༄༅།། འཚུབ་ཆ།
རམས་ཚེ་བྷོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-04
དེ་རིང་གི་འཚུབ་ཆ་གློ་བུར་བ་དེས་ངའི་སྙིང་ལ་ཙག་ཤེད་ཅིག་བརྒྱུགས་སུ་བཅུག ཡིད་ལ་ཞེད་སྣང་དང་འཇིགས་སྣང་། སྐྲག་སྣང་དང་འགྱོད་སྣང་། སྡུག་སྣང་དང་སུན་སྣང་ཅི་ཡིན་མི་ཤེས་པར་ལུས་ཀྱི་སྤུ་ཁུང་རེ་རེར་འདར་སྣང་ཞིག་སྐྱེས་པས་དེ་རིང་ང་ཤིན་ཏུ་ནས་སྐྲག་བྱུང་། ངོ་མ་སྐྲག་བྱུང་། དོ་དགོང་ཕལ་ཆེར་གཉིད་མི་འོང་ཁོ་ཐག་ཡིན།
ཏག་ཏག་སྐབས་དེ་ལ། བུ་མོས་བདག་གི་ཀུ་ཤུ་རྟགས་ཅན་གྱི་ལག་ཁྱེར་ཁ་པར་དེ་ནམ་འཁྱེར་འདི་འཁྱེར་མི་ཤེས་པར། འབོལ་ཁྲིའི་གྲུ་ལོགས་ན་ཐབ་གཉའི་ཞི་མི་སྟག་རིལ་མ་ཙོག་ལུགས་ལྟར་ཁ་པར་གྱི་ངོར་ཅེར་འདུག ཆུང་མས་བདག་གི་མིག་འོད་དེ་མཐོང་འཕྲལ་བུ་མོར་ཤ་གཅུ་ཞིག་བརྒྱབ་རུང་། མོ་ལ་ཚོར་བ་ཅི་ཡང་མེད་པར་ཁ་པར་ནང་འཁྲུལ་འདུག ང་ཕར་བརྒྱུགས་སོང་སྟེ་བུ་མོའི་སྐྲ་ལོ་ནས་བཟུང་སྟེ་འགྲམ་ལྕག་ཁ་ཚ་བ་ཞིག་སྟེར་འདོད་ནའང་། འབོལ་ཁྲིའི་དཀྱིལ་ན་ཧོར་འདུག་ཏུ་སྡོད་པའི་ཕ་རྒན་གྱིས་བརྙན་འཕྲིན་ལ་ལྟ་ཁུལ་གྱིས་ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ་ཞེས་ཁ་ཏོན་ཟློ་བའི་སྐད་གསེང་ཇེ་མཐོ་རུ་གྱུར་བས། བདག་གི་སྤར་ཁ་རིམ་གྱིས་མི་ཀློད་ཀ་མེད་བྱུང་།
ཁྱིམ་བདག་ཅིག་ལ་མཚོན་ན། དེ་རིང་གི་འཚུབ་ཆ་འདི་སྔ་མོ་ནས་སྐྱེས་ཡོད་ན་ཅི་མ་རུང་། ད་ནི་ཡོད་ཚད་འཕྱིས་དྲགས་སོང་བ་འདྲ། མ་གཞི་བདག་གི་བུ་མོས་ད་ལོར་མཐོ་རྒྱུགས་ལེན་རྩིས་ཡོད་ལ། མཐོ་རྒྱུགས་ལེན་པའི་ཉི་མ་དེ་རིང་ནས་བརྩིས་ན་ཏན་ཏན་ཉི་མ་ཉིས་བརྒྱ་ལས་མེད། དེ་ལས་མཚན་མོའི་ངལ་གསོ་ཕུད་རྗེས་དུས་ཚོད་ཉིས་སྟོང་ལྔ་བརྒྱ་ཡོད། དེའི་ཁར་དུས་ཆེན་དང་གཟའ་ཉི་མ་སོགས་འཐེན་རྗེས་དུས་ཚོད་ཆིག་སྟོང་ལྷག་ལས་མི་འདུག སློབ་མའི་ཉིན་གཅིག་གི་རྩེད་འཇོ་དང་ཟ་མ་བཟའ་བའི་དུས་ཚོད་ཕུད་རྗེས་དུས་ཚོད་ཆིག་སྟོང་རྐྱང་རེད།
