའི་གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ། སྲི་ཞུ་སྤྱོད་གཙང་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། ལས་ཕྱོད་མཐོ་རུ་གཏོང་རྒྱུ་བཅས་ཀྱི་ཆེད་དུ་རྩ་ཁྲིམས་གཞིར་བཟུང་བཅའ་ཁྲིམས་འདི་བཟོས་པ་ཡིན།
   དོན་ཚན་གཉིས་པ། བཅའ་ཁྲིམས་འདིའི་ནང་འཁོད་པའི་གཞུང་ལས་པ་ཞེས་པ་ནི་ཁྲིམས་བཞིན་གཞུང་འགན་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་སྒྲིག་ཁོངས་སུ་བཅུག་པ། རྒྱལ་ཁབ་ནོར་སྲིད་ནས་གླ་ཕོགས་དང་ཕན་བདེ་སྤྲོད་དགོས་པའི་ལས་དོན་མི་སྣའི་རིགས་ལ་ཟེར།
   དོན་ཚན་གསུམ་པ། གཞུང་ལས་པའི་འོས་འགན་དང་། དབང་ཆ། དོ་དམ་བཅས་ཀྱི་ཐད་ལ་བཅའ་ཁྲིམས་འདི་ལག་བསྟར་བྱས་འཐུས།
  གཞུང་ལས་པའི་ཁྲོད་ཀྱི་འགོ་ཁྲིད་ཁོངས་མི་འདེམས་ཐོན་དང་། བསྐོ་འཐེན། ལྟ་སྐུལ་བཅས་དང་དེ་བཞིན་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་སོགས་ཀྱི་འོས་འགན་དང་། དབང་ཆ། དོ་དམ་བཅས་ཐད་བཅའ་ཁྲིམས་ནང་ཟུར་དུ་གཏན་འབེབས་བྱས་ཡོད་རིགས་གཏན་འབེབས་དེ་རང་ལ་གཞི་འཛིན་དགོས།
   དོན་ཚན་བཞི་བ། གཞུང་ལས་པའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་ཐད་མར་ཁེ་སིའི་ལེ་ཉེན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམགྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་མཚམས་ཀྱི་གཞི་རྩའི་ལམ་ཕྱོགས་ལག་བསྟར་གྱིས་ཀྲུང་གོའི་གུང་ཁྲན་ཏང་གི་ལས་བྱེད་པའི་ལམ་ཕྱོགས་དང་མཛད་ཕྱོགས་ལག་བསྟར་བྱ་དགོས་པ་དང་། ཏང་གིས་      ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱ་དགོས།
   དོན་ཚན་ལྔ་བ། གཞུང་ལས་པར་དོ་དམ་བྱ་རྒྱུའི་ཐད་ཡོངས་བསྒྲགས་དང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱ་དགོས་ཤིང་། ཁྲིམས་བཅད་ཀྱི་དབང་ཚད་དང་། ཆ་རྐྱེན། ཚད་གཞི། གོ་རིམ་བཅས་གཞིར་འཛིན་དགོས།
   དོན་ཚན་དྲུག་པ། གཞུང་ལས་པར་དོགདམ་བྱ་རྒྱུའི་ཐད་ལྟ་སྐུལ་གཅུན་འདོམས་དང་སྐུལ་ལྕག་འགན་སྲུང་གལ་ཆེ་མཉམ་འཛིན་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱ་དགོས།
   དོན་ཚན་བདུན་པ། གཞུང་ལས་པ་བསྐོ་སྤྱོད་བྱ་རྒྱུའི་ཐད་སྤྱོད་ཡོན་གཉིས་ལྡན་རིགས་བསྐོ་གཞག་བྱ་རྒྱུའི་རྩ་དོན་མཐའ་འཁྱོངས་དང་ལས་ཀའི་བྱས་རྗེས་དངོས་ལ་སྣང་འཇོག་བྱ་དགོས།
   དོན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་གཞུང་ལས་པར་རིགས་དབྱེའི་དོ་དམ་བྱས་ནས་དོ་དམ་གྱིས་ནུས་ཕྱོད་དང་ཚན་རིག་ཅན་དུ་འགྱུར་ཚད་ཆེ་རུ་གཏོང་དགོས།
   དོན་ཚན་དགུ་བ། གཞུང་ལས་པས་ཁྲིམས་ལུགས་ལྟར་འགན་འཁྲི་སྒྲུབ་པར་བཅའ་ཁྲིམས་ཀྱི་སྲུང་སྐྱོང་འཐོབ་པ་ཡིན།
   དོན་ཚན་བཅུ་བ། ཀྲུང་དབྱང་གི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་གཞུང་ལས་པའི་ཕྱོགས་བསྡུས་དོ་དམ་ལས་དོན་སྒྲུབ་འགན་འཁུར་དགོས། རྫོང་རིམ་ཡན་གྱི་ས་གནས་ཀྱི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་རིམ་པ་ཁག་གིས་ས་ཁོངས་དེ་གའི་གཞུང་ལས་པའི་ཕྱོགས་བསྡུས་དོགདམ་ལས་དོན་སྒྲུབ་འགན་འཁུར་དགོས། གོང་རིམ་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འོག་རིམ་གཞུང་      ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་གཞུང་ལས་པའི་དོ་དམ་ལས་དོན་སྒྲུབ་ཕྱོགས་ལ་མཛུབ་ཁྲིད་བྱ་དགོས། གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་རིམ་པ་ཁག་གིས་རིམ་མཚུངས་ལས་ཁུངས་ཁག་གི་གཞུང་ལས་པར་དོ་དམ་བྱ་རྒྱུའི་ལས་དོན་ལ་མཛུབ་ཁྲིད་བྱ་དགོས།
   ལེའུ་གཉིས་པ། གཞུང་ལས་པའི་ཆ་རྐྱེན་དང་། འོས་འགན། དབང་ཆ་བཅས་ཀྱི་སྐོར།
   དོན་ཚན་བཅུ་གཅིག་པ། གཞུང་ལས་པར་གཤམ་གསལ་ཆ་རྐྱེན་ཁག་འཛོམས་དགོས།
  (གཅིག) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པ་དང་།
  (གཉིས།) ཧྲིལ་ལོ་བཅོ་བརྒྱད་ལོན་པ།
  (གསུམ།) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་ཞུ་བ།
  (བཞི།) སྤྱོད་ལམ་བཟང་བོ་ཡོད་པ།
  (ལྔ།) རྒྱུན་གཏན་གྱི་འགན་འཁྲི་སྒྲུབ་ཐུབ་པའི་གཟུགས་པོའི་ཆ་རྐྱེན་ཚང་བ།
  (དྲུག) གོ་གནས་ཀྱི་བླང་བྱ་དང་མཐུན་པའི་རིག་གནས་ཆུ་ཚད་དང་ལས་ཀའིའཇོན་ཐང་ཡོད་པ།
  (བདུན།) ཁྲིམས་བཅད་ཀྱི་ཆ་རྐྱེན་གཞན་དག་འཛོམས་དགོས་པ་བཅས་ཡིན།
   དོན་ཚན་བཅུ་གཉིས་པ། གཞུང་ལས་པས་གཤམ་གསལ་འོས་འགན་ཁག་སྒྲུབ་དགོས།
  (གཅིག) མིག་དཔེ་ལྡན་པའི་སྒོ་ནས་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་ཞུ་དགོས་པ་དང་།
  (གཉིས།) གཏན་འཁེལ་གྱི་དབང་ཚད་དང་གོ་རིམ་ལྟར་འགན་འཁྲི་ནན་སྒྲུབ་དང་ལས་ཕྱོད་ཆེ་རུ་ཧུར་ཐག་གཏོང་དགོས་པ།
  (གསུམ།) བློ་གཅིག་སེམས་གཅིག་གི་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས་པ།
  (བཞི།) རྒྱལ་ཁབ་ཀྱི་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་སྲུང་སྐྱོང་བྱ་དགོས་པ།
  (ལྔ།) འཁུར་བསམ་རྣམ་དག་ལྡན་པ་དང་། རང་འགན་འབད་སྒྲུབ། གོང་རིམ་ནས་ཁྲིམས་ལུགས་གཞིར་བཟུང་གཏན་འཁེལ་བྱས་པའི་གཏན་འབེབས་དང་བཀའ་བཀོད་རིགས་བརྩི་བཀུར་དང་ལག་བསྟར་བྱ་དགོས་པ།
  (དྲུག) རྒྱལ་ཁབ་ཀྱི་གསང་བ་དང་ལས་ཀའི་གསང་བ་སྲུང་དགོས་པ།
  (བདུན།) སྒྲིག་ལམ་སྲུང་བ་དང་། ལས་རིགས་ཀུན་སྤྱོད་དམ་སྲུང་དགོས་པ། མིག་དཔེ་ལྡན་པའི་སྒོ་ནས་སྤྱི་ཚོགས་ཀྱི་སྤྱི་བའི་སྤྱོད་བཟང་སྲུང་དགོས་པ།
  (བརྒྱད།) སྤྱོད་གཙང་གཞུང་དྲང་དང་། དྲང་བོ་དྲང་གཞག་བྱ་དགོས་པ།
  (དགུ) ཁྲིམས་བཅད་ཀྱི་འོས་འགན་གཞན་དག་སྒྲུབ་དགོས་པ་བཅས་ཡིན།
   དོན་ཚན་བཅུ་གསུམ་པ། གཞུང་ལས་པར་གཤམ་གསལ་དབང་ཆ་ཁག་ལོངས་སུ་སྤྱོད་རྒྱུ་ཡོད།
  (གཅིག) འགན་འཁྲི་བསྒྲུབ་རྒྱུར་འཛོམས་དགོས་པའི་ལས་ཀའི་ཆ་རྐྱེན་འཐོབ་རྒྱུ།
  (གཉིས།) ཁྲིམས་བཅད་ཀྱི་རྒྱུ་རྐྱེན་མེད་པ་དང་ཁྲིམས་བཅད་ཀྱི་གོ་རིམ་མ་བརྒྱུད་པར་གནས་དབྱུང་མི་གཏོང་བ་དང་། གོ་ས་མི་འབེབས་པ། ཕྱིར་སློག་མི་བྱེད་པའམ་ཡང་ན་ཆད་པ་མི་གཅོད་པ།
  (གསུམ།) གླ་ཕོགས་དང་ཐོབ་ཆ་འཐོབ་པ་དང་། ཕན་བདེ་དང་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ།
  (བཞི།) སྦྱོང་བརྡར་ལ་ཞུགས་རྒྱུ།
  (ལྔ།) ལས་ཁུངས་ཀྱི་ལས་དོན་དང་འགོ་ཁྲིད་ལ་སྐྱོན་བརྗོད་བྱ་རྒྱུ་དང་གྲོས་འཆར་འདོན་རྒྱུ།
  (དྲུག) བསྐྱར་ཞུ་དང་ཐེར་འཛུགས་བྱ་རྒྱུ།
  (བདུན།) ལས་གནས་དགོངས་ཞུ་བྱ་རྒྱུ།
  (བརྒྱད།) བཅའ་ཁྲིམས་སུ་གཏན་འབེབས་བྱས་པའི་དབང་ཆ་གཞན་དག་བཅས་ཡིན།
  ལེའུ་གསུམ་པ། གོ་གནས་དང་རིམ་པའི་སྐོར།
  དོན་ཚན་བཅུ་བཞི་བ། རྒྱལ་ཁབ་ཀྱིས་གཞུང་ལས་པའི་ལས་གནས་རིགས་དབྱེའི་ལམ་ལུགས་ལག་བསྟར་བྱ་རྒྱུ།
  གཞུང་ལས་པའི་ལས་གནས་དབྱེ་ཕྱོགས་ཐད་གཞུང་ལས་པའི་ལས་གནས་ཀྱི་ངོ་བོ་དང་། ཁྱད་ཆོས། དོ་དམ་གྱི་དགོས་མཁོ་གཞིར་བཟུང་ཕྱོགས་བསྡུས་དོ་དམ་དང་། ཆེད་ལས་ལག་རྩལ། སྲིད་འཛིན་ཁྲིམས་སྒྱུར་སོགས་གསུམ་ལ་དབྱེ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཅའ་ཁྲིམས་འདི་གཞིར་བཟུང་ལས་གནས་དམིགས་བསལ་ཆེ་བ་དང་ལོགས་སུ་དོ་དམ་བྱེད་དགོས་པའི་ལས་གནས་རིགས་གཞན་དག་ཁ་སྣོན་བྱས་ཆོག རིགས་ཁག་གི་ལས་གནས་སྤྱོད་      ཡུལ་གྱི་ཁྱབ་ཁོངས་དེ་རྒྱལ་ཁབ་ནས་ཟུར་དུ་གཏན་འབེབས་བྱ་རྒྱུ།
   དོན་ཚན་བཅོ་ལྔ་བ། རྒྱལ་ཁབ་ཀྱིས་གཞུང་ལས་པའི་ལས་གནས་རིགས་དབྱེ་གཞིར་བཟུང་གཞུང་ལས་པའི་གོ་གནས་བང་རིམ་བཟོ་རྒྱུ།
   དོན་ཚན་བཅུ་དྲུག་པ། གཞུང་ལས་པའི་གོ་གནས་ནི་འགོ་ཁྲིད་ཀྱི་གོ་གནས་དང་འགོ་ཁྲིད་མིན་པའི་གོ་གནས་ཁག་གཉིས་སུ་དབྱེ་ཡོད།
  འགོ་ཁྲིད་ཀྱི་གོ་གནས་བང་རིམ་ནི་རྒྱལ་ཁབ་རིམ་པའི་གོ་གནས་རྒན་པ་དང་། རྒྱལ་ཁབ་རིམ་པའི་གོ་གནས་གཞོན་པ། ཞིང་ཆེན་དང་པུའུ་རིམ་པའི་གོ་གནས་རྒན་པ་དང་། ཞིང་ཆེན་དང་པུའུ་རིམ་པའི་གོ་གནས་གཞོན་པ། ཐིན་དང་ཅུའུ་རིམ་པའི་གོ་གནས་རྒན་པ་དང་། ཐིན་དང་ཅུའུ་རིམ་པའི་གོ་གནས་གཞོན་པ། རྫོང་དང་ཁྲུའུ་རིམ་པའི་གོ་གནས་རྒན་པ་དང་། རྫོང་དང་ཁྲུའུ་རིམ་པའི་གོ་གནས་གཞོན་པ། ཤང་དང་ཁོའོ་རིམ་པའི་གོ་གནས་        རྒན་པ་དང་། ཤང་དང་ཁོའོ་རིམ་པའི་གོ་གནས་གཞོན་པ་བཅས་སུ་དབྱེ་ཡོད།
  འགོ་ཁྲིད་མིན་པའི་གོ་གནས་ཀྱི་བང་རིམ་དེ་ཐིན་དང་ཅུའུ་རིམ་པ་མན་ཆད་དུ་བཟོ་རྒྱུ།
   དོན་ཚན་བཅུ་བདུན་པ། ཕྱོགས་བསྡུས་དོ་དམ་རིགས་ཀྱི་འགོ་ཁྲིད་གོ་གནས་དེ་རྩ་ཁྲིམས་དང་། འབྲེལ་ཡོད་བཅའ་ཁྲིམས། གོ་གནས་ཀྱི་བང་རིམ། སྡེ་ཚན་གྱི་རིམ་པ་བཅས་གཞིར་བཟུང་བཟོ་རྒྱུ་དང་གཏན་འཁེལ་བྱ་རྒྱུ།
  ཕྱོགས་བསྡུས་དོ་དམ་རིགས་ཀྱི་འགོ་ཁྲིད་མིན་པའི་གོ་གནས་དེ་རྟོགས་ཞིབ་པ་དང་། རྟོགས་ཞིབ་གཞོན་པ། བརྟག་ཞིབ་པ། བརྟག་ཞིབ་གཞོན་པ། ཀྲུའུ་རིན་ཁོའོ་ཡོན། ཀྲུའུ་རིན་ཁོའོ་ཡོན་གཞོན་པ། ཁོའོ་ཡོན། ལས་སྒྲུབ་པ་བཅས་ལ་དབྱེ་རྒྱུ།
  ཕྱོགས་བསྡུས་དོ་དམ་གྱི་རིགས་ཕུད་དེ་མིན་གྱི་ལས་གནས་གཞན་དག་རིགས་ཀྱི་གཞུང་ལས་པའི་གོ་གནས་ཀྱི་བང་རིམ་དེ་བཅའ་ཁྲིམས་འདི་གཞིར་བཟུང་རྒྱལ་ཁབ་ནས་ཟུར་དུ་གཏན་འབེབས་བྱ་རྒྱུ།
   དོན་ཚན་བཅོ་བརྒྱད་པ། ལས་ཁུངས་ཁག་གིས་གཏན་འཁེལ་ཟིན་པའི་འགན་ནུས་དང་། རིམ་པ། སྒྲིག་གྲངས། གནས་གྲངས། གྲུབ་ཆའི་བསྡུར་ཚད་བཅས་གཞིར་བཟུང་ལས་ཁུངས་དེ་གའི་གཞུང་ལས་པའི་ལས་གནས་ཞིབ་ཕྲ་བཟོ་དགོས་པ་དང་འབྲེལ་ལས་གནས་ཁག་གི་ལས་ཀའི་འགན་འཁྲི་དང་འགན་འཛིན་གྱི་འོས་བབ་ཆ་རྐྱེན་གཏན་འཁེལ་བྱ་དགོས།
   དོན་ཚན་བཅུ་དགུ་བ། གཞུང་ལས་པའི་གོ་གནས་དེ་འབྲེལ་མཚུངས་ཀྱི་རིམ་པ་དང་ཐོད་གཏུག་དགོས། གཞུང་ལས་པའི་གོ་གནས་དང་རིམ་པའི་དབར་ཐོད་གཏུག་བྱེད་ཕྱོགས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཏན་འཁེལ་བྱ་རྒྱུ།
  གཞུང་ལས་པའི་གོ་གནས་དང་རིམ་པ་ནི་གཞུང་ལས་པའི་གླ་ཕོགས་དང་དེ་མིན་གྱི་ཐོབ་ཐང་རིགས་གཏན་འཁེལ་བྱེད་པའི་གཞི་འཛིན་ས་ཡིན།
  གཞུང་ལས་པའི་རིམ་པ་ནི་དེའི་གོ་གནས་དང་། སྤྱོད་ཡོན། ལས་ཀའི་གྲུབ་འབྲས། བསླབ་རིམ་བཅས་ལ་གཞིགས་ནས་གཏན་འཁེལ་བྱ་དགོས། གོ་གནས་གཅིག་གི་ཐོག་གཞུང་ལས་པའི་རིམ་པ་དེ་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་སྤོར་ཆོག
   དོན་ཚན་ཉི་ཤུ་བ། རྒྱལ་ཁབ་ཀྱིས་མི་དམངས་ཉེན་རྟོག་དང་། དེ་བཞིན་འགག་སྒོ་དང་ཕྱི་རྒྱལ་དུ་བཅའ་སྡོད་ཕྱི་འབྲེལ་ལས་ཁུངས་ཀྱི་གཞུང་ལས་པའི་ལས་ཀའི་ཁྱད་ཆོས་ལ་གཞིགས་ནས་གོ་གནས་དང་འབྲེལ་མཚུངས་ཀྱི་གནས་རིམ་བཟོ་དགོས།
  ལེའུ་བཞི་བ། བསྡུ་ཕྱོགས་སྐོར།
   དོན་ཚན་ཉེར་གཅིག་པ། ཀྲུའུ་རིན་ཁོའོ་ཡོན་མན་ཆན་དང་དེ་དང་གནས་རིམ་མཚུངས་པའི་འགོ་ཁྲིད་ཀྱི་གོ་གནས་མེད་པའི་གཞུང་ལས་པ་བསྡུ་སྐབས་ཡོངས་བསྒྲགས་རྒྱུགས་ལེན་དང་། རྟོག་ཞིབ་ནན་པོ། འདྲ་མཉམ་འགྲན་རྩོད། ལེགས་འདེམས་བསྡུ་སྤྱོད་བཅས་ཀྱི་བྱ་ཐབས་ལག་བསྟར་བྱ་དགོས།
  མི་རིགས་ས་ཁོངས་རང་སྐྱོང་ཁུལ་དུ་གོང་གསལ་གཏན་འབེབས་གཞིར་བཟུང་གཞུང་ལས་པ་བསྡུ་སྐབས་བཅའ་ཁྲིམས་དང་འབྲེལ་ཡོད་གཏན་འབེབས་ལྟར་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་མཁན་ལ་ལྟ་རྟོག་འོས་མཚམས་བྱ་དགོས།
   དོན་ཚན་ཉེར་གཉིས་པ། ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྡེ་ཚན་གྱི་གཞུང་ལས་པ་བསྡུ་རྒྱུ་དེ་ཀྲུང་དབྱང་གི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འགན་འཁུར་རྒྱུ། ས་གནས་རིམ་པ་ཁག་གི་གཞུང་ལས་པ་བསྡུ་རྒྱུ་དེ་ཞིང་ཆེན་རིམ་པའི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཆུད་བཙུགས་པའི་གྲོང་ཁྱེར་རིམ་པའི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་ལ་བསྡུ་དབང་སྤྲོད་ཆོག
   དོན་ཚན་ཉེར་གསུམ་པ། གཞུང་ལས་པ་རྒྱུགས་ཐོ་འགོད་སྐབས་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གཅིག་ནང་གསལ་ཆ་རྐྱེན་འཛོམས་དགོས་པ་ཕུད་ད་དུང་ཞིང་ཆེན་རིམ་པ་ཡན་གྱི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་ལས་གནས་བསྐོ་གཞག་བྱ་རྒྱུའི་བླང་བྱ་ལྟར་གྱི་འོས་བབ་ཆ་རྐྱེན་འཛོམས་དགོས།
   དོན་ཚན་ཉེར་བཞི་བ། གཤམ་གསལ་མི་སྣ་གཞུང་ལས་པར་བསྡུ་མི་ཆོག་པ་ནི།
  (གཅིག) ཉེས་པ་བསགས་ནས་ཉེས་དོན་གྱི་ཁྲིམས་ཆད་ཕོག་མྱོང་བ་དང་།
  (གཉིས།) ཞབས་ཁོངས་ནས་ཕྱིར་འབུད་བྱས་པ།
  (གསུམ།) བཅའ་ཁྲིམས་ནང་དུ་གཞུང་ལས་པར་བསྡུ་མི་ཆོག་པའི་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་ཡོད་རིགས་བཅས་ཡིན།
   དོན་ཚན་ཉེར་ལྔ་བ། གཞུང་ལས་པ་བསྡུ་སྐབས་ངེས་པར་དུ་གཏན་འཁེལ་བྱས་པའི་སྒྲིག་གྲངས་ནང་དུ་ཚུད་དགོས་པ་དང་ཆབས་ཅིག་དེ་འབྲེལ་གྱི་ལས་གནས་སྟོང་བ་ཡོད་དགོས།
   དོན་ཚན་ཉེར་དྲུག་པ། གཞུང་ལས་པ་བསྡུ་སྐབས་ངེས་པར་དུ་རྒྱུགས་ལེན་བརྡ་སྤྲོད་ཀྱི་སྤྱི་བསྒྲགས་སྤེལ་དགོས། རྒྱུགས་ལེན་བརྡ་སྤྲོད་ཀྱི་སྤྱི་བསྒྲགས་ཐོག་རྒྱུགས་ལེན་བྱ་རྒྱུའི་ལས་གནས་དང་། མི་གྲངས། ཐོ་འགོད་རྒྱུགས་སྤྲོད་ཀྱི་འོས་བབ་ཆ་རྐྱེན། ཐོ་འགོད་རྒྱུགས་སྤྲོད་སྐབས་དགོས་པའི་ཞུ་ཡིག་དང་རྒྱུགས་ལེན་སྐབས་ཀྱི་ངེས་བྱའི་རིགས་གསལ་བོ་འགོད་དགོས།
  གཞུང་ལས་པ་བསྡུ་མཁན་ལས་ཁུངས་ཀྱིས་ངེས་པར་དུ་བྱ་ཐབས་སྤྱད་ནས་སྤྱི་དམངས་ལ་རྒྱུགས་སྤྲོད་ཐོ་འགོད་བྱེད་བདེ་བཟོ་དགོས།
   དོན་ཚན་ཉེར་བདུན་པ། གཞུང་ལས་པ་བསྡུ་མཁན་ལས་ཁུངས་ཀྱིས་ཐོ་འགོད་རྒྱུགས་སྤྲོད་ཀྱི་འོས་བབ་དང་ཆ་རྐྱེན་གཞིར་བཟུང་ཐོ་འགོད་རྒྱུགས་སྤྲོད་ཀྱི་ཞུ་ཡིག་ལ་ཞིབ་བཤེར་བྱ་དགོས། ཐོ་འགོད་རྒྱུགས་སྤྲོད་བྱེད་མཁན་གྱིས་ཕུལ་བའི་ཞུ་ཡིག་དེི་འཁྲུལ་མེད་ཡང་དག་པ་ཞིག་དགོས།
   དོན་ཚན་ཉེར་བརྒྱད་པ། གཞུང་ལས་པ་བསྡུ་བའི་རྒྱུགས་སྤྲོད་དེ་ཡིག་ཐོག་དང་ངག་ཐོག་གཉིས་ནས་བྱ་དགོས་པ་དང་། རྒྱུགས་ལེན་གྱི་ནང་དོན་དེ་གཞུང་ལས་པར་འཛོམས་དགོས་པའི་གཞི་རྩའི་འཇོན་ཐང་དང་ལས་གནས་རིགས་མི་འདྲ་བར་གཞིགས་ནས་བཟོ་དགོས།
  དོན་ཚན་ཉེར་དགུ་བ། གཞུང་ལས་པ་བསྡུ་མཁན་ལས་ཁུངས་ཀྱིས་རྒྱུགས་འབྲས་ལ་གཞིགས་ནས་རྟོག་ཞིབ་བྱ་རྒྱུའི་འོས་མི་གཏན་འཁེལ་བྱ་དགོས་པ་དང་འབྲེལ་ཁོང་ཚོའི་ཐོ་འགོད་རྒྱུགས་སྤྲོད་ཀྱི་འོས་བབ་ལ་བསྐྱར་ཞིབ་དང་རྟོག་ཞིབ་བྱ་དགོས་པ་དང་། གཟུགས་པོར་བརྟག་དཔྱད་བྱ་དགོས།
  གཟུགས་པོར་བརྟག་དཔྱད་བྱ་རྒྱུའི་རྣམ་གྲངས་དང་ཚད་གཞི་དེ་ལས་གནས་ཀྱི་བླང་བྱ་གཞིར་བཟུང་གཏན་འཁེལ་བྱ་དགོས་ཤིང་། དེ་ཡང་ཀྲུང་དབྱང་གི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་དང་མཉམ་དུ་ཞིབ་ཕྲའི་བྱ་ཐབས་གཏན་འབེབས་བྱ་དགོས།
   དོན་ཚན་སུམ་ཅུ་བ། གཞུང་ལས་པ་བསྡུ་མཁན་ལས་ཁུངས་ཀྱིས་རྒྱུགས་ལེན་གྱི་སྦྱངས་འབྲས་དང་། རྟོག་ཞིབ་བྱས་པའི་གནས་ཚུལ། གཟུགས་པོར་བརྟག་དཔྱད་བྱས་འབྲས་བཅས་ལ་གཞིགས་ནས་གཞུང་ལས་པ་དངོས་སུ་བསྡུ་བའི་མིང་ཐོ་འདོན་པ་དང་འབྲེལ་ཡོངས་བསྒྲགས་བྱ་དགོས།
  ཡོངས་བསྒྲགས་བྱས་དུས་ཐིམ་རྗེས་ཀྲུང་དབྱང་རིམ་པའི་གཞུང་ལས་པ་བསྡུ་མཁན་ལས་ཁུངས་ཀྱིས་གཞུང་ལས་པར་འཇུག་རྒྱུའི་མིང་ཐོ་ཀྲུང་དབྱང་གི་གཞུང་ལས་པའི་གཙོ་འགན་འཁུར་མཁན་ཚན་པར་སྙན་ཐོ་དཔོད་དགོས་པ་དང་། ས་གནས་རིམ་པ་ཁག་གི་གཞུང་ལས་བསྡུ་མཁན་ལས་ཁུངས་ཀྱིས་གཞུང་ལས་པར་འཇུག་རྒྱུའི་མིང་ཐོ་ཞིང་ཆེན་རིམ་པ་དང་ཡང་ན་ཚུད་བཙུགས་པའི་གྲོང་ཁྱེར་རིམ་པའི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་      ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས།
   དོན་ཚན་སོ་གཅིག་པ། དམིགས་བསལ་ལས་གནས་ཀྱི་གཞུང་ལས་པ་བསྡུ་སྐབས་ཞིང་ཆེིན་རིམ་པ་ཡན་གྱི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་འཐོབ་མཚམས་འགྲོ་ལུགས་སྟབས་བདེ་རུ་གཏོང་བའམ་ཡང་ན་དཔྱད་འདེམས་བྱེད་ཐབས་གཞན་དག་ལག་བསྟར་བྱེད་ཆོག
   དོན་ཚན་སོ་གཉིས་པ། གཞུང་ལས་པ་གསར་དུ་བསྡུས་རིགས་ལ་ཚོད་ལྟ་བྱེད་ཡུན་ལོ་གཅིག་ཡིན། ཚོད་ལྟ་བྱེད་ཚོད་ཐིམ་རྗེས་ཚད་ལོན་པར་ལས་ཀ་སྤྲོད་དགོས་པ་དང་། ཚད་མ་ལོན་པ་གཞུང་ལས་པའི་ཁོངས་སུ་བསྡུ་རྒྱུ་མེད།
  ལེའུ་ལྔ་བ། དཔྱད་ཞིབ་སྐོར།
  དོན་ཚན་སོ་གསུམ་པ། གཞུང་ལས་པར་དཔྱད་ཞིབ་བྱེད་སྐབས་དོ་དམ་གྱི་དབང་ཚད་ལྟར་གཞུང་ལས་པའི་ཀུན་སྤྱོད་དང་། འཇོན་ཐང་། ལས་ཀ གྲུབ་འབྲས། གཞུང་སེམས་དག་མེད་བཅས་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱ་དགོས་པ་མ་ཟད་ལས་ཀའི་བྱས་འབྲས་དངོས་གཙོ་བོར་བཞག་ནས་དཔྱད་ཞིབ་བྱ་དགོས།
   དོན་ཚན་སོ་བཞི་བ། གཞུང་ལས་པར་དཔྱད་ཞིབ་བྱ་རྒྱུ་དེ་རྒྱུན་གཏན་དཔྱད་ཞིབ་དང་དུས་བཀག་དཔྱད་ཞིབ་ཁག་གཉིས་སུ་དབྱེ་དགོས། དུས་བཀག་དཔྱད་ཞིབ་དེ་རྒྱུན་གཏན་གྱི་དཔྱད་ཞིབ་རྨང་གཞིར་བྱས་ནས་བྱ་དགོས།