དགེ་རྒན་གྱི་བསླབ་ཚན་རེ་རེ་དུས་ཚོད་ལྟར་བགོས་རྗེས་བོད་ཡིག་སློབ་སྦྱོང་གི་དུས་ཚོད་རྐྱང་བ་དུས་ཚོད་བརྒྱ་ལས་མི་འདུག སློབ་གྲོགས་ཚོ་བོད་ཡིག་སློབ་པར་སུན་སྣང་དང་རྣམ་གཡེང་གི་སྐར་ཆ་འཕྲི་རྗེས་ད་ནི་བོད་ཡིག་སློབ་པའི་དུས་ཚོད་གཟའ་འཁོར་གཅིག་ལས་མི་འདུག བདག་གི་བུ་མོར་ཆ་མཚོན་ན་ཆུང་དུས་ནས་གྲོང་ཁྱེར་དུ་ནར་སོན་པས། བོད་ཡིག་གི་ཆུ་ཚད་ཞན་དྲགས་པ་དང་བོད་རིགས་སློབ་མས་བོད་ཡིག་གི་སྐར་གྲངས་མཐོན་པོ་ཞིག་ལེན་མ་ཐུབ་ཚེ་ཐད་ཀར་བསྡོམས་སྐར་དང་འབྲེལ་བ་ཡོད་པས་ཅིས་ཀྱང་བོད་ཡིག་ལ་ཧུར་བརྩོན་བྱེད་དགོས།
རེད། ཉི་མ་བདུན་རེད། ང་རང་འཚུབ་ཆ་ལངས་ཏེ་ཞིང་ལྗོངས་ལྔའི་བསླབ་གཞི་སྒྲིག་བསྒྱུར་ཁང་ནས་བསྒྲིགས་པའི་《མཐོ་རྒྱུགས་དྲི་བ་ཀུན་གསལ་མེ་ལོང་།》ཞེས་པའི་བོད་ཡིག་སྦྱང་གཞི་དེར་ལྟོས་ཞེས་བུ་མོར་ཡང་ཡང་བསྐུལ་བ་ན། བུ་མོས་གླད་སྒྱིངས་དང་བཅས་ཕ་རྒན་གྱི་ཕག་ནས་ཡར་ལངས་འདོད་མི་འདོད་པར་ངའི་ལག་གི་སྦྱང་དེབ་ཚུར་ལེན་རྩིས་བྱེད་སྐབས་བར་ལ་དུས་ཚོད་སྐར་ཆ་བཅུ་ཙམ་འགོར་སོང་། བུ་མོའི་ཉིན་གཅིག་གི་བོད་ཡིག་སྦྱང་བའི་སྐར་ཆ་བཅུ་ཨ་ཕའི་རྒྱབ་ལོགས་སུ་རང་གི་མིག་ཟུང་ཕུར་ཙམ་གྱིས་ཡལ་སོང་། འོན་ཀྱང་ང་རང་ཆེས་སྐྲག་ས་ནི་དེ་རིང་བུ་མོའི་བོད་ཡིག་སྦྱང་བའི་དུས་ཚོད་སྐར་མ་བཅུ་ཐམ་པ་ཆུད་ཟོས་སུ་བཏང་ཟིན་པ་དེ་མ་ཡིན། གྲོང་ཁྱེར་གྱི་བྱིས་པར་ཆེས་སྐྲག་ས་ཞིག་ཡོད་པ་ནི་བརྙན་འཕྲིན་དང་ཁ་པར་གཉིས་རེད། ལྷག་པར་དུ་སྐད་འཕྲིན་དང་འཕྲིན་ཕྲན་ནི་དུས་ཚོད་འཕྲོ་བརླག་ཏུ་གཏོང་བའི་བདུད་དཔོན་ངོ་མ་ཞིག་རེད་ཨང་།
དེ་རིང་ནི་རྒྱལ་སྟོན་དུས་ཆེན་གྱི་ཉིན་མོ་སྟེ། རྒྱལ་ཡོངས་རིགས་སོ་སོར་དུས་སྟོན་ལ་རོལ་བའི་ཉིན་མོ་རེད། ཕལ་ཆེར་བུ་མོའི་སེམས་ནའང་གནས་ལུགས་དེ་ཡོད་སྲིད། གང་ལྟར་ཉིན་གཅིག་གི་གནང་བ་དང་ངལ་གསོ་བར་ལྷོད་གཡེང་བྱས་ཆོག་མོད། དུས་ཚོད་ནི་ནམ་ཡང་ཕྱིར་མི་ལྡོག་པའི་རྒྱང་བཞུད་ཀྱི་མགྲོན་པོ་ཞིག་ཡིན་པས། སུས་ཀྱང་འགོག་ཐབས་མེད་ཅིང་སུ་ལའང་ཞེན་ཆགས་མེད། སྙིང་རྗེ་བྲལ་བའི་དུས་ཚོད་ཀྱི་མདུན་དུ་དཔོན་པོས་ངོ་སོ་སྟོན་རྒྱུ་མེད་ལ། ཕྱུག་པོས་བསླུ་ཉོ་བྱེད་ཐབས་བྲལ་བས། ད་ནི་ང་རང་ཤིན་ཏུ་སྐྲག་ཅིང་ཤིན་ཏུ་ནས་བྲེལ་ཤ་ལངས་པ་ཞིག་རེད།
ནུབ་ཚ་འཐུང་སྐབས། ཆུང་མས་སྐད་འཕྲིན་ཕྲན་བུ་ཞིག་གི་ནང་དོན་སྙིང་བསྡུས་ཤིག་བདག་ལ་བསྟན་པ་ན། ང་ཤིན་ཏུ་ནས་འཚུབ་ཆ་ལངས་པའི་ཁར་སྙིང་རླུང་སྟོད་ལ་འཚང་སྟེ་འོ་ཇ་དཀར་ཡོལ་གང་འཐུང་འདོད་ཀྱི་ཡི་གའང་གཏོང་ཆད་དུ་གྱུར། སྐད་འཕྲིན་དེའི་ནང་དུ་ད་ལོར་རང་རྫོང་གི་མཐོ་རྒྱུགས་སློབ་མ་བསྡུ་ཚད་ཀྱི་གྲངས་འབོར་དང་བོད་རིགས་སློབ་མ་བསྡུ་ཚད་ཀྱི་གྲངས་ཀར་དབྱེ་ཞིབ་མཛད་པ་ཞིག་རེད། ཅི་འདྲའི་གདུག་རྩུབ་ཀྱི་འགྲན་རྩོད་ཅིག ཅི་འདྲའི་འདྲ་མཉམ་གྱི་རྩིས་ཐོ་ཞིག ཅི་འདྲའི་སེམས་ཚེགས་ཀྱི་ལས་སྨོན་ཞིག ང་ཡུན་རིང་ལ་འདང་རྒྱག་གི་ནང་དུ་ལྷུང་།
དེ་བས་ཀྱང་འདང་མི་དཔོག་པ་ཞིག་ཡོད་པ་ནི། ང་ཚོས་ནུབ་འཚལ་འཐུང་སྐབས་བདག་གིས་མཐོ་རྒྱུགས་ལ་རན་པའི་དུས་ཚོད་ཀྱི་རིང་ཐུང་དང་རིན་ཐང་གླེང་སྐབས། ཕ་རྒན་གཙོ་བྱས་ཆུང་མ་དང་བུ་མོ་གསུམ་པོས་མགྲིན་གཅིག་ཏུ་ད་དུང་མཐོ་རྒྱུགས་ལ་ལོ་གཅིག་གི་དུས་ཚོད་ཡོད་པས་ཁྱོད་རང་འཚུབ་ཆ་ལངས་དགོས་དོན་མེད་ཟེར།