  དོན་ཚན་སོ་ལྔ་བ། འགོ་ཁྲིད་ཀྱི་ཁོངས་མི་མིན་པའི་གཞུང་ལས་པར་དུས་བཀག་དཔྱད་ཞིིབ་བྱེད་སྐབས་ལོ་འཁོར་དཔྱད་ཞིབ་བྱེད་ཐབས་འཛིན་དགོས། དེ་ཡང་དང་ཐོག་སོ་སོས་ལས་གནས་འགན་འཁྲི་དང་འབྲེལ་ཡོད་བླང་བྱ་གཞིར་བཟུང་ཕྱོགས་བསྡོམས་བྱ་དགོས་ཤིང་། གཙོ་འགན་འཁུར་མཁན་འགོ་ཁྲིད་ཀྱིས་མང་ཚོགས་ཀྱི་བསམ་འཆར་ཉན་རྗེས་དཔྱད་ཞིབ་བྱས་པའི་གདང་རིམ་ཇི་ཡིན་གྱི་གྲོས་འཆར་འདོན་དགོས་པ་དང་། དེ་ནས་ལས་ཁུངས་དེ་      གའི་འགན་འཁུར་བའམ་ཡང་ན་དབང་ཆ་སྤྲད་པའི་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གིས་དཔྱད་ཞིབ་ཀྱི་གདང་རིམ་གཏན་འཁེལ་བྱ་དགོས།
  འགོ་ཁྲིད་ཀྱི་ཁོངས་མིའི་དུས་བཀག་དཔྱད་ཞིབ་དེ་གཙོ་འགན་འཁུར་མཁན་ལས་ཁུངས་ཀྱིས་འབྲེལ་ཡོད་གཏན་འབེབས་ལྟར་བྱ་དགོས།
   དོན་ཚན་སོ་དྲུག་པ། དུས་བཀག་དཔྱད་ཞིབ་དེ་ཕུལ་བྱུང་དང་། ཚད་གཞི་ལོན་པ། རྩ་བའི་ཆར་ཚད་གཞི་ལོན་པ། ཚད་གཞི་མ་ལོན་པ་བཅས་རིམ་པ་བཞིར་དབྱེ་དགོས།
  དུས་བཀག་དཔྱད་ཞིབ་བྱས་འབྲས་དེ་གཞུང་ལས་པ་སོ་སོར་ཡིག་ཐོག་ནས་བརྡ་ཐོ་གཏོང་དགོས།
  དོན་ཚན་སོ་བདུན་པ། དུས་བཀག་དཔྱད་ཞིབ་བྱས་པ་དེ་གཞུང་ལས་པའི་གོ་གནས་དང་། རིམ་པ། གླ་ཕོགས་བཅས་བཟོ་བ་དང་། དེ་བཞིན་གཞུང་ལས་པར་བྱ་དགའ་སྤྲོད་པ་དང་། སྦྱོང་བརྡར་སྤྲོས་པ། ལས་གནས་ནས་ཕྱིར་སློག་བཅས་བྱ་རྒྱུའི་གཞི་འཛིན་སར་བརྩི་དགོས།
  ལེའུ་དྲུག་པ། གོ་གནས་བསྐོ་འཐེན་སྐོར།
   དོན་ཚན་སོ་བརྒྱད་པ། གཞུང་ལས་པའི་གོ་གནས་ལ་འདེམས་བསྐོ་ལམ་ལུགས་དང་བསྐོ་གཞག་ལམ་ལུགས་ལག་བསྟར་བྱ་རྒྱུ།
  འགོ་ཁྲིད་ཁོངས་མིའི་གོ་གནས་དེ་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་འགན་ཡུན་ལམ་ལུགས་ལག་བསྟར་བྱ་རྒྱུ།
   དོན་ཚན་སོ་དགུ་བ། འདེམས་བསྐོ་ལམ་ལུགས་ཀྱི་གཞུང་ལས་པའི་རིགས་གོ་གནས་འདེམས་བསྐོ་བྱས་འབྲས་ལ་བརྩི་འགྲོ་ཐོན་མ་ཐག་གོ་གནས་བྱུང་བ་དང་། འགན་ཡུན་ཐིམ་རྗེས་མུ་མཐུད་གོ་གནས་འཛིན་རྒྱུ་མེད་པ་དང་ཡང་ན་འགན་ཡུན་རིང་ལས་གནས་དགོངས་ཞུ་དང་། གནས་དབྱུང་བཏང་བ། གོ་གནས་ཕབ་པ་བཅས་བྱས་རིགས་གོ་གནས་འཛིན་མཚམས་འཇོག་རྒྱུ།
  དོན་ཚན་བཞི་བཅུ་བ། བསྐོ་གཞག་ལམ་ལུགས་ཀྱི་གཞུང་ལས་པའི་རིགས་ཚོད་ལྟའི་དུས་ཡུན་ཐིམ་རྗེས་དཔྱད་ཞིབ་བྱས་ཏེ་ཚད་ལོན་པ་དང་། གོ་གནས་འགྱུར་བ་བྱུང་བ། གཞུང་ལས་པའི་གོ་གནས་མུ་མཐུད་མི་འཛིན་པ། དེ་བཞིན་དགོས་མཁོ་གཞན་གྱིས་རྐྱེན་པས་གོ་གནས་བསྐོ་འཐེན་བྱེད་དགོས་རིགས་དོ་དམ་གྱི་དབང་ཚད་དང་གཏན་འབེབས་ཀྱི་གོ་རིམ་ལྟར་དེའི་གོ་གནས་བསྐོ་འཐེན་བྱ་རྒྱུ།
   དོན་ཚན་ཞེ་གཅིག་པ། གཞུང་ལས་པའི་གོ་གནས་དེ་ངེས་པར་དུ་སྒྲིག་གྲངས་ཀྱི་རྒྱས་བཅད་དང་གནས་གྲངས་ནང་ཁོངས་སུ་བསྐོ་གཞག་བྱ་དགོས་པ་མ་ཟད་འབྲེལ་མཚུངས་ཀྱི་ལས་གནས་སྟོང་བ་ཡོད་དགོས།
   དོན་ཚན་ཞི་གཉིས་པ། ལས་ཀའི་དགོས་མཁོས་རྐྱེན་པས་གཞུང་ལས་པས་ལས་ཁུངས་ཀྱི་ཕྱི་རྒྱར་ལས་འགན་གཅིག་ལྕོགས་འཁུར་དགོས་ཚེ་ངེས་པར་དུ་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་ཐོབ་དགོས་པ་མ་ཟད་གཅིག་ལྕོགས་ཀྱི་ཕོགས་ཐོབ་ལེན་མི་ཆོག
  ལེའུ་བདུན་པ། གོ་གནས་སྤོར་གཅོག་སྐོར།
  དོན་ཚན་ཞེ་གསུམ་པ། གཞུང་ལས་པའི་གོ་གནས་སྤོར་རྒྱུ་དེ་ངེས་པར་དུ་གོ་གནས་བསྐོ་གཞག་བྱ་རྒྱུའི་བླང་བྱ་ལྟར་བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་དང་། ལས་ཀའི་འཇོན་ཐང་། རིག་གནས་ཆུ་ཚད། འགན་ཡུན་ལོ་རྒྱུས་སོགས་ཐད་ཀྱི་ཆ་རྐྱེན་འཛོམས་དགོས་པ་དང་ཐོབ་ཐང་ཡོད་དགོས།
  གཞུང་ལས་པའི་གོ་གནས་ངེས་པར་དུ་རིམ་པ་བཞིན་སྤོར་དགོས། དམིགས་བསལ་ཕུལ་དུ་བྱུང་བའམ་ཡང་ན་ལས་ཀའི་དམིགས་བསལ་དགོས་མཁོ་ཆེ་རིགས་གཏན་འབེབས་གཞིར་བཟུང་དམིགས་བསལ་གནས་སྤར་བྱེད་པའམ་ཡང་ན་གནས་མཆོངས་ཀྱིས་གོ་ས་སྤོར་ཆོག
  དོན་ཚན་ཞེ་བཞི་བ། གཞུང་ལས་པ་འགོ་ཁྲིད་ཀྱི་གོ་གནས་སུ་སྤོར་སྐབས་གཤམ་གསལ་འགྲོ་ལུགས་སྒྲུབ་དགོས།
  (གཅིག) དམངས་གཙོའི་འོས་སྦྱོར་བྱས་ཏེ་རྟོག་ཞིབ་བྱེད་ཡུལ་གཏན་འཁེལ་བྱ་དགོས་པ་དང་།
  (གཉིས།) རྟོག་ཞིབ་བྱས་ནས་གོ་གནས་བསྐོ་གཞག་བྱེད་ཕྱོགས་ཀྱི་འཆར་གཞི་འདོན་པ་མ་ཟད་དགོས་མཁོར་གཞིགས་ནས་ཁྱབ་ཁོངས་ངེས་ཅན་ནང་གྲོས་མོལ་བྱ་དགོས།
  (གསུམ།) དོ་དམ་གྱི་དབང་ཚད་ལྟར་གྲོས་བསྡུར་གྱིས་གཏན་འཁེལ་བྱ་དགོས།
  (བཞི།) གཏན་འབེབས་ལྟར་གོ་གནས་བསྐོ་གཞག་གི་འགྲོ་ལུགས་སྒྲུབ་དགོས་པ་བཅས་ཡིན།
  གཞུང་ལས་པར་འགོ་ཁྲིད་མིན་པའི་གོ་གནས་སྤྲོད་ཕྱོགས་ཐད་ནང་གསེས་གོང་མའི་གཏན་འབེབས་ཀྱི་གོ་རིམ་དཔྱད་གཞིར་འཛིན་དགོས།
   དོན་ཚན་ཞེ་ལྔ་བ། ལས་ཁུངས་ནང་ཁོངས་ཚན་པའི་ཐིན་ཅུས་རིམ་པ་རྒན་པ་མན་གྱི་ལས་ཚན་སྟོང་པར་ལུས་སྐབས་ལས་ཁུངས་དེ་གའམ་ཡང་ན་ཁོངས་གཏོགས་དེ་གའི་ནང་ལས་གནས་འགན་འཁུར་བྱེད་ཐབས་ལ་བརྟེན་ནས་གནས་འཛིན་པ་འདེམས་དགོས།
  ཐིན་ཅུས་རྒན་པ་མན་གྱི་འགོ་ཁྲིད་ལས་གནས་སམ་ཡང་ན་བརྟག་ཞིབ་པ་གཞོན་པ་ཡན་དང་དེ་བཞིན་འབྲེལ་མཚུངས་གོ་གནས་གདང་རིམ་གྱི་འགོ་ཁྲིད་མིན་པའི་ལས་གནས་སྟོང་པར་ལུས་སྐབས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་འདེམས་བསྐོ་བྱས་ཏེ་ལས་གནས་འཛིན་མི་འདེམས་དགོས།
  ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གསར་བའི་འོས་མི་གཏན་འཁེལ་བྱེད་སྐབས་སྤྱི་ཚོགས་ཐོག་རྒྱལ་ཁབ་ཀྱི་གཅིག་གྱུར་ཁྲིམས་འཛིན་རྒྱུགས་ལེན་བྱས་ཏེ་འོས་བབ་ཡོད་པའི་ཁོངས་ནས་ཡོངས་བསྒྲགས་ཀྱིས་བདམས་གསེས་གནས་སྤར་བྱས་ན་འགྲིག
   དོན་ཚན་ཞེ་དྲུག་པ། གཞུང་ལས་པ་གནས་སྤར་བྱེད་སྐབས་འབྲེལ་ཡོད་གཏན་འབེབས་ལྟར་གནས་སྤར་མ་བྱས་གོང་ཡོངས་བསྒྲགས་ལམ་ལུགས་དང་གནས་སྤར་ཚོད་ལྟའི་ལམ་ལུགས་ལག་བསྟར་བྱ་དགོས།
   དོན་ཚན་ཞེ་བདུན་པ། དུས་བཀག་དཔྱད་ཞིབ་ནང་གཞུང་ལས་པ་ཚད་མ་ལོན་པའི་ངེས་གཏན་འཁེལ་རིགས་གཏན་འབེབས་ཀྱི་གོ་རིམ་ལྟར་གོ་གནས་ཀྱི་གདང་རིམ་གཅིག་ཕབ་སྟེ་ལས་གནས་འཛིན་རྒྱུ།
  ལེའུ་བརྒྱད་པ། བྱ་དགའི་སྐོར།
   དོན་ཚན་ཞེ་བརྒྱད་པ། ལས་ཀའི་སྤྱོད་ཚུལ་གཞན་ལས་ལེགས་པ་དང་། གྲུབ་འབྲས་གཟེངས་སུ་ཐོན་པ། ལེགས་སྐྱེས་ཆེ་བ་བཅས་སམ་ཡང་ན་བྱས་རྗེས་མངོན་གསལ་དོད་པོ་ཡོད་པའི་གཞུང་ལས་པའམ་ཡང་ན་གཞུང་ལས་པའི་མཉམ་སྡེབ་ལ་བྱ་དགའ་སྤྲོད་དགོས། བྱ་དགའ་ནི་བསམ་པའི་བྱ་དགའ་དང་དངོས་པོའི་བྱ་དགའ་ཟུང་འབྲེལ་བྱ་དགོས་པའི་ཐོག་བསམ་པའི་བྱ་དགའ་སྤྲོད་རྒྱུ་གཙོ་བོར་བཟུང་བའི་རྩ་དོན་མཐའ་འཁྱོངས་བྱ་དགོས།
  གཞུང་ལས་པའི་མཉམ་སྡེབ་བྱ་དགའ་དེ་སྒྲིག་གཞིའི་གོ་རིམ་ལྟར་བཙུགས་པའི་སྡེ་ཚན་ནམ་ཡང་ན་ཆེད་དོན་ལས་འགན་སྒྲུབ་དམིགས་སུ་བཙུགས་པའི་ལས་དོན་མཉམ་སྡེབ་ལ་སྤྲོད་དགོས།
   དོན་ཚན་ཞེ་དགུ་བ། གཞུང་ལས་པའམ་ཡང་ན་གཞུང་ལས་པའི་མཉམ་སྡེབ་ལ་གཤམ་གསལ་གནས་ཚུལ་གང་རུང་ཞིག་ཡོད་རིགས་ལ་བྱ་དགའ་སྤྲོད་རྒྱུ།
  (གཅིག) འཁུར་བསམ་རྣམ་དག་ལྡན་པ་དང་། ལས་ཀ་ཧུར་ཐག་བྱེད་པ། གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པ་དང་།
  (གཉིས།) སྒྲིག་ཁྲིམས་བརྩི་སྲུང་དང་། སྤྱོད་གཙང་གཞུང་བཀུར། སྤྱོད་ཚུལ་ལེགས་པ། གཞུང་སེམས་དྲང་བ། མིག་དཔེའི་ནུས་པ་མངོན་གསལ་དོད་པ།
  (གསུམ།) ལས་ཀའི་ནང་གསར་གཏོད་དང་གསར་སྐྲུན་ཡོད་པའམ་ཡང་ན་ལུགས་དང་མཐུན་པའི་གྲོས་འཆར་བཏོན་ནས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ།
  (བཞི།) མི་རིགས་མཐུན་སྒྲིལ་དམ་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུར་ལེགས་སྐྱེས་མངོན་གསལ་དོད་པ།
  (ལྔ།) སྤྱི་རྫས་ལ་གཅེས་སྤྲས་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་གྲོན་ཆུང་བྱེད་རྒྱུའི་ཐད་གྲུབ་འབྲས་མངོན་གསལ་དོད་པ།
  (དྲུག) དོན་རྐྱེན་སྔོན་འགོག་དང་མེད་པ་བཟོ་རྒྱུའི་ནང་བྱས་རྗེས་བཞག་ནས་རྒྱལ་ཁབ་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་གྱོང་གུན་མ་ཕོག་པ་དང་ཡང་ན་གྱོང་གུན་ཕོག་ཤུགས་ཆུང་དུ་བཏང་བ།
  (བདུན།) ཉེན་འགོག་གེགས་སེལ་སོགས་དམིགས་བསལ་དུས་སྐབས་སུ་རང་སྲོག་ཕངས་མེད་ཀྱིས་ལེགས་སྐྱེས་ཕུལ་ཡོད་པ།
  (བརྒྱད།) ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་དང་འཐབ་རྩོད་བྱས་ནས་བྱས་རྗེས་བཞག་ཡོད་པ།
  (དགུ) ཕྱི་འབྲེལ་འགྲོ་འོང་བྱེད་པའི་ནང་རྒྱལ་ཁབ་ཀྱི་མཚན་སྙན་དང་ཁེ་ཕན་བརྩོན་ལེན་བྱས་ཡོད་པ།
  (བཅུ།) དེ་མིན་བྱས་རྗེས་མངོན་གསལ་དོད་པོ་བཞག་ཡོད་པ་བཅས་ཡིན།
   དོན་ཚན་ལྔ་བཅུ་བ། བྱ་དགའ་ནི་གཟེངས་བསྟོད་དང་། བྱས་རྗེས་རིམ་པ་གསུམ་པ། བྱས་རྗེས་རིམ་པ་གཉིས་པ། བྱས་རྗེས་རིམ་པ་དང་པོ། གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་བཅས་ཡིན།
  བྱ་དགའ་ཐོབ་པའི་གཞུང་ལས་པའམ་ཡང་ན་གཞུང་ལས་པའི་མཉམ་སྡེབ་ལ་བསྔགས་བརྗོད་བྱེད་རྒྱུ་དང་འབྲེལ་ཐེངས་གཅིག་གིས་གོ་ཆོད་པའི་བྱ་དགའི་དངུལ་དང་ཡང་ན་ཐོབ་ཐང་གཞན་དག་སྤྲོད་རྒྱུུ།
   དོན་ཚན་ང་གཅིག་པ། གཞུང་ལས་པ་དང་ཡང་ན་གཞུང་ལས་པའི་མཉམ་སྡེབ་ལ་བྱ་དགའ་སྤྲོད་རྒྱུ་དེ་གཏན་འབེབས་ཀྱི་དབང་ཚད་དང་གོ་རིམ་ལྟར་གཏན་འཁེལ་བྱེད་པའམ་ཡང་ན་ཞིབ་བཤེར་ཆོག་མཆན་ཞུ་དགོས།
  དོན་ཚན་ང་གཉིས་པ། གཞུང་ལས་པ་དང་ཡང་ན་གཞུང་ལས་པའི་མཉམ་སྡེབ་ལ་གཤམ་གསལ་གནས་ཚུལ་གང་རུང་ཞིག་ཡོད་རིགས་ལ་བྱ་དགའ་མེད་པ་བཟོ་རྒྱུ།
  (གཅིག) མི་བདེན་རྫུན་སྒྲིག་བྱས་ནས་བྱ་དགའ་གཡོ་ལེན་བྱས་པ་དང་།
  (གཉིས།) བྱ་དགའི་སྙན་ཐོ་འབུལ་སྐབས་ཚབས་ཆེའི་ནོར་འཁྲུལ་སྦ་གསང་བྱས་པའམ་ཡང་ན་གཏན་འབེབས་ཀྱི་གོ་རིམ་དང་རྒྱབ་འགལ་ཚབས་ཆེ་བྱས་པ།
  (གསུམ།) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱ་དགའ་མེད་པ་བཟོ་དགོས་རིགས་ཀྱི་གནས་ཚུལ་གཞན་དག་ཡོད་པ་བཅས་ཡིན།
  ལེའུ་དགུ་བ། ཆད་གཅོད་བསླབ་འདོམས་སྐོར།
   དོན་ཚན་ང་གསུམ་པ། གཞུང་ལས་པས་ངེས་པར་དུ་སྒྲིག་ལམ་སྲུང་དགོས་པ་ལས་གཤམ་གསལ་བྱ་སྤྱོད་རིགས་ཡོད་མི་ཆོག
  (གཅིག) རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་པའི་གཏམ་གླེང་སྤེལ་བ་དང་། རྒྱལ་ཁབ་ལ་ངོ་རྒལ་བྱེད་པའི་འདུ་ཚོགས་དང་། ཁྲོམ་སྐོར། རྔམུ??སྟོན་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་པ་དང་ཡང་ན་དེའི་ནང་ཞུགས་པ་དང་།
  (གཉིས།) ཁྲིམས་འགལ་གྱི་ཚོགས་པ་སྒྲིག་འཛུགས་བྱེད་པའམ་ཡང་ན་དེའི་ནང་ཞུགས་པ་དང་། ལས་མཚམས་འཇོག་རྒྱུའི་སྒྲིག་འཛུགས་དང་དེའི་ནང་ཞུགས་པ།
  (གསུམ།) རང་འགན་ཟོལ་འཇོག་དང་ལས་ཀ་འཐུས་ཤོར་བཏང་བ།
  (བཞི།) ཁྲིམས་ལུགས་ལྟར་གཏན་འཁེལ་བྱས་པའི་གོང་རིམ་གྱི་གཏན་འབེབས་དང་བཀའ་བཀོད་ལག་བསྟར་མི་བྱེད་པ།
  (ལྔ།) སྐྱོན་བརྗོད་བྱེད་མཁན་ལ་མགོ་གནོན་དང་། རྡུང་རྡེག་གཏོང་བ། འཁོན་ལན་སློག་པ།
  (དྲུག) མི་བདེན་རྫུན་སྒྲིག་བྱས་ནས་འགོ་ཁྲིད་དང་མང་ཚོགས་ལོག་ལམ་དུ་འཁྲིད་པ་དང་མགོ་བསྐོར་གཏོང་བ།
  (བདུན།) རྒྱུ་རྔན་བཟའ་བེད་དང་། ལྐོག་རྔན་སྤྲོད་ལེན། ལས་གནས་ཀྱི་སྟབས་བདེར་བརྟེན་ནས་རང་ཉིད་དང་ཡང་ན་མི་གཞན་གྱི་ཆེད་དུ་སྒེར་དོན་སྒྲུབ་ཐབས་བྱེད་པ།
  (བརྒྱད།) ནོར་དཔལ་གྱི་སྒྲིག་ལམ་དང་འགལ་ནས་རྒྱལ་ཁབ་ཀྱི་རྒྱུ་ནོར་ཆུད་ཟོས་སུ་གཏོང་བ།
  (དགུ) འགན་དབང་གང་བྱུང་དུ་སྤྱད་དེ་སྤྱི་དམངས་དང་། ཁྲིམས་ཚན། ཡང་ན་ཚོགས་པ་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱེད་པ།
  (བཅུ།) རྒྱལ་ཁབ་ཀྱི་གསང་བ་དང་ཡང་ན་ལས་ཀའི་གསང་བ་ཕྱིར་གྱར་བ།
  (བཅུ་གཅིག) ཕྱི་འབྲེལ་འགྲོ་འོང་བྱེད་པའི་ནང་རྒྱལ་ཁབ་ཀྱི་མཚན་སྙན་དང་ཁེ་ཕན་ལ་གནོད་འཚེ་གཏོང་བ།
  (བཅུ་གཉིས།) གཡེམ་འཆལ་དང་། དུག་འཐེན། རྒྱལ་འཛུགས། རྨོངས་དད་སོགས་ཀྱི་བྱེད་སྒོའི་ནང་ཞུགས་པ་དང་ཡང་ན་དེར་རྒྱབ་སྐྱོར་བྱེད་པ།
  (བཅུ་གསུམ།) ལས་རིགས་ཀྱི་སྤྱོད་ཚུལ་དང་སྤྱི་ཚོགས་ཀྱི་སྤྱོད་བཟང་དང་རྒྱབ་འགལ་བྱེད་པ།
  (བཅུ་བཞི།) ཁེ་གཉེར་གྱི་བྱེད་སྒོ་སྤེལ་བའམ་ཡང་ན་དེའི་ནང་ཞུགས་པ་དང་ཁེ་ལས་སམ་ཡང་ན་ཁེ་གཉེར་ཚོགས་པའི་ནང་ལས་གནས་འཛིན་པ།
  (བཅོ་ལྔ།) ལས་བྱོལ་དང་ཡང་ན་གཞུང་དོན་ཕྱི་འགྲོའི་དུས་ཚོད་དང་དགོངས་ཞག་ཐིམ་རྗེས་རྒྱུ་རྐྱེན་ངེས་འདྲོངས་མེད་པར་ལས་ཁུངས་སུ་ཕྱིར་ལོག་མི་བྱེད་པ།
  (བཅུ་དྲུག) སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་གཞན་དག་བཅས་ཡིན།
   དོན་ཚན་ང་བཞི་བ། གཞུང་ལས་པའི་གཞུང་དོན་སྒྲུབ་སྐབས་གོང་རིམ་གྱི་ཆོད་དམ་ནམ་ཡང་ན་བཀའ་བཀོད་ནོར་འཛོལ་འདུག་སྙམ་ན་གོང་རིམ་ལ་ལེགས་བཅོས་བྱེད་རྒྱུའམ་ཡང་ན་གཏན་འབེབས་དང་བཀའ་བཀོད་དེ་མེད་པ་བཟོ་དགོས་སྐོར་གྱི་བསམ་འཆར་བཏོན་ཆོག་ཅིང་། གལ་ཏེ་གོང་རིམ་གྱིས་གཏན་འབེབས་དང་བཀའ་བཀོད་འགྱུར་ལྡོག་མ་བཏང་བ་དང་ཡང་ན་འཕྲལ་དུ་ལག་བསྟར་བྱ་དགོས་པའི་བླང་བྱ་བཏོན་ཚེ་གཞུང་ལས་པས་ངེས་པར་དུ་གཏན་འབེབས་དང་བཀའ་བཀོད་དེ་ལག་བསྟར་བྱེད་དགོས་ཤིང་། ལག་བསྟར་བྱས་འབྲས་ཇི་བྱུང་གོང་རིམ་ནས་འགན་ཁུར་དགོས་པ་ལས་གཞུང་ལས་པར་འགན་མེད། འོན་ཏེ་གཞུང་ལས་པས་མངོན་ཆེའི་ཁྲིམས་འགལ་གྱི་གཏན་འབེབས་དང་ཡང་ན་བཀའ་བཀོད་རིགས་ལག་བསྟར་བྱས་ཚེ་ཁྲིམས་ལུགས་གཞིར་བཟུང་འབྲེལ་མཚུངས་ཀྱི་འགན་འཁྲི་འཁུར་དགོས།
   དོན་ཚན་ང་ལྔ་བ། གཞུང་ལས་པས་སྒྲིག་འགལ་ཁྲིམས་འགལ་བྱས་ནས་སྒྲིག་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་རིགས་ལ་བཅའ་ཁྲིམས་འདི་གཞིར་བཟུང་ནས་ཉེས་ཆད་གཅོད་དགོས། སྒྲིག་འགལ་གྱི་བྱེད་བབ་ཚབས་ཆུང་ཙམ་ཡིན་པར་སྐྱོན་བརྗོད་དང་སློབ་གསོ་བརྒྱབ་རྗེས་ལེགས་བཅོས་བྱས་རིགས་ལ་ཉེས་ཆད་གཅོད་རྒྱུ་མེད།
   དོན་ཚན་ང་དྲུག་པ། ཉེས་ཆད་གཅོད་སྟངས་ནི་ཐ་ཚིག་སྒྲོག་པ་དང་། སྐྱོན་ཐོ་འགོད་པ། སྐྱོན་ཆེན་ཐོ་འགོད། རིམ་པ་གཅོག་པ། གོ་གནས་འབེབས་པ། ཕྱིར་འབུད་བྱེད་པ་བཅས་ཡིན།
   དོན་ཚན་ང་བདུན་པ། གཞུང་ལས་པར་ཉེས་ཆད་གཅོད་སྐབས་དོན་དངོས་ཁ་གསལ་དང་། དཔང་རྟགས་ཁུངས་བཙན། ངོ་བོ་གཏན་འཁེལ། ཐག་གཅོད་རན་པོ། གོ་རིམ་ཁྲིམས་མཐུན། འགྲོ་ལུགས་ཆ་ཚང་བ་བཅས་ཡོད་དགོས།
  གཞུང་ལས་པས་སྒྲིག་ཁྲིམས་དང་འགལ་ཚེ་ཉེས་ཆད་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་གཞུང་ལས་པའི་སྒྲིག་ཁྲིམས་དང་འགལ་བའི་གནས་ཚུལ་ལ་བརྟག་དཔྱད་བྱ་དགོས་པ་དང་འབྲེལ་བརྟག་དཔྱད་བྱས་པའི་དོན་དངོས་དང་ཉེས་ཆད་གཅོད་རྒྱུའི་གཞི་འཛིན་ས་གཞུང་ལས་པ་དོ་བདག་ལ་ཤོད་དགོས། གཞུང་ལས་པར་དེ་ཐག་གསལ་འདེབས་དང་དག་འབུད་བྱེད་དབང་ཡོད།
  ཉེས་ཆད་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་གཞུང་ལས་པར་ཉེས་ཆད་གཅོད་དགོས་ངེས་འདུག་སྙམ་ན་ངེས་པར་དུ་གཏན་འབེབས་བྱས་པའི་དུས་བཀག་ནང་དོ་དམ་གྱི་དབང་ཚད་དང་གཏན་འབེབས་ཀྱི་གོ་རིམ་ཇི་བཞིན་ཉེས་ཆད་གཅོད་རྒྱུའི་ཐག་གཅོད་བྱ་དགོས། ཉེས་ཆད་གཅོད་རྒྱུའི་ཐག་གཅོད་དེ་གཞུང་ལས་པ་དོ་བདག་ལ་ཡིག་ཐོག་ནས་བརྡ་ཐོ་གཏོང་དགོས།
   དོན་ཚན་ང་བརྒྱད་པ། གཞུང་ལས་པར་ཉེས་ཆད་ཕོག་རིང་གོ་གནས་དང་རིམ་པ་སྤོར་མི་ཆོག དེའི་ནང་ནས་སྐྱོན་ཐོ་འགོད་པ་དང་། སྐྱོན་ཆེན་ཐོ་འགོད། རིམ་པ་གཅོག་པ། གོ་གནས་ཕབ་པ་བཅས་ཀྱི་ཉེས་ཆད་ཕོག་པར་གླ་ཕོགས་ཀྱི་གདང་རིམ་སྤོར་མི་ཆོག
  ཉེས་ཆད་ཀྱི་དུས་ཡུན་ནི་ཐ་ཚིག་སྒྲོག་པར་ཟླ་དྲུག་དང་། སྐྱོན་ཐོ་འགོད་པར་ཟླ་བཅུ་གཉིས། སྐྱོན་ཆེན་ཐོ་འགོད་ལ་ཟླ་བཅོ་བརྒྱད། རིམ་པ་གཅོག་པ་དང་གོ་གནས་ཕབ་པར་ཟླ་ཉི་ཤུ་རྩ་བཞི་བཅས་ཡིན།
  གོ་གནས་ཕབ་པའི་ཉེས་ཆད་ཕོག་རིགས་ལ་གཏན་འབེབས་ལྟར་རིམ་པ་གཅོག་དགོས།
  དོན་ཚན་ང་དགུ་བ། གཞུང་ལས་པར་ཕྱིར་འབུད་ཕུད་པའི་ཉེས་ཆད་ཕོག་རིགས་ཉེས་ཆད་ཕོག་རིང་འགྱོད་བཤགས་བྱེད་འདོད་ཡོད་པ་མ་ཟད་སྒྲིག་འགལ་གྱི་བྱེད་སྤྱོད་བསྐྱར་དུ་ཐོན་མེད་ཚེ་ཉེས་ཆད་ཀྱི་དུས་བཅད་ཐིམ་རྗེས་ཉེས་ཆད་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་ཉེས་ཆད་མེད་པ་བཟོ་དགོས་པ་དང་སྦྲགས་དོ་བདག་ལ་ཡིག་ཐོག་ནས་བརྡ་ཐོ་གཏོང་དགོས།
  ཉེས་ཆད་མེད་པ་བཟོས་རྗེས་གླ་ཕོགས་ཀྱི་གདང་རིམ་དང་། རིམ་པ། གོ་གནས་བཅས་སྤོར་རྒྱུར་སྔར་གྱི་ཉེས་ཆད་ཀྱིས་སྐྱོན་བྱེད་རྒྱུ་མེད། འོན་ཀྱང་རིམ་པ་དང་གོ་གནས་ཕབ་པའི་ཉེས་ཆད་མེད་པ་བཟོས་རིགས་དེ་སྔའི་རིམ་པ་དང་གོ་གནས་སླར་གསོ་བྱས་པ་མ་ཡིན།
  ལེའུ་བཅུ་བ། སྦྱོང་བརྡར་སྐོར།
   དོན་ཚན་དྲུག་ཅུ་བ། ལས་ཁུངས་ཀྱིས་གཞུང་ལས་པའི་ལས་ཀའི་འགན་འཁྲིའི་བླང་བྱ་དང་གཞུང་ལས་པའི་བྱང་ཚད་མཐོ་རུ་གཏོང་རྒྱུའི་དགོས་མཁོར་གཞིགས་ཏེ་གཞུང་ལས་པར་རིམ་རིགས་དབྱེ་ནས་སྦྱོང་བརྡར་སྤྲོས་དགོས།
  རྒྱལ་ཁབ་ཀྱིས་གཞུང་ལས་པའི་ཆེད་གཉེར་སྦྱོང་བརྡར་སྡེ་ཚན་འཛུགས་དགོས། ལས་ཁུངས་ཀྱིས་དགོས་མཁོར་གཞིགས་ཏེ་སྦྱོང་བརྡར་སྡེ་ཚན་གཞན་དག་ལ་གཞུང་ལས་པ་སྦྱོང་བརྡར་སྤྲོས་རྒྱུའི་ལས་འགན་མངགས་བཅོལ་བྱས་ཆོག