ཨ་ཕ་ན་རེ་གླེན་རྒན། ཁྱོད་ཀྱིས་གླེན་བཤད་མ་རྒྱག་ཟེར།
ཆུང་མས་ཧབ་དགོད་དང་བཅས་ཁྱོད་ཀྱིས་མཁས་རྟགས་མ་སྟོན། དེ་རིང་ཉིས་སྟོང་བཅོ་ལྔ་ལོའི་རྒྱལ་སྟོན་དུས་ཆེན་ཡིན་པ་ལས། ཉིས་སྟོང་བཅུ་དྲུག་ལོའི་ལྔ་གཅིག་དུས་ཆེན་མ་རེད་ཟེར།
བུ་མོས་ད་ནི་རང་ལ་ལའང་གནས་ལུགས་ཤིག་འདྲེན་རྒྱུ་ཡོད་ཚུལ་གྱིས་ང་ཚོའི་སློབ་གྲྭ་ན་བོད་ཡིག་གི་ཆུ་ཚད་བདག་ལས་དམན་པའི་སློབ་གྲོགས་ཀྱང་གང་མང་ཡོད་ཅེས་བཤད་པ་ན། ང་རང་ཡིད་གཏིང་ནས་ཆད་དེ་མོར་འགྲམ་ལྕག་ཅིག་གཞུ་བསམས་ཀྱང་། ཨ་ཕའི་མ་ཎི་ཟློ་བའི་སྐད་གསེང་ཡང་བསྐྱར་ཇེ་མཐོ་རུ་གྱུར་བས་བདག་གིས་བུ་མོར་མིག་ལོག་ཅིག་བལྟས་པ་ལས་ཐབས་ཟད།
དྲ་མའི་ཕྱི་རོལ་ན་སྟོན་རླུང་འཇམ་པོ་སིར་སིར་ལྡང་བ་དང་། ལམ་འགྲོ་བ་མང་པོ་རྒྱ་ལམ་གྱི་ཕྱོགས་གཉིས་སུ་སོས་དལ་བག་ཕེབས་ཀྱིས་རྒྱུ་བ་མཐོང་བས། ངས་ད་གཟོད་དེ་རིང་ནི་བཅུ་པའི་རྒྱལ་སྟོན་དུས་ཆེན་ཡིན་པ་རྟོགས་ཤིང་ཡིད་སེམས་རེ་ཞིག་ལྷོད་ལ་འབབ་རྩིས་བྱས་མོད། ཡིན་ནའང་ཁྱིམ་གྱི་རྩིག་ངོས་སུ་བཀལ་བའི་དུས་ཚོད་འཁོར་ལོའི་ཐག་སྒྲ་དང་བུ་མོའི་སྒམ་བརླིང་གི་ཚིག་འབྲུ་དེ་ཐོས་འཕྲལ་བདག་སེམས་ཀྱི་འཚུབ་ཆ་དེར་ཅིས་ཀྱང་ཁ་ལོ་བྱེད་མ་ཐུབ།
ཐག ཐག ཐག
དུས་ཚོད་ཀྱི་ཐག་སྒྲ་དེར་ནམ་ཡང་བཏང་ལྷོད་མེད་པར་བར་མེད་དུ་འཁོར་བས་ན། བདག་སྙིང་གི་ལྟིག་སྒྲ་དེའང་འགོག་མེད་དུ་ཇེ་ཆེ་ནས་ཇེ་ཆེ་རུ་གྱུར། །
2015ལོའི་《གངས་ལྗོངས་ཉི་གཞོན།》དེབག6པ་ལས་བཤུས།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1