   དོན་ཚན་རེ་གཅིག་པ། ལས་ཁུངས་ཀྱིས་གསར་དུ་བསྡུས་པའི་ལས་དོན་པར་ཚོད་ལྟ་བྱེད་རིང་ཐོག་མའི་ལས་ཞུགས་སྦྱོང་བརྡར་བྱ་དགོས། འགོ་ཁྲིད་ལ་གནས་སྤར་བྱས་པའི་གཞུང་ལས་པར་འགན་མ་འཁུར་བའི་གོང་ངམ་ཡང་ན་འགན་འཁུར་རྗེས་ཀྱི་ལོ་གཅིག་ནང་ལས་གནས་འཛིན་སྟངས་གསོ་སྦྱོང་བྱ་དགོས། ཆེད་དོན་ལས་སྒོ་སྒྲུབ་མཁན་གཞུང་ལས་པར་ཆེད་ཚན་གྱི་འགན་བབ་ལས་སྒོའི་སྦྱོང་བརྡར་བྱ་དགོས། གཞུང་ལས་པ་ཡོངས་ལ་ཤེས་བྱ་        གསར་བརྗེས་དང་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་རྒྱུའི་ལས་ཐོག་སྦྱོང་བརྡར་བྱ་དགོས་ཤིང་དེའི་ཁོངས་ནས་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་པའི་གཞུང་ལས་པར་ཆེད་ལས་ལག་རྩལ་མི་སྣ་མུ་མཐུད་སློབ་སྦྱོང་བྱ་དགོས་པའི་བླང་བྱ་ལྟར་ཆེད་ལས་ལག་རྩལ་གྱི་སྦྱོང་བརྡར་བྱ་དགོས།
  རྒྱལ་ཁབ་ཀྱིས་འཆར་གཞི་ཡོད་པའི་སྒོ་ནས་རྗེས་གྲབས་འགོ་ཁྲིད་མི་སྣར་སྦྱོང་བརྡར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
   དོན་ཚན་རེ་གཉིས་པ། གཞུང་ལས་པར་སྦྱོང་བརྡར་སྤྲོས་རྒྱུར་ཐོ་འགོད་དོ་དམ་ལག་བསྟར་བྱ་དགོས།
  གཞུང་ལས་པ་སྦྱོང་བརྡར་ནང་ཞུགས་རྒྱུའི་དུས་ཚོད་དེ་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་རེ་གཅིག་པར་གཏན་འབེབས་བྱས་པའི་སྦྱོང་བརྡར་གྱི་བླང་བྱ་ལྟར་གཏན་འཁེལ་བྱ་དགོས།
  གཞུང་ལས་པས་སྦྱོང་བརྡར་བྱས་པའི་གནས་ཚུལ་དང་སློབ་སྦྱོང་གི་སྦྱངས་འབྲས་དེ་གཞུང་ལས་པར་དཔྱད་ཞིབ་བྱེད་པའི་ནང་དོན་དང་། གོ་གནས་བསྐོ་གཞག་དང་གནས་སྤར་བྱ་རྒྱུའི་གཞི་འཛིན་ས་ཤིག་ཏུ་བརྩི་དགོས།
  ལེའུ་བཅུ་གཅིག་པ། ཕན་ཚུན་བརྗེ་རེས་དང་གཡོལ་ཐབས་ཀྱི་སྐོར།
  དོན་ཚན་རེ་གསུམ་པ། རྒྱལ་ཁབ་ཀྱིས་གཞུང་ལས་པ་བརྗེ་རེས་ལམ་ལུགས་ལག་བསྟར་བྱ་རྒྱུ།
  གཞུང་ལས་པའི་དཔུང་ཁག་ནང་ཁུལ་དུ་གཞུང་ལས་པ་ཕན་ཚུན་བརྗེ་རེས་བྱས་ཆོག་ལ་གཞུང་ཁོངས་ཁེ་ལས་དང་། བྱ་ལས་སྡེ་ཚན། མི་དམངས་ཀྱི་ཚོགས་པ། མང་ཚོགས་
  ཀྱི་ཚོགས་པ་བཅས་དབར་གཞུང་དོན་སྒྲུབ་མཁན་ལས་དོན་པ་ཕན་ཚུན་བརྗེ་རེས་ཀྱང་བྱས་ཆོག
  བརྗེ་རེས་བྱེད་སྟངས་ཐད་གནས་བསྒྱུར་བསྐོ་གཞག་དང་། ལས་བསྒྱུར་བསྐོ་གཞག་གནས་སྦྱར་སྦྱོང་བརྡར་བཅས་ཚུད་ཡོད།
  དོན་ཚན་རེ་བཞི་བ། གཞུང་ཁོངས་ཁེ་ལས་དང་། བྱ་གཞག་སྡེ་ཚན། མི་དམངས་ཀྱི་ཚོགས་པ། མང་ཚོགས་ཀྱི་ཚོགས་པ་བཅས་ཀྱི་ནང་གཞུང་དོན་སྒྲུབ་མཁན་ལས་དོན་པ་ལས་ཁུངས་ནང་དུ་ལས་བསྒྱུར་བྱས་ནས་འགོ་ཁྲིད་ཀྱི་ལས་གནས་འཛིན་པའམ་ཡང་ན་བརྟག་ཞིབ་གཞོན་པ་ཡན་དང་དེ་བཞིན་འབྲེལ་མཚུངས་རིམ་པའི་འགོ་ཁྲིད་མིན་པའི་གོ་གནས་འཁུར་ཆོག གནས་བསྒྱུར་བསྐོ་གཞག་བྱ་རྒྱུའི་འོས་མིར་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གཅིག་      པར་གཏན་འབེབས་བྱས་པའི་ཆ་རྐྱེན་དང་བསྐོ་གཞག་བྱ་རྒྱུར་བཏོན་པའི་ལས་གནས་འཛིན་རྒྱུའི་འོས་བབ་ཡོད་དགོས་པ་དང་ཆ་རྐྱེན་འཛོམས་དགོས་པའི་ཐོག་བཅའ་ཁྲིམས་འདིའི་དོན་ཚན་ཉེར་བཞི་བར་གཏན་འབེབས་བྱས་པའི་གནས་ཚུལ་རིགས་ཡོད་མི་ཆོག གནས་བསྒྱུར་བསྐོ་གཞག་བྱེད་མཁན་ལས་ཁུངས་ཀྱིས་གོང་གསལ་གཏན་འབེབས་ལ་གཞིགས་ནས་གནས་བསྒྱུར་བསྐོ་གཞག་འོས་མིར་རྟོག་ཞིབ་ནན་པོ་བྱ་དགོས་པ་མ་ཟད། དོ་དམ་གྱི་       དབང་ཚད་ལྟར་ཞིབ་བཤེར་ཆོག་མཆན་སྤྲོད་དགོས་པ་དང་དགོས་ངེས་སྐབས་སུ་གནས་བསྒྱུར་བསྐོ་གཞག་བྱ་རྒྱུའི་འོས་མིར་རྒྱུགས་ལེན་དགོས།
  དོན་ཚན་རེ་ལྔ་བ། ལས་གནས་མི་འདྲ་བའི་དབར་གཞུང་ལས་པ་ལས་བསྒྱུར་བསྐོ་གཞག་བྱེད་སྐབས་བསྐོ་གཞག་བྱེད་འཆར་ཡོད་པའི་གོ་གནས་དང་འཚམ་པའི་འོས་བབ་ཡོད་དགོས་པ་དང་ཆ་རྐྱེན་འཛོམས་དགོས་པ་མ་ཟད། དེའང་གཏན་འབེབས་བྱས་པའི་སྒྲིག་གྲངས་ཀྱི་ཚད་གཞི་དང་གནས་གྲངས་གཞིར་བཟུང་དགོས།
  ཞིང་ཆེན་དང་པུའུ་རིམ་པ་རྒན་པ་མན་གྱི་འགོ་ཁྲིད་རིགས་འཆར་གཞི་ཡོད་ལ་གཙོ་གནད་ཡོད་པའི་སྒོ་ནས་ས་ཁུལ་དང་ཚན་པ་བརྒལ་ནས་ལས་བསྒྱུར་བསྐོ་གཞག་བྱ་དགོས།
  ལས་ཁུངས་ནང་ཁོངས་སྡེ་ཚན་གྱི་འགོ་ཁྲིད་རིགས་དང་ལས་ཀའི་ངོ་བོ་དམིགས་བསལ་ཡིན་པའི་འགོ་ཁྲིད་མིན་པའི་གོ་གནས་འཛིན་མཁན་གཞུང་ལས་པ་ལས་ཁུངས་དེ་གའི་ནང་འཆར་གཞི་ཡོད་པའི་སྒོ་ནས་ལས་བསྒྱུར་བསྐོ་གཞག་བྱ་དགོས།
   དོན་ཚན་རེ་དྲུག་པ། གཞུང་ལས་པ་གསོ་སྐྱོང་དང་སྦྱོང་བརྡར་བྱ་རྒྱུའི་དགོས་མཁོར་གཞིགས་ནས་གཤམ་རིམ་ལས་ཁུངས་སམ་ཡང་ན་གོང་རིམ་ལས་ཁུངས་དང་། ས་ཁུལ་གཞན་གྱི་ལས་ཁུངས། དེ་བཞིན་གཞུང་ཁོངས་ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ལ་གཞུང་ལས་པ་གནས་སྦྱར་སྦྱོང་བརྡར་དུ་མངག་གཏོང་བྱས་ན་འགྲིག
  གཞུང་ལས་པ་གནས་སྦྱར་སྦྱོང་བརྡར་བྱེད་རིང་དེ་སྔའི་ལས་ཁུངས་དང་མི་དོན་འབྲེལ་བ་འགྱུར་ལྡོག་གཏོང་རྒྱུ་མེད།
   དོན་ཚན་རེ་བདུན་པ། གཞུང་ལས་པས་ལས་ཁུངས་ཀྱི་ལས་ཀ་བརྗེ་རེས་ཀྱི་གཏན་འབེབས་དང་ལེན་བྱ་དགོས།
  གཞུང་ལས་པ་སོ་སོས་ལས་ཀ་བརྗེ་རེས་བྱ་རྒྱུའི་རེ་བ་ཞུས་རིགས་ལ་དོ་དམ་གྱི་དབང་ཚད་ལྟར་ཞིབ་བཤེར་ཆོག་མཆན་སྤྲོད་དགོས།
   དོན་ཚན་རེ་བརྒྱད་པ། གཞུང་ལས་པའི་དབར་བཟའ་ཚང་གི་འབྲེལ་བ་ཡོད་པ་དང་། ཐད་ཀའི་སྤུན་མཆེད་ཀྱི་འབྲེལ་བ་ཡོད་པ། མི་རབས་གསུམ་ནང་ཚུད་ཀྱི་རྒྱུད་འབྲེལ་གཉེན་ཚན་གྱི་འབྲེལ་བ་ཡོད་པ། དེ་བཞིན་བཟའ་མི་གཉེན་རྒྱུད་ཀྱི་འབྲེལ་བ་ཡོད་པ་བཅས་ལས་ཁུངས་གཅིག་གི་ནང་དུ་ཕན་ཚུན་ཐད་ཀར་འགོ་ཁྲིད་གཅིག་གི་འོག་ཏུ་གཏོགས་པའི་ལས་འགན་འཁུར་མི་ཆོག་པའམ་ཡང་ན་ཐད་ཀར་གོང་འོག་གི་འབྲེལ་བ་ཡོད་པའི་ལས་གནས་སུ་ སྡོད་མི་ཆོག་པ་མ་ཟད། དེ་ཁོངས་ནས་ཕྱོགས་གཅིག་གིས་འགོ་ཁྲིད་ཀྱི་ལས་འགན་འཁུར་བའི་ལས་ཁུངས་སུ་རྩ་འཛུགས་དང་། མི་དོན། སྒྲིག་བཤེར། ལྟ་ཞིབ། རྩིས་བཤེར། ནོར་དོན་བཅས་ཀྱི་ལས་ཀ་བྱེད་མི་ཆོག
  ས་ཁོངས་སམ་ཡང་ན་ལས་ཀའི་ངོ་བོ་དམིགས་བསལ་ཡིན་པའི་རྐྱེན་གྱིས་སྐབས་བསྟུན་གཡོལ་ཐབས་ཀྱིས་གོ་གནས་བསྐོ་གཞག་བྱེད་དགོས་རིགས་ཞིང་ཆེན་རིམ་པ་ཡན་གྱི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གཏན་འབེབས་བྱ་དགོས།
   དོན་ཚན་རེ་དགུ་བ། གཞུང་ལས་པས་ཤང་རིམ་པའི་ལས་ཁུངས་དང་། རྫོང་རིམ་པའི་ལས་ཁུངས། དེ་བཞིན་འབྲེལ་ཡོད་ཚན་པའི་འགོ་ཁྲིད་ཀྱི་འགན་གཙོ་བོ་འཁུར་དགོས་རིགས་བཅའ་ཁྲིམས་ནང་ཟུར་དུ་གཏན་འབེབས་བྱས་པ་ཕུད་ས་ཁོངས་གཡོལ་ནས་བསྐོ་གཞག་བྱ་དགོས།
   དོན་ཚན་བདུན་ཅུ་བ། གཞུང་ལས་པས་གཞུང་དོན་སྒྲུབ་སྐབས་གཤམ་གསལ་གནས་ཚུལ་གང་རུང་ཞིག་ཡོད་རིགས་ལ་གཡོལ་ཐབས་བྱ་དགོས།
  (གཅིག) རང་ཉིད་དང་འབྲེལ་བ་དམ་པོ་ཡོད་པ།
  (གཉིས།) བཅའ་ཁྲིམས་འདིའི་དོན་ཚན་རེ་བརྒྱད་པའི་ནང་གསེས་དང་པོའི་ནང་འཁོད་སྤུན་ཉེའི་འབྲེལ་བ་ཡོད་པ།
  (གསུམ།) དེ་མིན་གཞུང་དོན་དྲང་གཞག་བྱ་རྒྱུར་གནོད་རིགས་བཅས་ཡིན།
   དོན་ཚན་དོན་གཅིག་པ། གཞུང་ལས་པས་སོ་སོར་གཡོལ་དགོས་པ་ཡོད་ཚེ་གཡོལ་རྒྱུའི་རེ་བ་ཞུ་དགོས་པ་དང་། འབྲེལ་བ་ཡོད་མིས་གཞུང་ལས་པ་གཡོལ་དགོས་པའི་རེ་བ་ཞུ་དབང་ཡོེད། གཞན་གྱིས་ཀྱང་ལས་ཁུངས་ལ་གཞུང་ལས་པ་གཡོལ་དགོས་པའི་གནས་ཚུལ་བཤད་ཆོག
  ལས་ཁུངས་ཀྱིས་གཞུང་ལས་པ་རང་ཉིད་དང་ཡང་ན་འབྲེལ་བ་ཡོད་མཁན་གྱི་ཞུ་རེ་ལྟར་ཞིབ་བཤེར་བྱས་རྗེས་གཡོལ་དགོས་མིན་ཐག་གཅོད་བྱ་དགོས་ལ་ཆོག་མཆན་མ་ཞུས་པར་ཐད་ཀར་གཡོལ་དགོས་པའི་ཐག་བཅད་ནའང་འགྲིག
   དོན་ཚན་དོན་གཉིས་པ། བཅའ་ཁྲིམས་ནང་དུ་གཞུང་ལས་པ་གཡོལ་དགོས་པའི་གཏན་འབེབས་ལོགས་སུ་ཡོད་ན་དེ་ལྟར་ལག་བསྟར་བྱ་དགོས།
  ལེའུ་བཅུ་གཉིས་པ། གླ་ཕོགས་དང་། ཕན་བདེ། 
  འགན་བཅོལ་བཅས་ཀྱི་སྐོར།
   དོན་ཚན་དོན་གསུམ་པ། གཞུང་ལས་པར་གོ་གནས་དང་རིམ་པ་ཟུང་འབྲེོལ་བྱེད་པའི་རྒྱལ་ཁབ་ཀྱི་གཅིག་གྱུར་གླ་ཕོགས་ལམ་ལུགས་ལག་བསྟར་བྱ་རྒྱུ།
  གཞུང་ལས་པའི་གླ་ཕོགས་ལམ་ལུགས་ཐད་རྩོལ་བསྟུན་ཐོབ་སྤྲོད་ཀྱི་རྩ་དོན་ལག་བསྟར་བྱས་ནས་ལས་ཀའི་འགན་འཁྲི་དང་། ལས་ཀའི་འཇོན་ཐང་། ལས་ཀའི་བྱས་རྗེས། བསླབ་པ་རྒན་གཞོན་སོགས་ཀྱི་རྒྱུ་རྐྱེན་མཚོན་པར་བྱས་ཏེ་གོ་གནས་དང་རིམ་པ་མི་འདྲ་བའི་དབར་གྱི་གླ་ཕོགས་ཧེ་བག་ལུགས་མཐུན་ཡོང་བ་བྱ་རྒྱུུ་དེ་ཡིན།
  རྒྱལ་ཁབ་ཀྱིས་གཞུང་ལས་པའི་གླ་ཕོགས་རྒྱུན་གཏན་བཞིན་འཕར་རྒྱུའི་ལམ་སྲོལ་འཛུགས་རྒྱུ།
  དོན་ཚན་དོན་བཞི་བ། གཞུང་ལས་པའི་གླ་ཕོགས་ནང་གཞི་རྩའི་གླ་ཕོགས་དང་།
  ཕོགས་སྣོན། ཁ་གསབ། བྱ་དགའི་དངུལ་བཅས་ཚུད་ཡོད།
  གཞུང་ལས་པར་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་ས་གནས་ཀྱི་ཁ་གསབ་ཕོགས་སྣོན་དང་། དཀའ་ཚེགས་ཆེ་ལ་ས་ཐག་རིང་བའི་ས་ཁུལ་གྱི་ཕོགས་སྣོན། ལས་གནས་ཐོག་གི་ཕོགས་སྣོན་སོགས་ལོངས་སྤྱོད་བྱ་རྒྱུ་ཡོད།
  གཞུང་ལས་པར་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་སྡོད་ཁང་དང་སྨན་བཅོས་སོགས་ཀྱི་ཁ་གསབ་རོགས་དངུལ་ལོངས་སྤྱོད་བྱ་རྒྱུ་ཡོད།
  དུས་བཀག་དཔྱད་བསྡུར་ནང་ཕུལ་བྱུང་དང་ཚད་གཞི་ལོན་པའི་གཞུང་ལས་པར་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་ལོ་མཇུག་གི་བྱ་དགའི་དངུལ་ལོངས་སྤྱོད་བྱ་རྒྱུ་ཡོད།
  གཞུང་ལས་པའི་གླ་ཕོགས་དུས་ཐོག་ཏུ་ཆད་ལུས་མེད་པར་སྤྲོད་རྒྱུ།
  དོན་ཚན་དོན་ལྔ་བ། གཞུང་ལས་པའི་གླ་ཕོགས་ཀྱི་ཚད་གཞི་དེ་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་འགྲོ་ཚུལ་དང་གཞི་མཚུངས་པ་བྱ་རྒྱུ་དང་སྤྱི་ཚོགས་ཡར་རྒྱས་འགྲོ་ཚུལ་དང་འཆམ་མཐུན་ཡོང་བ་བྱ་རྒྱུ།
  རྒྱལ་ཁབ་ཀྱིས་གླ་ཕོགས་བརྟག་དཔྱད་ལམ་ལུགས་ལག་བསྟར་བྱས་ཏེ་དུས་བཀག་ནང་གཞུང་ལས་པ་དང་ཁེ་ལས་ཀྱི་དེ་མཚུངས་མི་སྣའི་གླ་ཕོགས་ཀྱི་ཚད་གཞིར་བརྟག་དཔྱད་ཞིབ་བསྡུར་བྱ་རྒྱུུ་དང་འབྲེལ་གླ་ཕོགས་བརྟག་དཔྱད་ཞིབ་བསྡུར་བྱས་འབྲས་དེ་གཞུང་ལས་པའི་གླ་ཕོགས་ཚད་གཞི་བཟོ་བའི་གཞི་འཛིན་སར་བྱ་རྒྱུ།
   དོན་ཚན་དོན་དྲུག་པ། གཞུང་ལས་པར་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་ཕན་བདེའི་ཐོབ་ཐང་ལོངས་སྤྱོད་བྱ་རྒྱུ་ཡོད། རྒྱལ་ཁབ་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་འགྲོ་བའི་ཆུ་ཚད་ལ་གཞིགས་ཏེ་གཞུང་ལས་པའི་ཕན་བདེའི་ཐོབ་ཐང་མཐོ་རུ་གཏོང་རྒྱུ།
  གཞུང་ལས་པར་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ལས་ཀའི་དུས་ཚོད་ཀྱི་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་པས་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་འཁོར་ཞག་ཏུ་འགྲོ་རྒྱུ་ཡོད། གཞུང་ལས་པས་ཁྲིམས་བཅད་ཀྱི་ལས་ཀའི་དུས་ཚོད་ཕུད་པའི་ལས་ཀ་འཕར་མ་བྱས་ཚེ་བབ་མཚུངས་ཀྱི་ངལ་གསོ་ཁ་གསབ་བྱ་རྒྱུ།
  དོན་ཚན་དོན་བདུན་པ། རྒྱལ་ཁབ་ཀྱིས་གཞུང་ལས་པའི་འགན་བཅོལ་ལམ་ལུགས་བཙུགས་ནས་གཞུང་ལས་པ་ལས་འཁྱུར་བྱས་པ་དང་། ཁོང་ཚོར་ནད་གཞི་ཕོག་པ། ལས་རྨས་བྱུང་བ། ཕྲུ་གུ་སྐྱེ་བ། ལས་ཀ་ཤོར་བ་སོགས་ཀྱི་གནས་ཚུལ་ཐོན་སྐབས་རོགས་རམ་དང་གུན་གསབ་སྤྲོད་རྒྱུ།
  གཞུང་དོན་དུ་དབང་བོར་སྐྱོན་ཤོར་བའི་གཞུང་ལས་པར་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་རྨས་སྐྱོན་ཤོར་བའི་ཐོབ་ཐང་ལོངས་སྤྱོད་བྱ་རྒྱུ་ཡོད། གཞུང་ལས་པ་གཞུང་དོན་དུ་འདས་གྲོངས་སོང་བའམ་ཡང་ན་ནད་གཞིས་རྐྱེན་པས་འཆི་གོད་བྱུང་རིགས་དེའི་གཉེན་ཉེར་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་གོད་གསོས་དང་ལྟ་སྐྱོང་བྱ་རྒྱུ།
   དོན་ཚན་དོན་བརྒྱད་པ། ལས་ཁུངས་གང་འདྲ་ཞིག་གིས་ཀྱང་རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགལ་ཏེ་རང་འཚམ་གྱིས་གཞུང་ལས་པའི་གླ་ཕོགས་དང་། ཕན་བདེ། འགན་བཅོལ་བཅས་ཀྱི་སྲིད་ཇུས་ལ་འགྱུར་བ་གཏོང་མི་ཆོག་ལ་རང་དགར་གཞུང་ལས་པའི་གླ་ཕོགས་དང་། ཕན་བདེ། འགན་བཅོལ་བཅས་ཀྱི་ཐོབ་ཐང་མཐོ་རུ་གཏོང་བའམ་ཡང་ན་དམའ་རུ་གཏོང་བ་བྱེད་མི་ཆོག ལས་ཁུངས་གང་འདྲ་ཞིག་གིས་ཀྱང་གཞུང་ལས་པའི་གླ་ཕོགས་འཕྲི་     འཐེན་བྱེད་པའམ་ཡང་ན་ཆད་འགྱངས་བྱེད་མི་ཆོག
   དོན་ཚན་དོན་དགུ་བ། གཞུང་ལས་པའི་གླ་ཕོགས་དང་། ཕན་བདེ། འགན་བཅོལ། ལས་འཁྱུར་ཞུ་དངུལ་བཅས་དང་། དེ་བཞིན་གཞུང་ལས་པ་བསྡུ་རྒྱུ་དང་། སྦྱོང་བརྡར། བྱ་དགའ། ལས་གནས་ནས་ཕྱིར་སློག་བྱ་དགོས་རིགས་སོགས་ཀྱི་ཐད་ལ་དགོས་པའི་འགྲོ་གྲོན་རྣམས་ནོར་སྲིོད་ཀྱི་སྔོན་རྩིས་ནང་བཅུག་སྟེ་འགན་སྲུང་བྱ་དགོས།
  ལེའུ་བཅུ་གསུམ་པ། ལས་གནས་དགོངས་ཞུ་དང་ཕྱིར་སློག་སྐོར།
  དོན་ཚན་བརྒྱད་ཅུ་བ། གཞུང་ལས་པ་ལས་ཞབས་དགོངས་ཞུ་བྱེད་རིགས་བསྐོ་གཞག་བྱེད་མཁན་ལས་ཁུངས་ལ་རེ་འདུན་ཞུ་ཡིག་འབུལ་དགོས། བསྐོ་གཞག་བྱེད་མཁན་ལས་ཁུངས་ཀྱིས་རེ་འདུན་ཞུ་ཡིག་ལག་འབྱོར་བྱུང་བའི་ཉིན་སུམ་ཅུའི་ནང་ཚུན་དུ་ཞིབ་བཤེར་ཆོག་མཆན་སྤྲོད་དགོས་པ་དང་། འགོ་ཁྲིད་རིགས་ལས་ཞབས་དགོངས་ཞུ་བྱེད་སྐབས་དེའི་རེ་འདུན་ཞུ་ཡིག་ལག་འབྱོར་བྱུང་བའི་ཉིན་དགུ་བཅུའི་ནང་ཚུན་དུ་ཞིབ་བཤེར་ཆོག་མཆན་སྤྲོད་     དགོས།
  དོན་ཚན་གྱ་གཅིག་པ། གཞུང་ལས་པར་གཤམ་གསལ་གནས་ཚུལ་གང་རུང་ཞིག་ཡོད་ཚེ་ལས་ཞབས་དགོངས་ཞུ་བྱེད་མི་ཆོག
  (གཅིག) རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་མ་མཐའི་ཞབས་ཞུའི་ལོ་ཚད་ལོན་མེད་པ་དང་།
  (གཉིས།) རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་དམིགས་བསལ་ལས་གནས་ཐོག་གི་གནས་ཡོད་དང་ཡང་ན་གོང་གསལ་ལས་གནས་ནས་ཁ་བྲལ་རྒྱུའི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་གསང་གནད་གྲོལ་བའི་དུས་ཚོད་ཐིམ་མེད་པ།
  (གསུམ།) གལ་ཆེའི་གཞུང་དོན་སྒྲུབ་ཚར་མེད་པས་མུ་མཐུད་མི་དེ་རང་གིས་མཇུག་འཁྱོངས་བྱེད་དགོས་རིགས།
  (བཞི།) རྩིས་བཤེར་དང་སྒྲིག་ཁྲིམས་ཞིབ་བཤེར་བྱེད་སྒང་ཡིན་པའམ་ཡང་ན་ཉེས་གསོག་གི་དོགས་གཞི་ཡོད་པས་ཁྲིམས་འཛིན་གྱི་གོ་རིམ་མཐའ་བསྡོམས་ཚར་མེད་པ།
  (ལྔ།) བཅའ་ཁྲིམས་དང་སྲིད་འཛིན་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ལས་ཞབས་དགོངས་ཞུ་བྱེད་མི་ཆོག་པའི་རིགས་བཅས་ཡིན།
  དོན་ཚན་གྱ་གཉིས་པ། འགོ་ཁྲིད་ཀྱི་ལས་གནས་ཐོག་ཡོད་པའི་གཞུང་ལས་པ་ལས་གནས་འཕོ་འགྱུར་གྱིས་རྐྱེན་པས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ད་ལྟའི་གོ་གནས་དགོངས་ཞུ་བྱེད་སྐབས་གོ་གནས་དགོངས་ཞུའི་འགྲོ་ལུགས་སྒྲུབ་དགོས།
  འགོ་ཁྲིད་ཀྱི་ལས་གནས་ཐོག་ཡོད་པའི་གཞུང་ལས་པ་མི་སྒེར་རམ་ཡང་ན་རྒྱུ་རྐྱེན་གཞན་གྱིས་རྐྱེན་པས་འགོ་ཁྲིད་ཀྱི་གོ་གནས་དང་དགོངས་ཞུ་བྱེད་དགོས་རིགས་རང་མོས་ཡིན།
  འགོ་ཁྲིད་རིགས་ཀྱིས་རང་གི་ཚབས་ཆེའི་ལས་འཛོལ་དང་འགན་འཛོལ་གྱིས་རྐྱེན་པས་གྱོང་གུན་ཚབས་ཆེ་བཟོས་པའམ་སྤྱི་ཚོགས་ཐོག་བག་ཆགས་ཤིན་ཏུ་ངན་པ་བཟོས་པ། ཡང་ན་ཚབས་ཆེའི་དོན་རྐྱེན་ཐད་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་རིགས་ངེས་པར་དུ་འགོ་ཁྲིད་ཀྱི་གོ་གནས་དགོངས་ཞུ་བྱེད་འཇུག་དགོས།
  འགོ་ཁྲིད་རིགས་ཀྱི་འགན་འཛོལ་ངོས་བླངས་དགོངས་ཞུ་བྱེད་དགོས་པའམ་ཡང་ན་རྒྱུ་རྐྱེན་གཞན་དག་གིས་རྐྱེན་པས་མུ་མཐུད་འགོ་ཁྲིད་བྱས་ན་མི་འཚམ་པའི་འགོ་ཁྲིད་རིགས་རང་ཉིད་ཀྱིས་གོ་གནས་དགོངས་ཞུ་མ་བྱས་ན་ངེས་པར་དུ་འགོ་ཁྲིད་ཀྱི་གོ་གནས་དགོངས་ཞུ་བྱ་དགོས་པའི་བཀའ་གཏོང་དགོས།
  དོན་ཚན་གྱ་གསུམ་པ། གཞུང་ལས་པར་གཤམ་གསལ་གནས་ཚུལ་གང་རུང་ཞིག་ཡོད་ཚེ་ཕྱིར་སློག་བྱེད་དགོས།
  (གཅིག) ལོ་འཁོར་དཔྱད་བསྡུར་ནང་ལོ་གཉིས་བསྟུད་མར་ཚད་གཞི་མ་ལོན་པའི་ངེས་གཏན་འཁེལ་རིགས་དང་།
  (གཉིས།) ད་ལྟའི་ལས་གོ་མི་འཕེར་བ་དང་ལས་ཀ་གཞན་དག་བཀོད་སྒྲིག་བྱས་ཀྱང་དང་ལེན་མི་བྱེད་པ།
  (གསུམ།) རང་གི་ལས་ཁུངས་ལེགས་སྒྲིག་བྱས་པ་དང་། མེད་པ་བཟོ་བ། ཟླ་སྒྲིལ་གཏོང་བའམ་ཡང་ན་སྒྲིག་གྲངས་ཉུང་དུ་གཏོང་བ་བཅས་ཀྱི་དགོས་དབང་གིས་ལས་གནས་བསྒྱུར་དགོས་རིགས་ལ་ལུགས་མཐུན་བཀོད་སྒྲིག་བྱས་པར་དང་ལེན་མི་བྱེད་པ།
  (བཞི།) གཞུང་ལས་པའི་འོས་འགན་མི་སྒྲུབ་པ་དང་། གཞུང་ལས་པའི་སྒྲིག་ཁྲིམས་ལ་བརྩི་སྲུང་མི་ཞུ་བ། སློབ་གསོ་བརྒྱབ་ཀྱང་སྔར་བཞིན་འགྱུར་ལྡོག་མི་གཏོང་བ། ལས་ཁུངས་སུ་མུ་མཐུད་ལས་ཀ་བྱས་ན་འཚམ་པོ་མེད་རུང་ལས་ཁུངས་ནས་ཕྱིར་འབུད་བྱས་ནའང་མི་འགྲིག་པའི་རིགས།
  (ལྔ།) ལས་བྱོལ་ལམ་ཡང་ན་གཞུང་དོན་ཕྱི་འགྲོའི་དུས་ཚོད་དང་དགོངས་ཞག་ཐིམ་ཡང་རྒྱུ་མཚན་ངེས་འདྲོངས་མེད་པར་ལས་ཁུངས་སུ་མི་ལོག་པར་བསྟུད་མར་ཉིན་བཅོ་ལྔ་བརྒལ་བའམ་ཡང་ན་ལོ་གཅིག་ནང་རིམ་བརྩེགས་ཉིན་སུམ་ཅུ་བརྒལ་རིགས་བཅས་ཡིན།
  དོན་ཚན་གྱ་བཞི་བ། གཤམ་གསལ་གྱི་གནས་ཚུལ་གང་རུང་ཡོད་པའི་གཞུང་ལས་པ་ཕྱིར་སློག་བྱེད་མི་ཆོག
  (གཅིག) གཞུང་དོན་དུ་རྨས་སྐྱོན་ཕོག་ནས་ལས་ཀའི་ནུས་པ་ཤོར་བའམ་ཡང་ན་ནུས་པ་ཆ་ཤས་ཙམ་ཤོར་ངེས་རིགས་དང་།
  (གཉིས།) ནད་གཞིའམ་རྨས་སྐྱོན་ཕོག་ནས་གཏན་འབེབས་བྱས་པའི་སྨན་བཅོས་དུས་ཚོད་ནང་སྨན་བཅོས་བྱེད་བཞིན་པ།
  (གསུམ།) བུད་མེད་གཞུང་ལས་པ་མངལ་འཁོར་རིང་དང་། བུ་ཕྲུག་སྐྱེས་ནས་ངལ་གསོ་རྒྱག་རིང་། བུ་ཕྲུག་འོ་ཐག་མ་ཆོད་པ་བཅས།
  (བཞི།) བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཕྱིར་སློག་བྱེད་མི་ཆོག་པའི་གནས་ཚུལ་གཞན་དག་བཅས་ཡིན།
   དོན་ཚན་གྱ་ལྔ་བ། གཞུང་ལས་པ་དགོངས་ཞུ་བྱེད་སྐབས་དོ་དམ་གྱི་དབང་ཚད་ལྟར་གཏན་འབེབས་བྱ་དགོས། ཕྱིར་སློག་གི་གཏན་འབེབས་དེ་ཕྱིར་སློག་བྱ་རྒྱུའི་གཞུང་ལས་པར་ཡིག་ཐོག་ནས་བརྡ་ཐོ་གཏོང་དགོས།
  ཕྱིར་སློག་བྱས་པའི་གཞུང་ལས་པས་ཕྱིར་སློག་བྱས་དངུལ་ལེན་ཆོག་པའམ་ཡང་ན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལས་ཤོར་འགན་བཅོལ་ཞུས་ཆོག
  དོན་ཚན་གྱ་དྲུག་པ། གཞུང་ལས་པ་ལས་གནས་ནས་དགོངས་ཞུ་བྱེད་པའམ་ཡང་ན་ཕྱིར་སློག་གཏོང་དགོས་རིགས་ལས་གནས་ནས་མ་བྲལ་གོང་ལ་གཞུང་དོན་རྩིས་སྤྲོད་རྩིས་ལེན་གྱི་འགྲོ་ལུགས་སྒྲུབ་དགོས་པ་མ་ཟད་དགོས་ངེས་སྐབས་གཏན་འབེབས་གཞིར་བཟུང་རྩིས་བཤེར་དང་ལེན་བྱ་དགོས།
  ལེའུ་བཅུ་བཞི་བ། རྒན་ཡོལ་སྐོར།
   དོན་ཚན་གྱ་བདུན་པ། གཞུང་ལས་པ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་རྒན་ཡོལ་ལོ་ཚད་ལ་སླེབས་པའམ་ཡང་ན་ལས་ཀའི་ནུས་པ་ཡོངས་སུ་ཤོེེར་བའི་སྐབས་སུ་རྒན་ཡོལ་ཞུ་དགོས།
   དོན་ཚན་གྱ་བརྒྱད་པ། གཤམ་གསལ་ཆ་རྐྱེན་གང་རུང་དང་མཐུན་པའི་ཐོག་གཞུང་ལས་པས་རང་མོས་ཀྱིས་ཞུ་རེ་བྱས་རིགས་བསྐོ་འཐེན་ལས་ཁུངས་ཀྱི་ཆོག་མཆན་ཐོབ་མཚམས་སྔ་ཙམ་ནས་རྒན་ཡོལ་ཞུས་ན་འགྲིག
  (གཅིག) ལས་ཀའི་དུས་ཚོད་ལོ་སུམ་ཅུ་ཟིན་པ་དང་།
  (གཉིས།) རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་རྒན་ཡོལ་ལོ་ཚད་ལོན་པར་ལོ་ལྔས་འདེང་གི་མེད་ཀྱང་ལས་ཀ་བྱས་ནས་ལོ་ཉི་ཤུ་ཟིན་པ།
  (གསུམ།) རྒྱལ་ཁབ་ཀྱིས་གཏན་འབེབས་དང་མཐུན་པར་སྔོན་ལ་རྒན་ཡོལ་ཞུས་ན་འགྲིག་པའི་གནས་ཚུལ་གཞན་དག་བཅས་ཡིན།
   དོན་ཚན་གྱ་དགུ་བ། གཞུང་ལས་པ་རྒན་ཡོལ་ཞུས་རྗེས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་རྒན་ཡོལ་ཞུས་དངུལ་དང་དེ་མིན་གྱི་ཐོབ་ཐང་རིགས་ཞུ་རྒྱུ་ཡོད་པ་དང་། རྒྱལ་ཁབ་ནས་དེའི་འཚོ་བ་དང་བདེ་ཐང་ཐད་དགོས་ངེས་ཀྱི་ཞབས་ཞུ་དང་རོགས་རམ་བྱས་ནས་སྒེར་གྱི་ཁྱད་ཡོན་འདོན་སྤེལ་གྱིས་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ནང་ཐེ་ཞུགས་བྱ་རྒྱུར་སྐུལ་མ་གཏོང་རྒྱུ།
  ལེའུ་བཅོ་ལྔ་བ། བསྐྱར་ཞུ་དང་ཐེར་འཛུགས་སྐོར།
   དོན་ཚན་དགུ་བཅུ་བ། གཞུང་ལས་པས་རང་ཉིད་ལ་གཤམ་གསལ་གྱི་མི་དོན་ཐག་གཅོད་བྱས་པར་བློ་མོས་མ་བྱུང་ཚེ་མི་དོན་ཐག་གཅོད་བྱས་འབྲས་ཤེས་རྟོགས་བྱུང་བའི་ཉིན་སུམ་ཅུའི་ནང་ཚུན་དུ་ཐག་གཅོད་བྱེད་མཁན་ལས་ཁུངས་ལ་བསྐྱར་ཞིབ་ཡོང་རེ་ཞུས་ན་འགྲིག་པ་དང་། བསྐྱར་ཞིབ་བྱས་འབྲས་ལ་བློ་མོས་མ་བྱུང་ཚེ་བསྐྱར་ཞིབ་ཀྱི་ཆོད་དོན་འབྱོར་བའི་ཉིན་བཅོ་ལྔའི་ནང་ཚུན་དུ་གཏན་འབེབས་གཞིར་བཞག་རིམ་པ་གཅིག་མཚུངས་ཀྱི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་ནམ་ཡང་ན་མི་དོན་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱི་གོང་རིམ་ལས་ཁུངས་ལ་བསྐྱར་ཞུ་བྱས་ན་འགྲིག་ལ། བསྐྱར་ཞིབ་མ་བརྒྱུད་པར་མི་དོན་ཐག་གཅོད་བྱས་འབྲས་ཤེས་རྟོགས་བྱུང་བའི་ཉིན་སུམ་ཅུའི་ནང་ཚུན་དུ་ཐད་ཀར་བསྐྱར་ཞུ་བྱས་ནའང་འགྲིག
  (གཅིག) ཉེས་པ་བཅད་པ་དང་།
  (གཉིས།) ཕྱིར་སློག་བྱས་པའམ་བསྡུ་སྤྱོད་བྱེད་རྒྱུ་མེད་པ་བཟོས་པ།
  (གསུམ།) གོ་གནས་ཕབ་པ།
  (བཞི།) དུས་བཀག་དཔྱད་བསྡུར་གྱི་ཚད་གཞི་མི་ལོན་པ་བཟོས་པ།
  (ལྔ།) གོ་གནས་མེད་པ་བཟོས་པ།
  (དྲུག) ལས་གནས་དགོངས་ཞུ་དང་སྔོན་ལ་རྒན་ཡོལ་ཞུས་པར་ཆོག་མཆན་མ་སྤྲད་པ།
  (བདུན།) གླ་ཕོགས་དང་། ཕན་བདེ། འགན་བཅོལ་ཐོབ་ཐང་སོགས་གཏན་འབེབས་ཇི་བཞིན་མི་བཟོ་བའམ་ཡང་ན་འཕྲི་འཐེན་བྱེད་པ།
  (བརྒྱད།) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གསལ་བསྐྱར་ཞུ་བྱེད་ཆོག་པའི་གནས་ཚུལ་གཞན་དག་བཅས་ཡིན།
  ཞིང་ཆེན་རིམ་པ་མན་གྱི་ལས་ཁུངས་ནས་བཏང་བའི་བསྐྱར་ཞུའི་ཐག་གཅོད་བྱས་འབྲས་ལ་བློ་མོས་མ་བྱུང་ཚེ་ཐག་གཅོད་ཆོད་དོན་འཇོག་མཁན་གོང་རིམ་ལས་ཁུངས་ལ་བསྐྱར་ཞུ་བྱས་ན་འགྲིག
  སྲིད་འཛིན་ལས་ཁུངས་ཀྱི་གཞུང་ལས་པས་ཆད་གཅོད་ལ་བློ་མོས་མ་བྱུང་བར་སྲིད་འཛིན་ལྟ་ཞིབ་ལས་ཁུངས་ལ་བསྐྱར་ཞུ་བྱེད་དགོས་བྱུང་ཚེ«སྲིད་འཛིན་ལྟ་ཞིབ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས»ཀྱི་གཏན་འབེབས་གཞིར་བཟུང་འགྲོ་ལུགས་སྒྲུབ་དགོས།
   དོན་ཚན་གོ་གཅིག་པ། དེ་སྔ་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་བསྐྱར་ཞིབ་ཞུ་ཡིག་འབྱོར་བའི་ཉིན་སུམ་ཅུའི་ནང་ཚུན་དུ་བསྐྱར་ཞིབ་ཀྱི་ཆོད་དོན་འཇོག་དགོས། གཞུང་ལས་པའི་བསྐྱར་ཞུ་བདག་སྤྲོད་བྱེད་མཁན་ལས་ཁུངས་ཀྱིས་བསྐྱར་ཞུ་བདག་སྤྲོད་བྱས་པའི་ཉིན་དྲུག་ཅུའི་ནང་ཚུན་དུ་ཐག་གཅོད་ཀྱི་ཆོད་དོན་འཇོག་དགོས། གནས་ཚུལ་རྙོག་དྲ་ཆེ་ཙམ་ཡོད་ཚེ་དུས་ཚོད་ནར་འགྱངས་འོས་འཚམ་བྱེད་དགོས་ཀྱང་ནར་འགྱངས་བྱེད་ཡུན་ཉིན་      སུམ་ཅུ་ནས་བརྒལ་མི་ཆོག
  བསྐྱར་ཞིབ་དང་བསྐྱར་ཞུ་བྱེད་རིང་མི་དོན་ཐག་གཅོད་ལག་བསྟར་བྱེད་མཚམས་འཇོག་མི་དགོས།
   དོན་ཚན་གོ་གཉིས་པ། གཞུང་ལས་པས་བསྐྱར་ཞུ་བྱས་དོན་ལ་བདག་སྤྲོད་བྱེད་མཁན་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་ནས་སྔར་གྱི་མི་དོན་ཐག་གཅོད་བྱེད་ཕྱོགས་ཐད་ནོར་འཁྲུལ་ཡོད་པ་ངོས་བཟུང་ན་དེ་སྔ་ཐག་གཅོད་བྱེད་མཁན་ལས་ཁུངས་ནས་དུས་ཐོག་ཏུ་ཡོ་བསྲང་བྱ་དགོས།
  དོན་ཚན་གོ་གསུམ་པ། གཞུང་ལས་པས་རང་གི་ལས་ཁུངས་དང་དེའི་འགོ་ཁྲིད་ཀྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོདུ??བཏང་བྱུང་སྙམ་ཚེ་ཁྲིམས་ལུགས་བཞིན་གོང་རིམ་ལས་ཁུངས་སམ་ཡང་ན་འབྲེལ་ཡོད་ཆེད་དོན་ལས་ཁུངས་ལ་ཐེར་འཛུགས་བྱེད་ཆོག ཐེར་འཛུགས་བདག་སྤྲོད་བྱེད་མཁན་ལས་ཁུངས་ཀྱིས་གཏན་འབེབས་གཞིར་བཟུང་དུས་ཐོག་ཏུ་ཐག་གཅོད་བྱ་དགོས།
  དོན་ཚན་གོ་བཞི་བ། གཞུང་ལས་པས་བསྐྱར་ཞུ་དང་ཐེར་འཛུགས་བྱེད་སྐབས་དོན་དངོས་རྫུན་བཟོ་དང་། སྙོན་འཛུགས། གཞན་ལ་མ་ཉེས་ཁ་གཡོགས་བཅས་བྱེད་མི་ཆོག
  ལེའུ་བཅུ་དྲུག་པ། ལས་གནས་གདན་བསྐོའི་སྐོར།
   དོན་ཚན་གོ་ལྔ་བ། ལས་ཁུངས་ཀྱི་ལས་ཀའི་དགོས་མཁོར་གཞིགས་ཏེ་ཞིང་ཆེན་རིམ་པ་ཡན་གྱི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་ཐོབ་མཚམས་ཆེད་ལས་རང་བཞིན་ཆེ་ཙམ་ལྡན་པའི་ལས་གནས་དང་གཞོགས་སྐྱོར་རང་བཞིན་གྱི་ལས་གནས་ལ་གདན་བསྐོའི་ལམ་ལུགས་ལག་བསྟར་བྱས་ན་འགྲིག
  གོང་གསལ་ལས་གནས་ལ་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་ཚེ་གདན་བསྐོ་བྱ་རྒྱུ་མིན།
  དོན་ཚན་གོ་དྲུག་པ། ལས་ཁུངས་སུ་གཞུང་ལས་པ་གདན་བསྐོ་བྱེད་སྐབས་གཞུང་ལས་པ་ཡིག་རྒྱུགས་བཏང་ནས་བསྡུ་བའི་གོ་རིམ་དཔྱད་གཞིར་བྱས་ཏེ་ཡོངས་བསྒྲགས་གདན་ཞུ་བྱས་ན་འགྲིག་ལ་ཆ་རྐྱེན་འཛོམས་པའི་མི་སྣའི་ནང་ནས་ཐད་ཀར་འདེམས་བསྐོ་བྱས་ནའང་འགྲིག
  ལས་ཁུངས་སུ་གཞུང་ལས་པ་གདན་བསྐོ་བྱེད་སྐབས་གཏན་འབེབས་བྱས་པའི་སྒྲིག་གྲངས་ཀྱི་ཚད་གཞི་དང་གླ་ཕོགས་འགྲོ་གྲོན་གྱི་ཚད་གཞིའི་རྒྱས་བཅད་ནང་ཁོངས་སུ་བྱ་དགོས།
  དོན་ཚན་གོ་བདུན་པ། ལས་ཁུངས་སུ་གཞུང་ལས་པ་གདན་བསྐོ་བྱེད་སྐབས་འདྲ་མཉམ་རང་མོས་དང་གྲོས་མོལ་གཅིག་མཐུན་གྱི་རྩ་དོན་ལྟར་ཡིག་ཐོག་ནས་གདན་བསྐོའི་གན་རྒྱ་བཞག་སྟེ་ལས་ཁུངས་དང་གདན་བསྐོ་བྱས་པའི་གཞུང་ལས་པ་ཕྱོགས་གཉིས་ཀའི་ཁེ་དབང་དང་འོས་འགན་གཏན་འཁེལ་བཟོ་དགོས། གདན་བསྐོའི་གན་རྒྱ་དེ་ཕྱོགས་གཉིས་ཀ་གྲོས་མོལ་གཅིག་མཐུན་བྱུང་རྗེས་འགྱུར་བ་གཏོང་བའམ་མེད་པ་བཟོ་ཆོག
  གདན་བསྐོའི་གན་རྒྱ་འཇོག་པ་དང་། འགྱུར་བ་གཏོང་བ། མེད་པ་བཟོ་བ་བཅས་བྱེད་སྐབས་རིམ་པ་གཅིག་མཚུངས་ཀྱི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་ཐོ་འབུལ་དགོས།
   དོན་ཚན་གོ་བརྒྱད་པ། གདན་བསྐོའི་གན་རྒྱའི་ནང་གན་རྒྱའི་དུས་བཅད་དང་། ལས་གནས་དང་དེའི་འགན་འཁྲིའི་ཐད་ཀྱི་བླང་བྱ། དེ་བཞིན་གླ་ཕོགས། ཕན་བདེ། འགན་བཅོལ་གྱི་ཐོབ་ཐང་། གན་དོན་ལས་འགལ་ན་འགན་འཁྲི་ཇི་ཡོད་སོགས་ཀྱི་ནང་དོན་ཡོད་དགོས།
  གདན་བསྐོའི་གན་རྒྱའི་དུས་བཅད་ནི་ལོ་གཅིག་ནས་ལོ་ལྔའི་བར་ཡིན། གདན་བསྐོའི་གན་རྒྱའི་ནང་ཚོད་ལྟའི་དུས་ཚོད་བཟོ་དགོས་པ་དང་ཚོད་ལྟའི་ནི་ཟླ་གཅིག་ནས་དྲུག་བར་ཡིན།
  གདན་བསྐོ་བྱས་པའི་གཞུང་ལས་པར་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་གྲོས་མོལ་གླ་ཕོགས་ལམ་ལུགས་ལག་བསྟར་བྱ་དགོས། ཞིབ་ཕྲའི་བྱ་ཐབས་རྣམས་ཀྲུང་དབྱང་གི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་ནས་གཏན་འབེབས་བྱ་རྒྱུ།
  དོན་ཚན་གོ་དགུ་བ། ལས་ཁུངས་ཀྱིས་བཅའ་ཁྲིམས་འདི་དང་གདན་བསྐོའི་གན་དོན་བཞིན་གཞུང་ལས་པར་དོ་དམ་བྱ་དགོས།
  དོན་ཚན་བརྒྱ་ཐམ་པ། རྒྱལ་ཁབ་ཀྱིས་མི་དོན་རྩོད་གཞི་འདུམ་གཅོད་ལམ་ལུགས་འཛུགས་རྒྱུ།
  མི་དོན་ཐད་ཀྱི་རྩོད་གཞི་འདུམ་གཅོད་བྱེད་སྐབས་ཁྲིམས་མཐུན་དང་། དྲང་གཞག་དུས་ཐོག་བཅས་ཀྱི་སྒོ་ནས་ཐག་གཅོད་བྱེད་པའི་རྩ་དོན་ལྟར་ཁྲིམས་ལུགས་གཞིར་བཟུང་ཟློས་གྱར་ཕྱོགས་གཉིས་ཀའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་དགོས།
  མི་དོན་རྩོད་གཞི་འདུམ་གཅོད་ཨུ་ཡོན་ལྷན་ཁང་དེ་དགོས་མཁོར་གཞིགས་ནས་འཛུགས་དགོས། མི་དོན་རྩོད་གཞི་འདུམ་གཅོད་ཨུ་ཡོན་ལྷན་ཁང་དེ་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་འཐུས་མི་དང་། གདན་ཞུ་བྱེད་མཁན་ལས་ཁུངས་ཀྱི་འཐུས་མི། གདན་བསྐོ་ལམ་ལུགས་ཀྱི་གཞུང་ལས་པའི་འཐུས་མི། བཅའ་ཁྲིམས་ཀྱི་ཆེད་ལས་མཁས་ཅན་བཅས་ལས་གྲུབ་དགོས།
  གདན་བསྐོ་ལམ་ལུགས་ཀྱི་གཞུང་ལས་པ་དང་ལས་ཀ་བྱ་ཡུལ་ལས་ཁུངས་དབར་གདན་བསྐོའི་གན་རྒྱ་ལག་བསྟར་བྱེད་ཕྱོགས་ཐད་རྩོད་གཞི་བྱུང་ཚེ་རྩོད་གཞི་བྱུང་བའི་ཉིན་དྲུག་ཅུའི་ནང་ཚུན་དུ་མི་དོན་རྩོད་གཞི་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་འདུམ་གཅོད་ཡོང་རེ་ཞུས་ན་འགྲིག འདུམ་གཅོད་བྱས་འབྲས་ལ་དོ་བདག་བློ་མོས་མ་བྱུང་ཚེ་འདུམ་གཅོད་ཡི་གེ་ལག་འབྱོར་བྱུང་བའི་ཉིན་བཅོ་ལྔའི་ནང་ཚུན་དུ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ན་     འགྲིག བར་འདུམ་འཁྲུན་ཐག་བཅད་དོན་དངོས་སུ་གོ་ཆོད་པའི་རྗེས་དོ་བདག་ཕྱོགས་གཅིག་ནས་དེ་ལག་བསྟར་མ་བྱས་ཚེ་དོ་བདག་ཕྱོགས་གཞན་པ་དེས་མི་དམངས་ཁྲིམས་ཁང་ལ་ལག་བསྟར་བྱེད་དུ་འཇུག་རྒྱུའི་རེ་འདུན་ཞུས་ན་འགྲིག
  ལེའུ་བཅུ་བདུན་པ། ཁྲིམས་འབྲེལ་འགན་འཁྲིའི་སྐོར།
  དོན་ཚན་བརྒྱ་དང་གཅིག བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་བའི་གཤམ་གསལ་གནས་ཚུལ་གང་རུང་ཞིག་ཐོན་ཚེ་རྫོང་རིམ་ཡན་གྱི་འགོ་ཁྲིད་ལས་ཁུངས་སམ་ཡང་ན་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དོ་དམ་གྱི་དབང་ཚད་གཞིར་བཟུང་གནས་ཚུལ་མི་འདྲ་བར་གཞིགས་ཏེ་ཁག་སོ་སོར་ཡོ་བསྲང་བྱེད་དུ་འཇུག་རྒྱུའམ་ཡང་ན་རྩིས་འགྲོ་མེད་པའི་ཁྱབ་བསྒྲགས་བྱ་རྒྱུ་དང་། འགན་འཁྲི་ཡོད་མཁན་གྱི་འགོ་ཁྲིད་དང་ཐད་     ཀར་འགན་འཁྲི་ཡོད་མཁན་མི་སྣར་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་སྐྱོན་བརྗོད་སློབ་གསོའམ་ཆད་པ་གཅོད་རྒྱུ་དང་ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལུགས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
  (གཅིག) གཞུང་ལས་པ་བསྡུ་བ་དང་། ལས་འགན་གསར་པ་སྤྲོད་པ། གཞན་དུ་ལས་གནས་སྤྲོད་པ། གདན་བསྐོ་དང་གནས་སྤར་བྱེད་པ་སོགས་སྒྲིག་གྲངས་ཀྱི་རྒྱས་བཅད་དང་། གནས་གྲངས་སམ་ཡང་ན་ལས་གནས་འཛིན་པའི་ཐོབ་ཐང་དང་ཆ་རྐྱེན་བཅས་པ་ལྟར་མི་བྱེད་པ་དང་།
  (གཉིས།) གཞུང་ལས་པར་བྱ་དགའ་ཆད་གཅོད་དང་། གཡོལ་དུ་འཇུག་པ། རྒན་ཡོལ་ཞུ་འཇུག་པ་སོགས་གཏན་འབེབས་བྱས་པའི་ཆ་རྐྱེན་ལྟར་མི་བྱེད་པ།
  (གསུམ།) གཞུང་ལས་པ་བསྡུ་བ་དང་། ལས་འགན་གསར་བ་སྤྲོད་པ། གཞན་དུ་ལས་གནས་སྤྲོད་པ། གདན་བསྐོ་བྱེད་པ། གནས་སྤར་བྱེད་པ། ལས་གནས་འགྲན་འཁུར་དང་། ཡོངས་བསྒྲགས་གདམ་གསེས་གནས་སྤོར། དེ་བཞིན་དཔྱད་བསྡུར། བྱ་དགའ་ཆད་གཅོད་བཅས་གཏན་འབེབས་བྱས་པའི་གོ་རིམ་ལྟར་མི་བྱེད་པ།
  (བཞི།) རྒྱལ་ཁབ་ཀྱི་གཏན་འབེབས་དང་རྒྱབ་འགལ་གྱིས་གཞུང་ལས་པའི་གླ་ཕོགས་དང་། ཕན་བདེ། འགན་བཅོལ་བཅས་ཀྱི་ཐོབ་ཐང་ཚད་གཞིར་འགྱུར་ལྡོག་གཏོང་བ།
  (ལྔ།) བསྡུ་སྤྱོད་དང་། ལས་གནས་འགྲན་འཁུར། ཡོངས་བསྒྲགས་གདམ་གསེས་གནས་སྤར་བཅས་བྱེད་པའི་ཡིག་ཚད་ཀྱི་གསང་བ་ཕྱིར་གྱར་དང་། རྒྱུགས་རའི་སྒྲིག་ཁྲིམས་དང་འགལ་བ། དེ་བཞིན་ཡོངས་བསྒྲགས་དང་དྲང་གཞག་བྱ་རྒྱུར་ཤུགས་རྐྱེན་ཚབས་ཆེ་བཟོ་བ།
  (དྲུག) གཞུང་ལས་པའི་བསྐྱར་ཞུ་དང་ཐེར་འཛུགས་བྱས་རིགས་གཏན་འབེབས་ལྟར་བདག་སྤྲོད་དང་ཐག་གཅོད་མི་བྱེད་པ།
  (བདུན།) བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་བའི་གནས་ཚུལ་གཞན་དག་བཅས་ཡིན།
   དོན་ཚན་བརྒྱ་དང་གཉིས་པ། ལས་ཞབས་དགོངས་ཞུ་དང་རྒན་ཡོལ་ཞུས་པའི་གཞུང་ལས་པ་དེ་སྔ་འགོ་ཁྲིད་ཡིན་ཕྱིན་ལས་གནས་ནས་ཁ་བྲལ་ཏེ་ལོ་གསུམ་ནང་ཚུན་དང་དེ་མིན་གཞུང་ལས་པ་ལས་གནས་ནས་ཁ་བྲལ་ནས་ལོ་གཉིས་ནང་ཚུན་དུ་དེ་སྔའི་ལས་ཀ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཁེ་ལས་སམ་ཡང་ན་ཁེ་གཉེར་རང་བཞིན་གྱི་ཚོགས་པའི་ནང་གོ་གནས་འཛིན་མི་ཆོག་པ་དང་དེ་སྔའི་ལས་ཀ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཁེ་གཉེར་རང་     བཞིན་གྱི་བྱེད་སྒོ་སྤེལ་མི་ཆོག
  གཞུང་ལས་པ་ལས་ཞབས་ནས་དགོངས་ཞུ་དང་རྒན་ཡོལ་ཞུས་རྗེས་གོང་གསལ་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ཡོད་ཚེ་དེ་སྔའི་ལས་ཀ་བྱེད་སའི་ལས་ཁུངས་དང་རིམ་པ་གཅིག་མཚུངས་ཀྱི་གཞུང་ལས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དུས་བཀག་ནང་ཡོ་བསྲང་བྱེད་རྒྱུའི་བཀའ་གཏོང་དགོས་པ་དང་། དུས་བཀག་ཐིམ་ཡང་ཡོ་བསྲང་མི་བྱེད་པའི་རིགས་ལ་རྫོང་རིམ་ཡན་གྱི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ནས་མི་དེས་ལས་གཉེར་བྱས་     པའི་རིང་བྱུང་བའི་ཁྲིམས་འགལ་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་མ་ཟད་མི་དེ་ལས་ཀར་འཇུག་མཁན་ཚན་པར་མི་དེ་ཕྱིར་སློག་བྱེད་དུ་འཇུག་རྒྱུའི་བཀའ་གཏོང་དགོས་པ་དང་འབྲེལ་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ཏེ་ལས་ཀར་འཇུག་མཁན་ཚན་པར་མི་དེའི་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་འགེལ་རྒྱུ།
  དོན་ཚན་བརྒྱ་དང་གསུམ་པ། ལས་ཁུངས་ཀྱིས་མི་དོན་བྱེ་བྲག་ཐག་གཅོད་བྱེད་ནོར་ཤོར་བའི་དབང་གིས་གཞུང་ལས་པར་མིང་ཆད་ངན་པ་བྱུང་ཚེ་དགོངས་དག་ཐུགས་བདེན་ཞུ་བ་དང་དཀར་འདོན་བྱས་ཏེ་མིང་ཆད་སེལ་དགོས་པ་དང་། དཔལ་འབྱོར་གྱི་གྱོང་གུན་ཆགས་རིགས་ཁྲིམས་ལུགས་ལྟར་སྐྱིན་ཚབ་སྤྲོད་དགོས།
  དོན་ཚན་བརྒྱ་དང་བཞི་བ། གཞུང་ལས་པའི་གཙོ་གཉེར་སྡེ་ཚན་གྱི་ལས་དོན་མི་སྣས་བཅའ་ཁྲིམས་འདི་དང་རྒྱབ་འགལ་གྱིས་དབང་ཆ་གང་བྱུང་དུ་སྤྱོད་པ་དང་། རང་འགན་ཟོལ་འཇོག ཉེ་དགའ་ཕྱོགས་ལྷུང་སོགས་བྱས་ནས་ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་ལུགས་གཞིར་བཟུང་ཉེས་འགན་བདའ་འདེད་གཏོང་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་མེད་ན་དེ་དོན་ཉེས་ཆད་གཅོད་རྒྱུ།
  ལེའུ་བཅོ་བརྒྱད་པ། ཞར་བྱུང་དོན་ཚན།
  དོན་ཚན་བརྒྱ་དང་ལྔ་བ། བཅའ་ཁྲིམས་འདིའི་ནང་གསལ་བའི་འགོ་ཁྲིད་རིགས་ཞེས་པ་ནི་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣར་ཟེར་བ་ལས་ལས་ཁུངས་ནང་ཁོངས་ཀྱི་ཚན་པའི་ལས་སྣེ་ཚུད་མེད།
  དོན་ཚན་བརྒྱ་དང་དྲུག་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་འགན་དབང་སྤྲད་པའི་སྤྱི་དོན་དོ་དམ་གྱི་འགན་དབང་ཡོད་པའི་བྱ་ལས་ཚན་པའི་ནང་གི་ཞབས་ལས་པ་རྣམས་ཕུད་པའི་ལས་དོན་མི་སྣ་རྣམས་ཆོག་མཆན་ཐོབ་པ་བརྒྱུད་བཅའ་ཁྲིམས་དཔྱད་གཞིར་བཟུང་ནས་དོ་དམ་བྱེད་རྒྱུ།
  དོན་ཚན་བརྒྱ་དང་བདུན་པ། བཅའ་ཁྲིམས་འདི2006ལོའི་ཟླ1པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས1957ལོའི་ཟླ10བའི་ཚེས23ཉིན་ཆོག་མཆན་སྤྲད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས1957ལོའི་ཟླ10བའི་ཚེས26ཉིན་སྤྱི་བསྒྲགས་བྱས་པའི«རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་ལས་དོན་མི་སྣའི་བྱ་དགའ་ཆད་གཅོད་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་       གནས་སྐབས་ལག་བསྟར་གཏན་འབེབས»དང1993ལོའི་ཟླ8པའི་ཚེས14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་བསྒྲགས་བྱས་པའི«རྒྱལ་ཁབ་ཀྱི་གཞུང་ལས་པའི་གནས་སྐབས་ལག་བསྟར་སྲོལ་ཡིག»དེ་དུས་མཉམ་དུ་རྩིས་མེད་གཏོང་རྒྱུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1